ང་རང་བོད་ཡིག་སློབ་པར་ཤིན་ཏུ་དགའ། སངས་རྒྱས་སྒྲོལ་མ(འབྲིང)།

མཚོ་སྔོན་པོ་དྲ་བ།

རུས་མིང་། སངས་རྒྱས་སྒྲོལ་མ(འབྲིང)།
འཛིན་གྲྭ། དམའ་གསུམ་འཛིན་བདུན།
   མི་རིགས་གང་དང་གང་ཞིག་ལ་མཚོན་ན་ཡང་མི་རིགས་དེའི་སྐད་དང་མཐུན་པའི་ཡི་གེ་ཞིག་ཡོད་པ་སྨོས་མ་དགོས་པ་ཞིག་རེད།རང་རེའི་ཁ་བའི་ལྗོངས་སུ་གནས་བཅའ་བཞིན་པའི་བོད་མི་རིགས་ལ་མཚོན་ན་ཡང་རང་གི་སྐད་དང་མཐུན་པའི་རླབས་ཆེན་གྱི་ཡི་གེ་ཞིག་ཡོད་བྱུང་བ་ནི་ང་ཚོའི་ཐུན་མོང་གི་ལས་སྐལ་ལེགས་པོ་ཞིག་ཡིན་སྲིད། བུ་མོ་ང་ལ་མཚོན་ནས་བཤད་ན་ཆུང་དུས་ནས་དྲིན་ཆེན་ཕ་མ་ཟུང་གིས་ལྷག་བསམ་གྱི་བྱམས་བརྩེ་ལས་ནར་སོན་པའི་རྩྭ་ཐང་གི་བུ་མོ་སྤྱིར་བཏང་བ་ཞིག་ཡིན་ལ་གནམ་འོག་གི་བྱིས་པ་ཡོངས་དང་འདྲ་བར་དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་གྲྭར་འགྲོ་བའི་བོད་རིགས་སློབ་མ་དཀྱུས་མ་ཞིག་ཀྱང་ཡིན་སྲིད། སློབ་ཆུང་ནས་རིམ་བཞིན་སློབ་འབྲིང་ལ་སླེབས་པའི་གོ་རིམ་ཁྲོད་དུ་ཕུལ་དུ་བྱུང་ཞིང་གཞན་ཕན་གྱི་ལས་གཞོལ་བར་མོས་པའི་དགེ་རྒན་དུ་མ་ཞིག་གིས་སློབ་ཁྲིད་ལ་ཉན་ནས་ནར་སོན་གྱིན་ཡོད་པས་ད་ལྟ་བོད་སྐད་ཡིག་ཞེས་པ་འདི་ལ་རང་ཚོད་ཀྱིས་སྦྱངས་པ་ཆེན་པོ་བྱེད་འདོད་ཀྱི་འདུན་པ་དྲག་ཏུ་རྒྱས་བཞིན་ཡོད་པ་ཡིན།
   ད་ལྟའི་དུས་འདིར་བོད་རིགས་སློབ་མ་གང་མང་ཞིག་གིས་བོད་ཡིག་ཞེས་པའི་སྐད་ཡིག་འདི་ལ་མཐོང་ཆུང་དང་སྣང་མེད་དུ་བཞག་ནས་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་སློབ་པའི་ཕྱོགས་ལ་ནུས་པ་གང་ཡོད་འདོན་གྱིན་ཡོད་ལ།བོད་པའི་ཁྱིམ་བདག་མང་ཆེ་ཤོས་ཤིག་གིས་ཀྱང་བོད་ཡིག་ལས་གཞན་པའི་སྐད་ཡིག་ལ་སློབ་གཉེར་བྱེད་དགོས་པའི་རེ་བ་འདོན་གྱིན་ཡོད་པའི་སྣང་ཚུལ་དག་མཐོང་ཚེ་བུ་མོ་ངའི་སེམས་ཀྱི་མཁའ་དབྱིངས་སུ་ནམ་ཡང་སྐྱོ་བའི་སྨུག་སྤྲིན་ཞིག་དབང་མེད་དུ་འཐིབས་ནས་དྭངས་མཐའ་མེད་པར་གྱུར། སྔོན་བྱོན་མཁས་པ་དག་གིས