ང་ཡི་བླ་མ། རྡོ་རྗེ་རབ་འབྱོར།

རྩོམ་པ་པོ།:རྡོ་རྗེ་རབ་འབྱོར། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། རྡོ་རྗེ་རབ་འབྱོར།
འཛིན་གྲྭ། ལོ་རིམ་དགུ་བ།(7)
    མི་ཞིག་འཇིག་རྟེན་འདིར་སླེབས་མ་ཐག་ཆེས་ཐོག་མར་ཀྱ་ཙེ་གོམ་ཙེ་ལག་མགོར་ཁྲིད་དེ་སྨྲ་ཤེས་ཤིང་དོན་གོ་བར་བྱེད་པའི་དགེ་རྒན་ནི་རང་གི་དྲིན་ཆེན་གྱི་ཕ་མ་དང་། རིག་པའི་གནས་ལྔ་ཁྲིད་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཇི་ལྟར་བྱེད་པར་ཁྲིད་པའི་དགེ་རྒན་ནི་སློབ་གྲྭའི་ནང་གི་དགེ་རྒན་ཡིན་ནོ།།
    ང་རང་ལོ་དགུ་ལ་སློབ་གྲྭར་འགྲིམས། དགེ་རྒན་ཡང་དུ་མ་ཞིག་ལ་བསྟེན་ནས་རང་ཚོད་ཀྱིས་རིག་པའི་གནས་ལ་འབད་པ་བྱས་ཏེ་མ་འོངས་པ་ན་འཇོན་ཐང་ལྡན་པའི་མི་ཞིག་བྱེད་པའི་ཆེད་ལ་ནུས་པ་གང་ཡོད་བཏོན་པ་ཡིན། འོན་ཀྱང་ང་ལ་བག་ཆགས་ཟབ་མོ་ཞིག་འཇོག་མཁན་གྱི་དགེ་རྒན་ནི་གྱི་ལིང་འཇིགས་མེད་དམ་འཇིགས་མེད་རྒྱ་མཚོ་ལགས་ཡིན། རྒན་འཇིགས་མེད་ལགས་ནི་ད་ལྟ་བོད་གངས་ཅན་ནས་མིང་དུ་གྲགས་པའི་ཤེས་རིག་ནོར་བུའི་སློབ་གླིང་དུ་དགེ་རྒན་གྱི་འགན་བཞེས་ཏེ་མི་རིགས་སློབ་གསོའི་ལས་དོན་ཡར་རྒྱས་སུ་གཏོང་བཞིན་ཡོད་པ་རེད།
    ང་རང་སློབ་ཆུང་མཐར་ཕྱིན་རྗེས་ཤེས་རིག་སློབ་གླིང་དུ་སོང་བ་ཡིན། འདི་ཡང་ངས་སྐྱེ་བ་སྔ་མར་ཚོགས་བཟང་བོ་ཞིག་བསགས་པའི་རྐྱེན་གྱིས་ད་ལྟ་འདི་འདྲའི་བླ་ན་མེད་པའི་སློབ་དཔོན་མང་པོ་ཞིག་ལ་བསྟེན་ཐུབ་པར་གྱུར་བ་རེད། ལོ་ངོ་གཉིས་ཀྱི་རིང་ལ་དགེ་རྒན་གྱིས་ང་རང་ཁོང་གི་བྱིས་པ་བཞིན་བདག་སྐྱོང་བྱས་པ་མ་ཟད། བོད་ཡིག་གི་ཕྱོགས་ནས་སློབ་ཁྲིད་གཟབ་ནན་བྱས་པའི་སྟབས་ཀྱིས་ངས་བོད་ཡིག་གི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཞིག་བླངས་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ཨང་། ཡིན་ན་ཡང་དོན་དག་ག་གེ་མོ་ཞིག་གི་དབང་གིས་ང་རང་ཤེས་རིག་སློབ་གླིང་དང་ཁ་བྲལ་ཏེ་འགྲོ་སྐབས་རྒན་གྱི་ལིང་འཇིགས་མེད་མཆོག་གིས་ཁྱོའི་ཕ་རྒྱུད་རུས་པ་གསེར་ཡིན། མ་རྒྱུད་རུས་པ་དུང་ཡིན། ཁྱོས་ནམ་ཡང་ཁྱོད་རང་བོད་ཀྱི་བྱིས་པ་ཞིག་ཡིན་པ་གཏན་ནས་བརྗེད་མི་རུང་ལ་བོད་ཀྱི་རིག་གནས་ཀྱི་ཕྱོགས་ལ་འབད་པ་རྒྱུན་འཁྱོངས་བྱེད་རྒྱུ་ཡང་དེ་ལས་ཀྱང་བརྗེད་མི་རུང་ངོ་ཞེས་ཡང་ཡང་གསུངས་པ་ཡིན་པས་ངས་ཀྱང་རྒན་ལགས་ཀྱི་བཀའ་གསུངས་ཡིད་ལ་བཅངས་ཏེ་སློབ་སྦྱོང་ལ་འབད་པ་བྱེད་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་བཞག་པ་ཡིན།