རིག་པའི་དཔའ་བོ། རྡོ་རྗེ་བསམ་འགྲུབ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། རྡོ་རྗེ་བསམ་འགྲུབ།
འཛིན་གྲྭ། ལོ་རིམ་བདུན་པ། (4)
   དུས་རབས་ཉི་ཤུའི་དུས་མགོར་འུ་ཚང་གིས་རེ་ལྟོས་བྱེད་ཡུལ་དུ་གྱུར་བའི་དྲང་བདེན་གྱིས་ཕྱུག་པའི་སློང་མོ་བ། ཕོ་བྲང་དམར་བོའི་རྒྱལ་མཚན་གྱི་འོག་ནས་ལམ་དུ་ཆས་ཤིང་ཡར་ཀླུང་གཙང་བོའི་འགྲམ་ངོགས་བརྒྱུད་དེ་ཧི་མ་ལ་ཡའི་ཕར་ཕྱོགས་སུ་བསྐྱོད། དགེ་འདུན་ཆོས་འཕེལ། ཁྱོད་ནི་ཤེས་རབ་ཀྱི་དབང་ཕྱུག་དང་རིག་པའི་དཔའ་བོ། ལོག་རྟོགས་ཀྱི་འཁྲུལ་བ་སེལ་བའི་གནས་ལུགས་ཀྱི་རི་ཟོམ་ནས་འགྱིངས་པའི་ཕས་རྒོལ་གྱི་གངས་སེང་དཀར་མོ་ཡིན། འཛམ་གླིང་མཁས་པའི་ཁྱུ་མཆོག་ཁྱོད་ཡིན་པས་ཁྱེད་ཀྱི་བློ་གྲོས་ལས་བྱུང་བའི་གསུངས་རྩོམ་དག་གིས་དུས་རབས་ཉེར་གཅིག་པའི་གཞོན་ནུ་དག་ལ་ཞུམ་མེད་ཀྱི་སྤོབས་པ་དང་ཉམས་མེད་ཀྱི་སྟོབས་ཤུགས་བསྩལ་བྱུང་།
   སུག་བྲིས་ཀྱི་སྨྱུག་རྩེ་ལས་བརྡོལ་བའི་སྙན་ངག་གི་མཆི་མ། པུར་རྩེ་རྩེད་འཇོ་ལས་ཐོན་པའི་ཟ་འོག་གི་རི་མོ། འདི་དག་གིས་བོད་གངས་ཅན་གྱི་མི་རབས་གསར་བའི་སེམས་ཁོང་ལ་རྟག་བརྟན་གྱི་ལོ་རྒྱུས་གསར་བ་ཞིག་བྲིས་མྱོང་བ་ཡང་དགེ་ཆོས་ལགས་ཁྱོད་ཁོ་ན་ཡིན། རིག་པའི་རལ་གྲིས་དོགས་གཞིའི་མདུད་པ་བཅད། རིགས་ལམ་ཞིབ་མོས་བདེན་རྫུན་གྱི་དབྱེ་བ་དགར། ཤེས་རབ་ཀྱི་དཔའ་སྤོབས་ཀྱིས་མི་ཡུལ་ལ་སུས་ཀྱང་བཀོད་མ་མྱོང་བའི་རིག་པའི་ཞབས་རྗེས་གང་མང་བཀོད་པ་ནས་བཟུང་ཁྱོས་བོད་པའི་རིག་གཞུང་ལ་སྔ་ན་མེད་པའི་གསར་བརྗེ་ཐེངས་གཅིག་བྱས། ཕྲག་དོག་གི་གཡབ་མོས་ཁྱོད་ཀྱི་འགྲུལ་བཞུད་ལ་བར་ཆད་བཟོས ཞེ་སྡང་གི་ང་རོས་ཁྱོད་ཀྱི་བསམ་གཞིགས་ལ་ཕོག་ཐུག་བཏང་། ཞི་འཇམ་གྱི་གནས་མལ་ཞིག་ནས་ཐོས་བསམ་གྱི་སྟོབས་ཤུགས་རྒྱས་པའི་ཁྱོད་རང་སྡེ་འདིའི་མི་རབས་སྟོང་ཕྲག་དུ་མའི་ལས་སྐལ་ལ་བཟོ་བཅོས་བྱས་པ་བླ་ན་མེད། མུ་སྟེགས་པའི་ལྟ་བ་རྡུལ་དུ་བརླགས། མ་དག་པའི་ནོར་བ་མཐའ་ནས་སེལ། ཤེས་རྟོགས་ཀྱི་གཟི་བྱིན་རྒྱས་པའི་ཁྱོས་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བ་ལ་རིན་ཐང་གཞལ་དུ་མེད་པའི་རིག་གཞུང་གི་ཐང་མ་བརྡལ། མཁས་པའི་དབང་བོ། དུས་རབས་ཀྱི་དཔའ་བོ། ཞི་བའི་གོ་འཕང་བརྙེས་ཏེ་བདེ་བའི་ཞིང་དུ་བཞུད་ཤུལ་དུ་ང་ཚོ་ལ་འཛམ་གླིང་དུ་དཀོན་པའི་རིན་པོ་ཆེའི་ལྷུང་བཟེད་ཅིག་ཆག་པ་ལྟ་བུའི་འགྱོད་སྣང་རྫོགས་མཐའ་བྲལ།
