སློབ་གྲྭའི་གཏམ་རྒྱུད། ཁོན་ཐར་སྐྱིད།

རྩོམ་པ་པོ།:ཁོན་ཐར་སྐྱིད། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། ཁོན་ཐར་སྐྱིད།
འཛིན་གྲྭ། ལོ་རིམ་བདུན་པ། (11)།
    སློབ་གྲོགས་མང་པོ་ཞིག་གི་སེམས་སུ་རང་ཉིད་ཀྱི་ཕུགས་འདུན་དེ་སློབ་གྲྭའི་ནང་བདེ་བླག་ངང་མངོན་འགྱུར་བྱེད་ཐུབ་པའི་ཡིད་ཆེས་ཆེན་པོ་ཞིག་སྐྱེས་ཀྱིན་ཡོད་པ་རེད། འོན་ཀྱང་། སློབ་གྲྭའི་ཁོར་ཡུག་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་མི་མང་པོ་ཞིག་གིས་གྲུབ་པ་ཡིན་པས་རང་གིས་དཀའ་སྤྱད་འབད་འབུངས་སྒོས་སློབ་སྦྱོང་མ་བྱས་ཚེ་རང་གི་རེ་བ་མངོན་འགྱུར་བྱེད་རྒྱུ་ནི་དགོད་བྲོ་བའི་གཏམ་མོ།། སློབ་སྦྱོང་གི་འཚོ་བ་ནི་དགའ་སྐྱོ་ཆགས་སྡང་གིས་གྲུབ་པ་ཡིན་ལ་སློབ་གྲོགས་ཚོའི་འགྲན་རྩོད་ཀྱི་སྡང་སེམས་དང་། ཕྲག་དོག་གི་གནོད་སེམས། བདག་འཛིན་གྱི་ཧམ་སེམས་བཅས་ཀྱིས་སློབ་མ་ཞིག་གི་སེམས་ཁམས་ལ་དངོས་གནས་བཟོད་བསྲན་ཁག་པའི་ན་ཟུག་མང་པོ་ཞིག་བསྐྱེད་རུང་། རང་དང་འདྲ་བའི་སློབ་གྲོགས་དག་དང་ལྷན་དུ་མདུན་བསྐྱོད་མི་བྱེད་ག་མེད་རེད། སློབ་གཉེར་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་དང་སློབ་སྦྱོང་ལ་བཟང་བའི་སློབ་གྲོགས་ཡ་རབས་ཤིག་བྱེད་རྒྱུ་ནི་དེ་ལས་ཀྱང་སྒྲུབ་སླ་བ་ཞིག་མིན་པས་རང་གིས་རང་ལ་རེ་བ་ནན་མོ་འདོན་དགོས་ལ། རང་གིས་རང་ལ་འགན་ཁུར་ཆེན་པོ་ཞིག་མ་བཞག་པར་རྣམ་གཡེང་དང་ལེ་ལོ། སྒྱིད་ལུག་གི་སྒོ་ནས་དུས་འདའ་ཐབས་བྱས་ན་མ་འོངས་པའི་ཁྱོད་ནི་སློབ་གྲྭར་སོང་མ་མྱོང་བའི་མི་སྤྱིར་བཏང་བ་ཞིག་ལ་ཡང་མི་དོ་བ་རེད།
    སློབ་གྲོགས་ཁ་ཤས་ཤིག་ལ་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་འདུན་པ་ཆེ་བའི་དབང་གིས་ནམ་རྒྱུན་དགེ་རྒན་དག་གིས་གཟེངས་བསྟོད་བྱེད་ཀྱིན་ཡོད་ལ། སློབ་གྲོགས་ལ་ལ་ཞིག་ལ་རང་འགན་དང་ལེན་གྱི་སྙིང་སྟོབས་དང་སློབ་གཉེར་བརྩོན་ལེན་གྱི་ཕུགས་འདུན་མེད་པའི་རྐྱེན་གྱིས་དགེ་རྒན་དག་གིས་ནམ་ཡང་སློབ་གསོ་གཏོང་དགོས་པར་གྱུར། སློབ་གྲོགས་དག་གིས་ཡིད་ཆེས་དང་ཕ་མ་ཚོས་ཡིད་སྨོན་འཆོར་བ། དགེ་རྒན་ཀུན་གྱིས་ཁས་འཆེ་བྱེད་པའི་སློབ་གྲོགས་ཤིག་བྱེད་དགོས་ན་ནངས་སྔ་དགོང་འཕྱི་སྒོས་སློབ་སྦྱོང་ལ་འབད་པ་དང་རང་ནུས་གང་ཡོད་སྒོས་གཞན་དོན་ལ་སེམས་ཁུར་བྱེད་པའི་རྨང་གཞི་སྟེང་ནས་བྱུང་བ་ཡིན་པས་སློབ་གྲོགས་ཚོས་རང་མགོ་རང་གིས་མི་གཡོགས་པར་སློབ་སྦྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའོ།།
