གཙང་འགྲམ་གྱི་སེམས་བསྐྱེད་བན་བུན། སངས་རྒྱས་སྐྱབས།

རྩོམ་པ་པོ།:སངས་རྒྱས་སྐྱབས། 2018-11-01
མཚོ་སྔོན་པོ་དྲ་བ།

རུས་མིང་། སངས་རྒྱས་སྐྱབས།
འཛིན་གྲྭ། དམའ་གསུམ་འཛིན་གྲྭ་གཉིས་པ།
   ངས་རང་སེམས་ཕྲ་མོ་འདི་ཤག་ཤག་ཏུ་བརྡོལ་བའི་ཆུ་ལ་བཅོལ་ཡོད། གཙང་ངོགས་འདིར་ཟིམ་ཟིམ་དུ་འབབ་པའི་ཆར་རྒྱུན་གྱི་ན་བུན་དང་འདྲ་བར་རི་ཆུ་སྟོང་ཕྲག་དང་ལ་ལུང་འབུམ་ཕྲག་གི་ཕ་རོལ་ནས་ཚུར་རོལ་ལ་བཀྱེད། མག་མོག་གི་རི་ཚོགས་དེ་ངའི་སེམས་པའི་འཆར་ཡན་ཞིག་གི་གསང་བ་ཡིན། རབ་རིབ་ཀྱི་བྱང་ཐང་དེ་ངའི་འགྲུལ་བཞུད་ཅིག་གི་ཁ་ཕྱོགས་ཡིན། ལྷིང་འཇགས་ཀྱི་མཚན་མོ་དེ་ནས་བཟུང་ངས་སུ་དང་གང་ཞིག་གི་རྡོག་སྒྲར་གཡེངས་ནས་རང་ཉིད་སོང་ཆོག་པའི་འཇིག་རྟེན་ཞིག་གི་རྒྱལ་ཕམ་བསམ། ཀྱ་ཀྱོག་གིས་རྒྱང་ལ་ཟུག་པའི་ལམ་ཕྲན་དེའི་འཇུག་ངོགས་ནས་ངས་སུ་ཞིག་ལ་སྒུག་དགོས་སམ། ཡང་ན་སུ་ཞིག་གིས་ང་ལ་རེ་སྒུག་བྱས་ཡོད་དམ། གསང་བ་དང་གསང་བ་སྦྲེལ་བའི་བཞི་མདོ་དེ་ནས་ངས་རང་གི་རུམ་ལ་བཅུག་པའི་རེ་བ་སྣུམ་པོ་ཞིག་གི་ཡང་ལྕི་འཇལ་གྱིན་མི་བུ་རྣལ་མ་ཞིག་གི་གཏམ་རྒྱུད་གླེང་ན་བསམ། བར་སྐབས་དེར་ང་ནི་གངས་འདབས་ནས་ལམ་ལ་ཆས་པའི་མགྲོན་པོ་ཞིག་གམ་ཕ་ཡུལ་གྱི་རེ་བ་དུ་མ་ཕྲག་ཏུ་བླངས་པའི་འགྲུལ་བཞུད་པ་ཞིག་ཡིན་པ་གཞི་ནས་རྟོགས། ཡིན་ན་ཡང་ང་ལ་ནམ་ཡང་སྒུག་མི་སྲིད་པ་ནི་ཉིན་མཚན་བར་མེད་དུ་བཞུར་གྱིན་པའི་གཙང་བོ་འདི་དང་སྐད་ཅིག་ཙམ་ལ་ཡང་སྡོད་མི་ཚུགས་པའི་དུས་ཚོད་ཡིན་པ་སུ་ཡིས་རྟོགས།
