ཡིད་དུ་འོང་བའི་མཚོ་སྔོན་པོ། དབང་མོ་རྒྱལ།

རྩོམ་པ་པོ།:དབང་མོ་རྒྱལ། 2018-11-01
མཚོ་སྔོན་པོ་དྲ་བ།

རུས་མིང་། དབང་མོ་རྒྱལ།
འཛིན་གྲྭ། དམའ་གསུམ་བཅུ་གཉིས།
   སློབ་གྲྭས་གནང་བ་བྱིན་ནས་ཕ་ཡུལ་དུ་ལོག་ཐེངས་རེར་ངས་ཁོམ་ལོང་གོ་སྐབས་བེད་སྤྱད་དེ་གཡེར་མོ་ཐང་དུ་མཛེས་སྡུག་གིས་འཁྱིལ་བའི་མཚོ་སྔོན་པོར་བལྟས་པ་ཡིན། མཚོ་སྔོན་པོའི་མཐིང་མདོག་གི་མདངས་དང་བསྟུད་མར་འཕྱུར་བའི་རླབས་ཕྲེང་རེ་རེ་ཡིས་ངའི་ཡིད་དབང་ཅིག་ཅར་དུ་འཕྲོག་ནས་ང་རང་བཤད་ཁག་པའི་ཚོར་སྣང་སྣ་ཚོགས་ཀྱི་བཟི་བར་བྱས། རྒྱུ་མཚན་གང་ཡིན་ངས་ཀྱང་བཤད་དཀའ་ང་རང་གནམ་སྔོན་པོ་ཐང་ལ་ལྷུང་བ་ལྟ་བུའི་མཚོ་སྔོན་པོའི་འགྲམ་ངོགས་སུ་སླེབས་པ་ཚེ་ངའི་ཡིད་ལ་ངང་གིས་འཆར་བྱུང་བ་ནི་འདས་ཟིན་པའི་གནའ་བོའི་དམག་དཔུང་ཅིག་གི་མཛད་རྗེས་དང་བོར་ཟིན་པའི་ལོ་རྒྱུས་འགངས་ཆེན་ཞིག་གི་གསང་བ་འབའ་ཞིག་ཡིན་པས་མཚོ་སྔོན་པོ་ནི་མི་ཡུལ་གྱི་བདེན་དོན་གསལ་བོར་འཆར་བའི་གཡུ་ཡི་མེ་ལོང་ཅིག་དང་དབྱེར་མ་མཆིས།
   ང་དགའ་ས་ནི་ས་འདི་གའི་དྲོ་གྲང་སྙོམས་པའི་ནམ་ཟླ་དང་སྔོ་ཞིང་ལྗང་བའི་རྩྭ་ཐང་། དྭངས་ཤིང་གཙང་བའི་མཁའ་དབུགས། སྤྲིན་དཀར་ས་ལ་ལྷུང་འདྲའི་ལུག་ཁྱུ། དོམ་ནག་སྟོབས་ཀྱིས་འགྱིང་འདྲའི་སྦྲ་ནག།མཛེས་སྡུག་རང་མདངས་མཚར་བའི་མེ་ཏོག།སྤྲིན་དཀར་གྱི་ལ་ཐོད་བསྣུབས་པའི་རྫ་རི། ད་དུང་། སྙན་འཇེབས་ཀྱི་གླུ་སྐད། དྲང་བདེན་གྱི་ལམ་ལུགས། ཞི་དུལ་བག་ཡོད་ཀྱི་མི་གཤིས། འདི་དག་གིས་ངའི་མི་ཚེ་ལ་འཚར་ལོངས་ཀྱི་གསོན་ཤུགས་བསྐྱེད་ཅིང་ངའི་རེ་འདུན་ལ་འགྱར་མེད་ཀྱི་ཁ་ཕྱོགས་བསྟན་པས་ང་མཚོ་སྔོན་པོར་དགའ་ཞིང་མཚོ་སྔོན་པོའི་ཞིང་ཁམས་ལ་དེ་བས་དགའ། དྲང་མོར་བཤད་ན་མཚོ་སྔོན་པོ་ནི་རང་སེམས་ཀྱི་སྐྱོ་བ་སེལ་རོགས་ཤིག་དང་ལས་དབང་གི་གོ་སྐབས་འཚོལ་རོགས་ཤིག་ཀྱང་ཡིན་སྲིད་དོ།།