    འོན་ཀྱང་སློབ་གྲོགས་ཁ་ཤས་ཤིག་ལ་མཚོན་ན་སློབ་སྦྱོང་ནི་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་པས་སློབ་སྦྱོང་བྱེད་རྒྱུར་སུན་སྣང་སྐྱེས་ཏེ་འགྲོ་ཐབས་འདུག་ཐབས་སྒོས་སློབ་སྦྱོང་གི་རྣམ་པ་ཙམ་སྟོན་གྱིན་ཡོད་པ་མ་གཏོགས། དོན་དངོས་སུ་སློབ་སྦྱོང་ལ་ནུས་པ་གང་ཡང་འདོན་འདོད་མེད་པར་གྱུར་འདུག་པ་ཡང་རང་གིས་རང་ལ་གུ་ཡངས་དང་བག་གཡེང་གི་གོ་སྐབས་སྟེར་རྒྱུ་མང་དྲགས་སོང་བའི་དབང་གིས་ཡིན་པ་གོར་མ་ཆག།སློབ་སྦྱོང་མི་བྱེད་པ། སྒྲིག་ལམ་མི་བརྩི་བ། ཀུན་སྤྱོད་མི་ལེགས་པ་དག་གིས་སློབ་གྲྭ་ནི་སྡུག་གི་མཚོ་མོ་འཁྱིལ་ས་དང་སྐྱིད་ཀྱི་ཉི་མ་ནུབ་ས་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་རུང་། སློབ་གྲོགས་བྱིངས་ཀྱིས་དེ་ལྟར་བསམ་གྱིན་ཡོད་སྲིད་པ་མ་རེད། དེ་ནི་སློབ་སྦྱོང་ལ་སྐྲག་ཅིང་མཐུན་སྒྲིལ་ལ་གནོངས་པ། བྱས་འབྲས་ལ་ནོངས་འགྱོད་མེད་པའི་སློབ་གྲོགས་ལ་ལ་ཞིག་གི་ཐབས་ཟད་འུ་ཐུག་གི་སྤྱོད་ལམ་ལས་འགོས་པ་རེད། དེ་བས་སྤྱོད་ལམ་ངན་པ་འདི་སྔ་མོ་ནས་བཅོས་བསྒྱུར་བྱས་ཏེ་ཡང་བསྐྱར་རང་དང་གཞན་གྱི་ལས་དོན་ལ་སེམས་ཁུར་བྱེད་ཤེས་པའི་སློབ་མ་ཡ་རབས་ཤིག་བྱེད་པར་མགོ་རྩོམ་རྒྱུ་ནི་ཟློག་ཏུ་མེད་པའི་ལས་འགན་ནོ།།
    མདོར་ན། སློབ་གྲྭའི་འཚོ་བ་ནི་སྐྱིད་སྡུག་འདྲེས་མའི་ལོ་ཟླ་ཞིག་ཡིན་པས་ང་ཚོས་སྒྲིག་ལམ་བརྩི་སྲུང་དང་དགེ་རྒན་ལ་བརྩི་བཀུར། སློབ་གྲོགས་ལ་མཐུན་སྒྲིལ། ཕ་མ་ལ་གུས་བཀུར་བྱེད་པ་བཅས་ལས་གླེང་སློང་དགོས་ལ་རྒྱུན་སྐྱོང་དགོས་པ་ཞིག་ཀྱང་ཡིན་པས་སློབ་གྲོགས་དག་གིས་རིན་ཐང་ཆེ་བའི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་མ་འོངས་པའི་ཚུལ་ལྡན་གྱི་བདག་པོ་ཆུང་ཆུང་ཞིག་དང་ཤེས་ཡོན་ལྡན་པའི་འཇོན་ཐང་མི་སྣ་ཞིག་ཏུ་འགྱུར་བར་ནུས་པ་གང་ཡོད་འདོན་དགོས་པ་རེད།