ཚེ་འབར་གྱི་མར་མེ། ཨོ་རྒྱན་རྡོ་རྗེ།

རྩོམ་པ་པོ།:ཨོ་རྒྱན་རྡོ་རྗེ། 2018-11-01
མཚོ་སྔོན་པོ་དྲ་བ།
ཚེ་འབར་གྱི་མར་མེ།
           -----རྒན་རིན་ཆེན་ཉི་མར་ཕུལ་བ།
རུས་མིང་། ཨོ་རྒྱན་རྡོ་རྗེ།
འཛིན་གྲྭ། ལོ་རིམ་དགུ་བ།(3)
   དགེ་རྒན་ལགས་ཁྱེད་ཀྱི་མཁྱེན་རྒྱ་ནི་ནམ་མཁའ་ལས་ཁོད་ཡངས་ཤིང་རྒྱ་ཆེ་ལ་བྱམས་བརྩེ་ནི་གངས་རི་ལས་ཀྱང་མདོག་དཀར་ལ་དྲི་མ་མེད། གསེར་ནག་གི་རིལ་བུ་ལྟ་བུའི་གསུངས་བཤད་རེ་རེ་ནི་ངའི་སྒྲ་འཛིན་གྱི་བདུད་རྩི་ཡིན་ལ། བྱང་ཆུབ་སེམས་དཔའ་འདྲ་བའི་ཞི་དུལ་གྱི་སྤྱོད་པ་རེ་རེ་ནི་ངས་མིག་དཔེ་ལྟ་སའི་ཟོལ་མེད་ཀྱི་གཞུང་ལུགས་ཤིག་ཀྱང་ཡིན་སྲིད་ངེས།
   ལོ་ངོ་གཉིས་ཀྱི་སྔོན་ལ་ང་སློབ་གྲྭ་འདིའི་སྒོ་ཐེམ་ཐོག་མར་འགྲིམས་དུས། ངས་སློབ་བུ་སྟོང་ཕྲག་དུ་མའི་བར་གསེང་ནས་དགེ་རྒན་ལགས་ཁྱེད་རང་མཐོང་བྱུང་། ངས་དགེ་རྒན་ཁྱོད་ཀྱི་སྣང་བརྙན་ཐོག་མར་མཇལ་དུས་འཇུ་ལི་འཆང་ཞིང་ཐུར་དུ་དཔྱངས་པའི་དབུ་སྐྲ་དེ་ལ་མཚར་སྣང་སྒོས་མིག་རིག་རིག་གིས་ཕྱོགས་བཞིར་བལྟས་པ་ན། ཁྱོད་མ་གཏོགས་རྣམ་པ་དེ་ལྟ་བུའི་ངོམ་པའི་དགེ་རྒན་ཞིག་ཕལ་ཆེར་མཐོང་རྒྱུ་མེད་པར་གྱུར་བ་རེད། དེ་བས་ངས་རང་སེམས་རྣལ་དུ་ཕབ་ནས་བསམ་གཞིགས་རེ་བཏང་ཚེ་ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་གིས་ཁྱོད་ནི་དགེ་རྒན་སྤྱིར་བཏང་བ་ཞིག་མིན་པ་སྟེ། རང་རིགས་ལ་དུང་བ་ཟབ་ཅིང་འོས་འགན་དང་ལེན་ལ་མོས་པ་ལྡན་པ། མི་རིགས་ཤིག་གི་ལ་རྒྱ་དང་ཁྱད་ཆོས་ལྡན་པའི་དགེ་རྒན་ཞིག་ཡིན་པ་མ་ཟད། ང་ཚོ་སློབ་བུ་མཐའ་དག་ལ་ཕྱོགས་རིས་མེད་པར་གཅེས་སྐྱོང་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་དགའ་མོས་ལྡན་པའི་དགེ་རྒན་ཁྱད་པར་ཅན་ཞིག་ཡིན་པ་གཞི་ནས་རྟོགས་སོང་ངོ། ། དུས་དེ་ནས་བཟུང་ངའི་མིག་གི་ལམ་ནས་ཆ་མེད་རྒྱུས་མེད