   ང་མཚོ་སྔོན་པོའི་ངོགས་ནས་ཉི་མ་འཆར་བས་བལྟ་རྒྱུ་དགའ། ཉི་མ་མ་ཤར་བའི་སྔོན་ལ་ང་མལ་ལས་ལངས་ཏེ་དཔེ་ཆ་བློར་འཛིན་ཞོར་དུ་མཚོ་སྔོན་པོའི་འགྲམ་དུ་རྒྱུགས་པ་ཡིན། མཚོ་འགྲམ་གྱི་ཕ་བོང་གཡག་རོ་འདྲ་བ་དེའི་སྟེང་དུ་ལངས་ནས་གཟབ་ནན་སྒོས་དཔེ་ཆ་བློར་འཛིན་གྱིན་ཡོད་ལ་ཉིན་གཅིག་གི་ཉི་མ་གསར་བ་ཞིག་ནམ་འཆར་ལ་རེ་སྒུག་ཀྱང་བྱེད་ཀྱིན་ཡོད་དུས། མཚོ་སྔོན་པོའི་རླབས་ཕྲེང་རེ་རེ་ཡིས་ང་ལ་ནམ་ཡང་བསྐྱོན་མི་ཚར་བའི་དྲི་བ་མང་པོ་ཞིག་ཀྱང་འདོན་གྱིན་ཡོད་པས་ངས་ཡང་བསྐྱར་མི་ཚེ་ཞིག་དང་དུས་རབས་ཤིག་གི་འཕེལ་འགྲིབ་ལ་བསམ་མནོ་མི་གཏོང་ག་མེད་དུ་གྱུར། སྐབས་དེར་བསིལ་ཞིང་འཇམ་པའི་བསེར་བུ་ཞིག་ལྡང་བ་ན་ངའི་འགྲམ་པའི་མཁུར་ངོས་སུ་གྲང་ཤུར་ཤུར་གྱི་ཚོར་བ་གཞན་ཞིག་སྐྱེས་སུ་འཇུག་པ་འདིས་མི་ཞིག་ལ་ཡོད་དགོས་པ་ནི་ངོ་ཚ་དང་ལ་རྒྱ་ཡིན་པའི་གསང་བརྡ་སྟོན་པ་དང་ཀུན་ནམ་མཚུངས།
   རྒྱང་རིང་གི་གནམ་སའི་མཚམས་ནས་དམར་ལམ་ལམ་གྱི་གོང་བུ་ཞིག་དབང་ཕྱོགས་རི་བོའི་ཟོམ་ནས་དལ་གྱིས་ཡར་འཕགས་བྱུང་། ཨ་ཨ། དེ་ནི་འཛམ་བུ་གླིང་གི་སྐྱེ་འགྲོ་ཀུན་ལ་མེད་དུ་མི་རུང་བའི་གསེར་མདོག་གི་ཉི་གཞོན་རེད། དར་གོས་དམར་པོ་བརྐྱངས་པ་ལྟ་བུའི་ཚོན་མདངས་ཤིག་གིས་མཚོ་སྔོན་པོའི་ཁ་དོག་ཡོངས་སུ་བསྒྱུར་བ་ན་མཚོ་སྔོན་པོ་འདི་ཡང་གཉིད་ལས་སད་པ་ནང་བཞིན་ཡམ་ཡོམ་དུ་གཡོས་བྱུང་ལ། མཚོ་ངོས་སུ་མིག་ཟུང་འཁྲུལ་བར་བྱེད་པའི་ཁ་དོག་སྣ་བརྒྱའི་ཁུ་སིམ་མེར་སྣང་བའི་ཞིང་ཁམས་འདིར་མཛེས་སྡུག་ལྷག་མ་ཞིག་བསྣན་བྱུང་བ་ན་གང་ནས་འཕུར་འོངས་པ་མི་ཤེས་པའི་བྱ་ཁྱུ་སྐོར་ཞིག་གིས་སྙན་པའི་གསུངས་སྐད་སྒྲོགས་ཀྱིན་ཡུལ་འདིའི་མི་ཟོག་གཉིས་ལ་འཚོ་བ་གསར་བ་ཞིག་གི་སྒོ་འཕར་དལ་གྱིས་འབྱེད་བྱུང་བ་རེད། འདི་དག་ནི་མཚོ་སྔོན་པོའི་འགྲམ་དུ་ནམ་རྒྱུན་མཐོང་སྲིད་པའི་མཛེས་སྡུག་ལྷག་མ་ཞིག་ཡིན་ལ་ངའི་ཡིད་དབང་འཕྲོག་པར་བྱེད་པའི་ཆུང་དུས་ཀྱི་རྩེ་ར་གོར་མོ་ཞིག་དང་ཀུན་ནས་མཚུངས་པ་རེད། སྣང་ཚུལ་འདི་དག་གིས་ངའི་སེམས་ཁམས་ལ་དྲན་གདུང་གི་བག་ཆགས་ཟབ་མོ་ཞིག་བཞག་ཟིན་ལ་ཕྱིར་དྲན་གྱི་ཚོར་བ་སྐྱུར་བོ་ཞིག་ཀྱང་འཇོག་སྲིད་པ་རེད།
   ང་སྲོད་དུས་ཀྱི་མཚམས་སྤྲིན་ངོགས་ནས་དལ་གྱིས་འཕྱོ་བའི་མཚོ་སྔོན་པོའི་རང་མདངས་ལ་བལྟ་རྒྱུར་དེ་ལས་ཀྱང་དགའ། སྨག་གིས་ས་གཞི་བཏུམས་པའི་བར་སྐབས་དེར་མཚོ་སྔོན་པོ་ནི་ནམ་མཁའ་ཆེན་པོ་ཞིག་དང་གཉིས་སུ་མེད་པར་ཟླ་བ་དང་སྐར་ཚོམ་གྱི་ཚོགས་ནི་མཚོ་སྔོན་པོའི་རླབས་ངོགས་སུ་ལྟེམ་ལྟེམ་དུ་གཡོ་བཞིན་ཡོད་པ་འདིས་སྲིད་ན་དཀོན་པའི་མི་སེམས་འགུགས་པའི་འགུལ་རིས་བརྙན་འཕྲིན་ཞིག་སྟོན་གྱིན་ཡོད་པ་དང་ཀུན་ནས་མཚུངས། བར་སྐབས་དེར་ང་རྐང་རྗེན་དུ་བུད་ནས་མཚོ་སྔོན་པོའི་རླབས་ཕྲེང་བརྒལ་ནས་ཟླ་བ་དང་སྐར་མའི་ཚོགས་ལ་སྤར་ཉུལ་ཞིག་བྱེད་འདོད་ལ་དེ་དག་ཕྲེང་བར་བརྒྱུས་ནས་རང་གི་མགུལ་རྒྱན་དུ་ཡང་སྤྲས་ན་འདོད། ཡིན་ན་ཡང་། འདི་དག་ནི་བྱིས་པ་བསམ་མེད་ཅིག་གི་འཁྲུལ་སྣང་ཡིན་མོད། ནམ་ཞིག་ལ་ང་ཡང་འཕུར་གྲུར་བསྡད་དེ་ནམ་མཁའི་མཐོངས་སུ་འཕུར་ནས་ཉི་ཟླ་སྐར་གསུམ་གྱི་འཁོར་ལམ་དུ་འགྲོ་སྲིད་ངེས། དེ་བས་ངས་ད་ནས་བཟུང་མཚོ་སྔོན་པོའི་འགྲམ་གྱི་མཛེས་སྡུག་ལོངས་སུ་སྤྱོད་ཀྱིན་སློབ་སྦྱོང་ལ་འབད་རྩོན་ཆེན་པོ་བྱེད་རྒྱུ་ཡིན་ལ་རྨི་ལམ་ལྟ་བུའི་རེ་བ་དེ་ཡང་མངོན་འགྱུར་བྱེད་ངེས་ཡིན།
   ང་རང་ངའི་ཕ་མ་དང་ཕ་ཡུལ་ལ་དགའ་ཞིང་མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་དེ་བས་ཀྱང་དགའ་འོ། །