སྦྲ་ནག རྡོ་རྗེ་མཚོ་མོ།

རྩོམ་པ་པོ།:རྡོ་རྗེ་མཚོ་མོ། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། རྡོ་རྗེ་མཚོ་མོ།
འཛིན་གྲྭ། ལོ་རིམ་བདུན་པ།(12)
    ང་ནི་རྩྭ་ཐང་དུ་ནར་སོན་པའི་འབྲོག་ཕྲུག་དཀྱུས་མ་ཞིག་ཡིན། མི་སུ་ཞིག་ཡིན་རུང་རང་གི་ཕ་ཡུལ་དེ་རུ་བརྗེད་མི་ཐུབ་པའི་གཏམ་རྒྱུད་མང་པོ་ཞིག་ཡོད་ལ་དྲིན་ལན་འཇལ་ཐབས་མེད་པའི་མི་ཡང་མོད་པོ་ཞིག་ཀྱང་ཡོད་སྲིད་པ་རེད། བུ་མོ་ང་ལ་མཚོན་ན་ཆེས་བརྗེད་དུ་མེད་པ་ནི་དབྱར་གསུམ་ཆར་རླུང་དང་ཚ་གདུག་གི་ཁྲོད་ནས་རྩྭ་ཐང་ལ་བཅངས་པའི་མདུད་རྒྱ་ཇེ་དམ་ནས་ཇེ་དམ་དང་། དགུན་གསུམ་ཁ་བ་དང་བུ་ཡུག་གི་གསེབ་ནས་རི་ལུང་ལ་གནང་བ་ཇེ་མང་དང་ཇེ་མང་ཡིན་པའི་སྦྲ་ནག་སྟེ་གངས་ཅན་བོད་མིའི་འཚོ་རྟེན་དེ་འབའ་ཞིག་གོ། མཐོ་སྒང་གི་ཁྱིམ་གཞི་དྲོན་མོ་སྟེ་སྦྲ་ནག་ལགས། ཁྱོད་ནི་རྩྭ་ཐང་གི་དཔའ་རྒོད་ཁེར་སྐྱེས་ཡིན། ཁྱོད་ནི་གངས་འདབས་ཀྱི་ཕ་ཁྱིམ་ཕྱུག་མོ་ཡིན། ཁྱོད་ནི་འཛམ་གླིང་གི་ཡང་རྩེ་རུ་སྟོབས་ཀྱིས་འགྱིངས་པའི་ངའི་སེམས་ཁོང་གི་གནས་མལ་འཛོམས་པོ་ཡིན། ནོར་ལུག་གི་རྦ་རླབས་ཁྲོད་ནས་ཁྱོད་ཀྱི་དགེ་མཚན་ཕྱོགས་སུ་རྒྱས། ཐབ་དུད་ཀྱི་སྨུག་ལོང་གསེབ་ནས་ཁྱོད་ཀྱི་གཏམ་རྒྱུད་ཀུན་ཏུ་ཁྱབ། གསར་རྙིང་གི་འགལ་འདུ་བར་ནས་ཁྱོད་ཀྱི་རིན་ཐང་འབུར་དུ་ཐོན། སྦྲ་ནག་ལགས།
   ཁྱོད་ཀྱི་རྫོངས་མཐུག་པོའི་རིག་གནས་ལས་ངས་མེས་པོ་དག་གི་བློ་རིག་གི་མཛད་རྗེས་དྲན་འོངས་ལ་ཁྱོད་ཀྱི་ངོ་མཚར་བའི་བྱུང་རིམ་ལས་ངས་ཡབ་མེས་གང་གི་ལོ་རྒྱུས་ཀྱི་རྒྱལ་ཕམ་རྟོགས་དགོས་སོང་། ཁྱོད་ཁ་བས་བསྣུབས་མ་མྱོང་། ཆར་བས་སྦངས་མ་མྱོང་། ལྷགས་པས་འཁུམས་མ་མྱོང་། ཚ་བས་འཚིག་མ་མྱོང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཁྱོད་དགོད་པ་ལས་ངུ་མི་སྲིད། དབྱར་དགུན་སྟོན་དཔྱིད་མེད་པར་ཁྱོད་འགྱིངས་པ་ལས་འགྱེལ་མི་སྲིད། མི་རབས་ནས་མི་རབས་བར་ཕ་རིང་ནས་བུ་རྒྱུད་བར་ཁྱོད་མེད་པའི་ལོ་ཟླ་འཁྱགས་སིབ་སིབ། ཁྱོད་ཡོད་པའི་དུས་ཚིགས་དྲོ་ལམ་ལམ། ཁྱོད་ཀྱི་པང་ནས་ཞོ་འོ་མའི་རྒྱ་མཚོ་ལྟེམས་སེ་ལྟེམས། གླུ་སྙན་མོའི་འགྱུར་ཁུགས་ལྷང་སེ་ལྷང་། ཕ་བླ་མའི་བསྟན་པ་ཁྱོད་ལས་དར་ཞིང་བུ་དཔའ་བོའི་བློ་སྤོབས་ཁྱོད་ཀྱིས་བསྐྱེད། བདེན་པའི་ལམ་བུ་དཀར་བོ་ཁྱོད་ལས་འཐེན། ཞི་བདེ་དར་ཆ་དཀར་བོ་ཁྱོད་ལས་བསླངས། མཐུན་པའི་བརྩེ་བ་དཀར་བོ་ཁྱོད་ལས་དྲན། སྦྲ་ནག་ལགས། ཁྱོད་ཀྱི་ཉམས་ལས་རྟོགས་མི་སྲིད་པའི་གསང་བ་མང་པོ་ཡོད་ལ་ཁྱོད་ཀྱི་སྟོབས་ལས་ཞུམ་མི་སྲིད་པའི་བདེན་པ་མང་པོ་ཡོད་པས་ཁྱོད་ནི་བོད་མགོ་ནག་པས་སྐྱབས་བཅོལ་ས་དང་བུ་ཚ་རབས་པས་རེ་འཇོག་ས་ཡིན་སྲིད་དགོས།
    སྦྲ་ནག་ལགས། ནམ་ཡང་མཐོ་སྒང་དུ་འགྲིབ་བ་མེད་པའི་ངའི་སེམས་ཁོང་གི་གཞིས་ཁྱིམ་དྲོན་མོ། ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན་དེ་ཁྱོད་ཡིན་ལ། རི་ལུང་པང་དུ་བཟུང་བའི་སྟོབས་ལྡན་བདག་པོ་དེ་ཡང་ཁྱོད་རང་ཡིན། རྗེ་བླ་མ་དབུས་ལ་འགྲོ་དུས་ཁ་ཕྱིར་འཁོར་ལྟ་ས་ཁྱོད་ཡིན་ལ། བུ་དཔའ་བོ་ལམ་དུ་ཆས་སྐབས་བློས་མི་ཆོད་དྲན་ཤིང་ཁྱོད་རང་ཡིན། མ་བུ་མོ་གནས་ལ་འགྲོ་དུས་འབྲལ་མི་ཕོད་དུང་བ་ཁྱོད་ཡིན་པས་ཁྱོད་ནི་མི་རིགས་ཤིག་གི་རིག་གནས་ཡིན། ཁྱོད་ནི་མི་རབས་ཤིག་གི་བློ་གྲོས་ཡིན། ཁྱོད་ནི་དུས་རབས་ཤིག་གི་དམག་སྒར་ཡིན། ཁྱོད་ནི་བྲིས་མི་ཚར་བའི་ལོ་རྒྱུས་ཡིན། ཁྱོད་ནི་གླེང་མི་ཚར་བའི་གནའ་གཏམ་ཡིན། སྦྲ་ནག་ལགས་ཁྱོད་ཀྱི་རུམ་ཀོང་ནས་ང་ཚོ་རྗེས་རབས་པའི་རྨི་ལམ་ཡོད། ཁྱོད་ཀྱི་བྱམས་བརྩེ་ལས་ང་ཚོ་གསར་སྐྱེས་པའི་ཁས་ལེན་ཡོད། ང་ཚོ་ལ་ངོམ་རྒྱུ་ཞིག་ཡོད་པ་ཁྱོད་ཡིན་ལ་ང་ཚོ་ལ་གླེང་རིན་ཞིག་ཡོད་པ་ཡང་ཁྱོད་རང་ཡིན། ཁྱོད་ནི་མུ་མེད་བྱང་ཐང་འདིའི་ས་འཛིན་གྱི་ཐོག་མ་དང་གཞི་འཛིན་གྱི་སྔ་བ་ཡིན་པ་བརྗེད་མི་སྲིད། དུས་ནམ་ཡང་བརྗེད་མི་སྲིད། འདོ་རིག་རྟ་ཕོའི་འཚེར་སྐད། གཡང་དཀར་ལུག་གི་འབའ་སྒྲ། ནག་མོ་ནོར་གྱི་ངུར་སྒྲ་འདི་དག་ཁྱོད་ལ་འཁྲེང་བའི་འབོད་སྐུལ་ཡིན། ང་ཚོས་དུས་ནམ་ཡང་ཁྱོད་ཀྱི་བཀའ་དྲིན་གཟེངས་སུ་བསྟོད་དགོས་ལ་ཁྱོད་ཀྱི་བྱས་རྗེས་ལ་ཡི་རངས་བྱེད་དགོས།