   གཙང་ངོགས་འདི་ང་གཅིག་པོར་དབང་བའི་གྲུ་ག་ཆུང་ཆུང་ཞིག་ཡིན། གཙང་ངོགས་འདི་ནས་ངས་སུས་ཀྱང་བསམ་གཞིགས་བཏང་མ་མྱོང་བའི་འདས་དོན་མང་པོ་ཞིག་གི་འཕེལ་འགྲིབ་བཙལ། གཙང་ངོགས་འདི་ནས་ངས་ནམ་ཡང་བག་ལ་ཞ་བཞིན་པའི་མི་རིགས་ཤིག་གི་གྱོང་གུད་གླེང་། ང་གཙང་ངོགས་ཀྱི་ལྷིང་འཇགས་ལ་དགའ་ཞིང་ནམ་ཡང་ཞུམ་མེད་མདུན་བསྐྱོད་བྱེད་པའི་གཙང་བོའི་སྙིང་སྟོབས་ལ་དེ་བས་ཀྱང་མོས་སྲིད། སྐབས་རེར་ང་རང་གཙང་བོ་འདི་ཇི་བཞིན་རང་ཉིད་བཞུར་འདོད་སའི་ཕྱོགས་ལ་རང་དབང་གིས་བསྐྱོད་ན་འདོད། ལན་རེར་ང་རང་གཙང་བོ་འདིའི་རླབས་སྒྲ་ནང་བཞིན་རང་གིས་ལེན་འདོད་པའི་སེམས་ཁོང་གི་གླུུ་གཞས་མཐའ་དག་ཕངས་མེད་སྒོས་མི་ཡུལ་ལ་བླངས་ན་བསམ། སོང་སོང་ན་ཁ་ཕྱོགས་ཨེ་ནོར་སམ། བསྡད་བསྡད་ན་ཉི་མ་ཨེ་ནུབ་བམ། སྨུག་སྤྲིན་གྱི་ཀློང་དུ་དལ་ཅག་གེར་སྡོད་པའི་ཕ་ཡུལ་འདི་མིག་གིས་མཐོང་ས་ནས་ངས་ང་དང་ཁྱོད་ལ་དགོས་ཤིང་མཁོ་བའི་བདེན་དོན་གྱི་ལམ་བུ་ཞིག་བཙལ་དགོས་ཤིང་། རྗེས་ལུས་ཀྱི་སྦུབས་ནས་ཁ་རོག་གེར་མཆིས་པའི་ཡུལ་མི་དག་རྣ་བས་གོ་ས་ནས་ཁྱོད་དང་ང་ལ་འོས་ཤིང་འཚམ་པའི་འཕེལ་རྒྱས་ཀྱི་ལས་སྐལ་སྒྲུབས་ན་སྙམ། གངས་རི་དེ་སྔར་བཞིན་དཀར་སིང་ངེ། ཕ་ཡུལ་འདི་སྔོན་བཞིན་ཁུ་སིམ་མེར། གཙང་ངོགས་ནས་ཁེར་སྡོད་བྱེད་ཀྱིན་པའི་ང་རང་སུ་ཞིག་གི་སྒོ་དྲུང་དུ་སོང་ཆོག་གམ།
   སྔོན་བསགས་ཀྱི་ལས་དབང་ཞིག་གིས་ངས་འོད་ཀྱི་ལམ་བུ་ཞིག་དེད་ནས་རྒྱང་རིང་དུ་ཆས་དགོས་བྱུང་། དམར་སྨུག་གི་ཉི་ཐིགས་རེ་རེ་བསིལ་ཆར་གྱིས་སྦངས་དུས་རྨི་ལམ་དུ་འཁོར་བའི་སང་ཉིན་གྱི་ལོ་ཟླ་དེས་ང་ལ་བཟོད་བསྲན་ཁག་པའི་ན་ཟུག་གི་ཚོར་སྣང་བགྲངས་ལས་འདས་པ་ཞིག་སྣོན་གྱིན་ཡོད། ལམ་བུ་དེ་སྨུག་ལོང་གི་ཁྲོད་ནས་ནོར་མི་རུང་ལ་བརྩེ་བ་དེ་རྒྱལ་ཕམ་གྱི་བར་ནས་བོར་ག་ལ་རུང་། རྒྱང་རིང་གི་ཡུལ་དེ་ན་ངའི་ཨ་མའི་སྨོན་འདུན་གྱི་དག་ཞིངཡོད། ཐག་རིང་གི་ས་དེ་ན་ངའི་ན་ཟླའི་རེ་སྒུག་གི་ལས་སྐལ་ཡོད་པས་ངས་སྣ་གླུ་ཐན་ཐུན་རེ་ལེན་གྱིན་མདུན་དུ་བསྐྱོད་དགོས་ལ་ངས་རེ་བ་ཆེ་ཆེ་ཞིག་བསྣམས་ནས་ལམ་དུ་ཆས་དགོས། གཙང་བོ་འདི་ཇི་བཞིན་ཐོགས་བཀག་རེག་གསུམ་ལ་ཞུམ་པ་མེད་པར་མདུན་དུ་བསྐྱོད་དགོས། རྦ་རླབས་འདི་ལྟར་དུ་རི་རྡོ་བྲག་གསུམ་ལ་འཇིགས་པ་མེད་པར་མཁའ་རུ་འཕྱོ་དགོས། ཚོད་ཚོད་ལ་བྲིས་པའི་སྙན་ངག་རེ་རེ་ནི་སྐབས་སྐབས་སུ་བླངས་པའི་སེམས་གཞས་རེ་རེ་ཡིན་པས་སྙན་ངག་ལས་ངའི་སྐྱོ་བ་མཚོན་ན་གླུ་སྐད་ལས་ངའི་རྒྱལ་ཁ་མངོན་པ་སུ་ཡིས་རྟོགས། རེད་ཡ། ང་དང་འདྲ་བའི་གཙང་ངོགས་འདིའི་ཁེར་འགྲོ་བ་དག་གི་སྐྱོ་གདུང་གི་རེ་འདུན་ཡོད་ཚད་གཙང་བོ་འདིར་བཅོལ་ནས་ཡུན་རིང་འགོར་ན་ཡང་གཙང་ངོགས་འདིའི་དགའ་སྡུག་སྐྱོ་གསུམ་རྟོགས་མཁན་ང་གཅིག་མིན་པའི་ངེས་ཤེས་གཏན་ནས་མ་རྙེད། ངས་གཙང་ངོགས་འདི་ནས་དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་ལྡོག་ཁྲོད་ནས་མི་ཚེ་ཞིག་གི་དར་རྒུད་གླེང་འདོད་ལ་ངས་གཙང་བོ་འདིའི་དགའ་སྐྱོ་ཆགས་སྡང་གི་སྟངས་ཀའི་ཀློང་ནས་མི་བུ་ཞིག་གི་ཐོབ་ཤོར་དེ་རྙེད་འདོད།
   ང་ནི་གཙང་ངོགས་ཀྱི་སྙན་ངག་པ་ཞིག་ཡིན། ང་ནི་གཙང་འགྲམ་གྱི་ཁེར་འགྲོ་བ་ཞིག་ཡིན། ང་ནི་གཙང་བོའི་སྟངས་སྟབས་ལ་དགའ་ཞིང་དུང་བའི་ཡུལ་གྱར་བ་ཞིག་ཡིན། གཙང་ངོགས་འདི་ནས་ངས་ནམ་ཡང་མི་རིགས་ཤིག་གི་ལས་དབང་དང་ཕ་ཡུལ་ཞིག་གི་འཕེལ་རྒྱས་ལ་བཅོས་བསྒྱུར་དང་བརྩོན་ལེན་བྱེད་ངེས་ཡིན། གཙང་བོ་འདིའི་རླབས་སྒྲ་མ་འཇགས་བར་དུ་ངའི་བརྩོན་ལེན་གྱི་དཔའ་སྐད་འཇགས་མི་སྲིད་ལ། གཙང་བོ་འདིའི་བཞུར་རྒྱུན་མ་ཆད་བར་དུ་ངའི་འཚོལ་སྙེགས་ཀྱི་སྙིང་སྟོབས་ཉམས་མི་སྲིད། ང་ལམ་དུ་ཆས་དགོས། གཙང་བོ་འདིའི་བཞུར་རྒྱུན་དང་འགྲོགས་ནས་ལམ་དུ་ཆས་དགོས།