་གསུངས་པའི་སྐད་ཡིག་གི་རིན་ཐང་དང་རིགས་ཞེན་གྱི་འདུ་ཤེས་ཟེར་བ་དེ་རྨེག་མེད་དུ་བཏང་བ་མ་ཡིན་ནམ།བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་བོད་ཡིག་གི་བྱ་འགུལ་སྤེལ་བ་དང་བོད་སྐད་ཀྱིས་ལེ་ཚན་སྒྲུབ་པ་ལས་གཞན་པའི་སྐད་ཡིག་གི་བྱ་འགུལ་སྤེལ་བ་དང་བསླབ་བྱའི་དཔེ་དེབ་ཀྱང་དེ་ལྟར་ཡིན་པ་སོགས་ལས་ར་སྤྲོད་བྱེད་ཀྱིན་པ་ནི་བོད་སྐད་ཡིག་འདི་མི་འགྱངས་པར་གཟིམ་ལ་ཉེ་བའི་མར་མེ་གཉོམ་པོ་ཞིག་གི་ངང་ཚུལ་ལས་མ་འདས་པ་རེད། སྐབས་ལན་རེར་མནོ་བསམ་ཕྲན་ཙམ་རེ་བཏང་ན་ང་ཚོ་བོད་རིགས་བྱིས་པ་དག་གིས་བོད་སྐད་ཡིག་སྦྱངས་པའི་ཆ་ལ་འདི་ལྟ་བུའི་སྡུག་ཡུས་ཤིག་བསྣམས་དགོས་དོན་ཅི་ཡིན་སྙམ་པའི་ཚོར་བ་སྡུག་པོ་ཞིག་གིས་གཟིར་འོངས།
   ང་ཚོས་ད་དུང་འདི་ལྟར་བོད་སྐད་ཡིག་གི་སྐྱེ་འཆི་ལ་གཟབ་ནན་མ་བྱས་པར་ཡོད་ཚད་གཞན་པའི་རྗེས་སུ་རྒྱུགས་པའི་རི་བོང་ཅལ་འདྲོགས་ཀྱི་རྣམ་ཐར་སྐྱོངས་རྒྱུ་མང་སྲིད་ཚེ་མ་འོངས་པ་ན་ང་ཚོ་ལ་རང་སྐད་དང་མཐུན་པའི་སྐད་ཡིག་ཅིག་ཡོད་མི་སྲིད་ལ་ང་ཚོ་ལ་བོད་མི་རིགས་ཞེས་པའི་ཆོ་ལོ་འདི་ཡང་སྦྱོར་མི་སྲིད་པ་ནི་མིག་མཐོང་ལག་ཟིན་གྱི་གནད་དོན་ཞིག་ཡིན་པ་གོ་དགོས་ལ། ལྷག་པར་དུ་རང་གི་སྐད་དང་ཡི་གེ་དོར་ནས་མི་རིགས་གཞན་གྱི་སྐད་དང་ཡི་གེར་སྦྱངས་པ་ཁོ་ན་བྱས་ཚེ་མ་འོངས་པའི་གངས་ལྗོངས་འདིའི་བདག་པོ་ཚོ་ནི་བོད་མིན་རྒྱ་མིན་གྱི་མི་རིགས་ཡ་མ་བརླ་ཞིག་གིས་བདག་འཛིན་བྱེད་དགོས་པ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་། ང་ཚོས་རང་གི་སྐད་ཆ་རྒྱུན་འཛིན་དང་རང་གི་སྐད་ཡིག་ལ་སྦྱངས་བརྩོན་གང་ནུས་བྱས་པའི་རྨང་གཞི་སྟེང་ནས་སྔོན་ཐོན་མི་རིགས་ཁག་གི་རིག་གནས་ཤེས་བྱར་བརྩོན་ལེན་བྱེད་རྒྱུ་ནི་བུ་མོ་ངའི་རེ་བ་ཡིན་ལ་ཁྱོད་དང་ང་ཡི་ཕ་མ་དག་གི་སྨོན་འདུན་ཡང་ཡིན་ངེས། མི་རིགས་རིག་གནས་དེང་རབས་ཅན་དང་དེང་རབས་རིག་གནས་འཛམ་གླིང་ཅན་དུ་བསྒྱུར་