་ཡིན་པའི་དགེ་རྒན་ཁྱོད་ཆ་ཡོད་རྒྱུས་ཡོད་དུ་གྱུར་ཞིང་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཀུན་སློང་ལ་སློབ་སྦྱོང་བྱེད་མགོ་ཚུགས་པ་ཡིན་ལ། ནམ་རྒྱུན་སློབ་རའི་ནང་དུ་ཡང་དགེ་རྒན་ཁྱོད་རང་མིག་གིས་འཚོས་ཤིང་སེམས་ཀྱིས་ཉན་དགོས་པ་ཞིག་ཏུ་གྱུར་སོང་། དེ་ནི་དགེ་རྒན་ལགས་ཀྱིས་ང་དང་ང་ལྟ་བུའི་སློབ་བུ་སྟོང་ཕྲག་དུ་མའི་སེམས་ངོས་སུ་བསྒོས་པའི་ལས་དབང་གི་བག་ཆགས་ཤིག་ཀྱང་ཡིན་སྲིད་དོ།།
   ནམ་རྒྱུན་དགེ་རྒན་ཁྱེད་ཀྱིས་ལུས་ལ་བོད་གོས་སེར་ནག་ཅིག་གོན་ཏེ་ང་ཚོའི་མིག་གི་ལམ་དུ་རྒྱུ་ཐེངས་རེར་དང་སྒོས་སུ་རླབས་ཆེ་བའི་ཁྲིད་སྟེགས་སུ་བྱོན་ཐེངས་རེར་ངའི་ཡིད་ལ་དབང་མེད་དུ་དྲན་བྱུང་བ་ནི་བོད་པའི་དགེ་རྒན་ཞིག་དང་རང་མི་རིགས་ཀྱི་ལ་རྒྱ་ལྡན་པའི་མི་བུ་ཞིག་ཡིན་ཚེ་འདི་ལྟར་བྱེད་དགོས་རྒྱུ་རེད་སྙམ་པའི་ཀུན་སློང་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་བ་རེད། འདས་ཟིན་པའི་ལོ་ངོ་གཉིས་ཀྱི་དེ་རིང་ངས་དགེ་རྒན་ཁྱོད་སློབ་གྲྭ་འདིའི་གཙུག་གི་རྒྱན་ཆ་དང་དགེ་སློབ་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཡུལ་ཡིན་པ་གཞི་ནས་རྟོགས་སོང་། ཁྱེད་ལ་རིག་གཞུང་གི་སྟོབས་ཤུགས་རྒྱས། སྒྱུ་རྩལ་གྱི་ཆ་བྱད་རྫོགས། སྙན་འཇེབས་ཀྱི་འགྱུར་ཁུགས་ལྡན། ད་དུང་གཞན་ཕན་གྱི་ལྷག་བསམ་དང་རིས་མེད་ཀྱི་བྱམས་བརྩེ་སོགས་ཀྱིས་སློབ་གྲྭ་འདིར་ནམ་ཡང་ཡལ་ཐབས་མེད་པའི་གཟི་བརྗིད་ལྷག་མ་ཞིག་ཀྱང་བསྣན་ཡོད་པ་རེད། དགེ་རྒན་ལགས། ཁྱེད་ཀྱིས་མུན་ནག་གི་ལམ་དུ་འཐོམས་པའི་སློབ་བུ་མང་པོ་ཞིག་ལ་ཤེས་རིག་གི་འོད་སྣང་བསྩལ། ཐེ་ཚོམ་གྱི་འཇུ་ཐག་བཅད། སྒྱིད་ལུག་གི་ལྕགས་སྒྲོག་གཏོར། མདུན་བསྐྱོད་ཀྱི་ཁ་ཕྱོགས་བསྟན་པས་ཁྱོད་ནི་ངའི་སེམས་ཁོང་ནས་ནམ་ཡང་གཟིམ་པ་མེད་པའི་མར་མེ་ཚེ་འབར་ཡིན།