   དགེ་ཆོས་ལགས། དེབ་དཀར་གྱི་བར་སྟོང་ནས་ངས་ལོ་རྒྱུས་གསེར་ཐང་གི་བསྔོ་སྨོན་ཁུར་ནས་ཁྱོད་ཕྱོགས་སུ་འགྲོ་གྲབས་བྱེད་དུས། ཁྱེད་ནི་ངའི་མིག་ལམ་དུ་མངོན་པའི་ཤེས་རིག་གི་འཇམ་དབྱངས་དེ་ཡིན་ལ་ཁྱོད་ནི་ངའི་སེམས་ཁོང་དུ་འཚོ་བའི་འགྲན་བྲལ་གྱི་མཁས་དབང་དེ་ཡིན་པ་སུ་ཡིས་རྟོགས། ཁྱོད་མེད་པའི་དབང་གིས་ང་ཚོའི་མ་དག་རྒྱུན་འབྱམས་ཀྱི་གོ་བ་བདེན་པར་རློམ་དགོས་ལ། ང་ཚོས་དག་མིན་ནོར་འཁྲུལ་གྱི་གཞུང་ལུགས་ལ་སྐྱབས་བཅོལ་བྱེད་དགོས་སོང་། སྔ་མ་སྐྱེས་དཔའ་ན་ཕྱི་མ་འཆི་ཁག་པའི་སྡོམ་ཚིག་འདིའི་འགག་སྒོ་ནས་ངས་ཁྱེད་ཀྱི་ཞལ་གདམས་དང་སྙན་ངག་ལ་སྡུག་གཏམ་མི་བརྗོད་ཐབས་མེད་བྱུང་། ངའི་སེམས་ཁོང་གི་འཛམ་གླིང་ཉི་མ་ཁྱོད་ཡིན་ལ་ངའི་ལས་དབང་གི་རིག་པའི་དབང་བོ་ཡང་ཁྱོད་ཉིད་ཡིན། དྷི་ཚ་ནས་ཆས་ཤིང་བླ་བྲང་དུ་བྱོན་པའི་ཁྱོད། སློང་མོ་བ་ཞིག་གི་སྣང་བརྙན་ཁུར་ནས་རྒྱ་གར་གྱི་ཡུལ་གྲུ་ཁག་ཏུ་མྱུལ་དུས། ཁྱོས་ནམ་ཡང་བརྗེད་ཐབས་མེད་པ་ཡང་ང་དང་རིགས་མཐུན་གྱི་སྤུན་ཟླ་དག་གི་མ་འོངས་པའི་བདེ་སྡུག་གི་ལོ་ཟླ་ཡིན་པ་སུ་ལ་བཤད། ཤེས་རིག་གི་བྲོ་ཁ་ཁུར་ནས་རང་ཡུལ་དུ་འབྱོར་དུས་ང་ལ་ཁྱེད་ལས་ལྷག་པའི་དགའ་བ་རྫོགས་མེད་ཅིག་ཡོད་ལ། ལུང་རིགས་ཀྱི་ལེགས་སྐྱེས་བསྣམས་ནས་ཕ་ཡུལ་ལ་ཐོན་དུས་ང་ལ་ཁྱེད་ལས་འཕགས་པའི་ཡིད་ཆེས་ཆེན་པོ་ཞིག་ཀྱང་ཡོད་སྲིད། མི་རིགས་འདི་རྗེས་ལུས་ཀྱི་དོང་ལས་འདྲེན་དགོས་ན་ཁྱོད་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དགོས་ཤིང་། ཕ་ཡུལ་འདི་འདྲ་མཉམ་གྱི་ཕྱོགས་སུ་བསྐྱོད་དགོས་ན་ཁྱོད་ཀྱི་དཔྱད་བརྗོད་ཀྱི་ལེགས་བཤད་ཅི་འདྲའི་མཁོ་བ་ལའང་། དགེ་འདུན་ཆོས་འཕེལ། ཁྱིམ་ཚང་ཉམ་ཆུང་ཞིག་གི་རིག་པའི་ཁྱེའུ་དཀར་བོ། མི་རབས་གཉོམ་པོ་ཞིག་གི་ལས་ཀྱི་མཁས་དབང་ཆེན་མོ།