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པས་འོས་འགན་འདིའི་སླད་དུ་ང་ཚོས་རང་གིས་རང་ལ་རེ་བ་ནན་མོ་བཏོན་ནས་སློབ་སྦྱོང་བཟང་བོ་ཞིག་བྱེད་པའི་སློབ་མ་ཕུལ་བྱུང་ཞིག་དང་མི་གཤིས་ལེགས་པོ་ལྡན་པའི་སློབ་བུ་ཡ་རབས་ཅན་ཞིག་བྱེད་པའི་ཐད་ལ་ནུས་པ་གང་ཡོད་འདོན་དགོས་པར་རིགས།
   བུ་མོ་ང་ལ་མཚོན་ན་ཆུང་དུས་ནས་རང་གི་སྐད་དང་མཐུན་པའི་བོད་ཡིག་འདི་སྦྱངས་པར་ཧ་ཅང་དགའ་ལ་མི་རིགས་གཞན་གྱི་རིག་གནས་ཤེས་བྱར་སྦྱངས་རྒྱུར་དེ་ལས་དགའ། རྒྱུ་མཚན་ནི་ང་ནི་བོད་པའི་བུ་མོ་ཡིན། བོད་པའི་བུ་མོ་ཡིན་པའི་དབང་གིས་ཐོག་མར་རང་གི་སྐད་དང་ཡི་གེར་སྦྱངས་རྒྱུ་ནི་ངའི་ཟློག་ཏུ་མེད་པའི་འོས་འགན་ཡིན། བོད་སྐད་གཙང་མ་ཞིག་བཤད་ཤེས་རྒྱུ་ནི་ངའི་བཟོ་ཟོལ་བྲལ་བའི་རང་གཤིས་ཡིན། བོད་ལྭ་ཡག་པོ་ཞིག་གོན་རྒྱུར་དགའ་བ་ནི་ངའི་བླ་ན་མེད་པའི་གཟི་བརྗིད་ཡིན། ང་ནི་ཕ་བཟང་གི་བུ་མོ་ཡིན། ངས་རང་ནུས་གང་ཡོད་སྒོས་མི་རིགས་རང་གི་སྐད་དང་ཡི་གེར་སྦྱངས་བརྩོན་བྱེད་ངེས། ང་ནི་ཞང་བཟང་གི་ཚ་མོ་ཡིན། ངས་གང་ནུས་ཅི་ལྕོགས་ཀྱིས་མི་རིགས་རང་གི་ཡུལ་སྲོལ་གོམས་འདྲིས་རྒྱུན་འཁྱོངས་བྱེད་དགོས། ང་ནི་དུས་རབས་གསར་བ་ཞིག་གི་སློབ་མ་ཡིན།ངས་བློ་རྩེ་གཅིག་སྒྲིམ་སྒོས་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་དགོས་ལ་ངས་ཚན་རིག་ཤེས་བྱའི་འོ་ཞོ་བག་མེད་དུ་འཐུང་དགོས། ང་ནི་ཕམ་མི་ཆོག་པའི་ཕ་ཡུལ་གྱི་རེ་ལྟོས་ཡིན་པས་ངས་དུས་རབས་གསར་བའི་འོས་འགན་ཕྲག་ཏུ་ཁུར་དགོས། ང་ནི་བོར་མི་རུང་བའི་མི་རིགས་འདིའི་བདག་མོ་ཡིན་པས་ངས་སྤྱི་ཚོགས་གསར་བའི་བྱ་གཞག་ལ་བརྩོན་ལེན་བྱེད་དགོས། མདོར་ན་བུ་མོ་ངས་དུས་ནམ་ཡང་བོད་སྐད་ཡིག་གཙོར་བཟུང་ནས་མི་རིགས་གཞན་པའི་སྐད་ཡིག་ལ་ནུས་པ་གང་ཡོད་སྒོས་སྦྱངས་བརྩོན་བྱེད་རྒྱུ་ཡིན། འདི་ནི་བུ་མོ་ངའི་སེམས་ཀྱི་དམ་བཅའ་ཡིན། ལས་ཀྱི་རི་མོ་ཡིན། ལམ་གྱི་བྲོ་ཁ་ཡིན།