དྲིན་ཆེན་མ་ལོ། གདུགས་དཀར་སྐྱིད།

རྩོམ་པ་པོ།:གདུགས་དཀར་སྐྱིད། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། གདུགས་དཀར་སྐྱིད།
འཛིན་གྲྭ། དམའ་གཅིག་འཛིན་གྲྭ་གསུམ་པ།

                             ཞོགས་པའི་ཉི་འོད་གཟི་མདངས་བཀྲ་བའི་དུས།།
                             འབྲི་མོའི་འོ་མ་འཇོ་བའི་དྲིན་ཆེན་མས།།
                             ཆུ་འཛིན་ཡོལ་བ་ལང་ལོང་གཡོ་བའི་ཁྲོད།།
                             དགོ་དགོ་གླུ་དབྱངས་ངག་ལ་འགུགས་འདི་སྙན།།

                             ཉིན་གུང་ཞིམ་མངར་འོ་ཇ་འཐུང་བའི་སྐབས།།
                             ལྷག་བསམ་རབ་དཀར་དྲིན་ཆེན་མ་ལོ་ཡིས།།
                             དྲི་ངད་སྟོང་གིས་བཟི་བའི་གཡང་ཁྱིམ་འདིར།།
                             དགའ་སྤྲོའི་དཔལ་གྱི་རོལ་མོ་ཅི་དགར་དཀྲོལ།།

                             སྦྲང་ཆར་ཟིམ་ཟིམ་མཐའ་ཡས་སྤང་ལ་བབས།།
                             ལྷུན་པོའི་ཟོམ་ལ་སྤྲིན་དཀར་ཅོད་པན་འཆང་།།
                             ཕྱོགས་སུ་ཁྱབ་པའི་རྫི་གླུ་སྙན་མོ་ཡིས།།
                             དྲིན་ཆེན་མ་ལོའི་གདོང་ལ་འཛུམ་ཞིག་བསྣན།།

                             ཟླ་འོད་ཆེམ་ཆེམ་མཚོ་ལ་འཐིམས་པའི་སྐབས།།
                             བརྩེ་བ་མཚོ་ལས་ཟབ་པའི་དྲིན་ཆེན་མའི།།
                             མཚར་སྡུག་འབུམ་གྱིས་ཕྱུག་པའི་གཏམ་རྒྱུད་ཀྱིས།།
                             བདག་སེམས་འདས་པའི་ཞིང་ལ་ངང་གིས་ཁྲིད།།

                             ཤེས་བྱའི་འོད་སྣང་འཕྲོ་བའི་སློབ་གྲྭ་འདིར།།
                             རིག་པའི་གནས་ལ་འབད་འབུངས་བྱེད་པའི་དུས།།
                             རྒྱང་རིང་ཡུལ་དུ་སྒུག་པའི་དྲིན་ཆེན་མའི།།
                             བྱམས་པའི་ཞལ་རས་ཡིད་ལ་དབང་མེད་འཁོར།།

                             དུས་ཀྱི་འཁོར་འགྲོས་རླུང་གི་གཤོག་འོག་ནས།།
                             ཕྱིར་མིག་ཙམ་ཡང་ལྟ་ཁོམ་མ་མཆིས་མོད།།
                             བཀའ་དྲིན་འཇལ་ཐབས་བྲལ་བའི་དྲིན་ཆེན་མའི།།
                             བདེན་པའི་ཞལ་གདམས་བུ་མོའི་ལས་སུ་གྲུབ།།

                             ན་རྒས་སྐྲ་དཀར་སྡུག་གི་ཁུར་འོག་ནས།།
                             ཟོལ་མེད་དུང་སེམས་ཅན་གྱི་དྲིན་ཆེན་མ།།
                             ནོར་ལུག་རྗེས་ནས་འདུར་དགོས་བསམ་པའི་ཚེ།།
                             བདག་སེམས་སྐད་ཅིག་མི་སྡོད་ཡུལ་དུ་ཕྱོགས།།

                             དྲིན་ཆེན་མ་ལོའི་སྐུ་ལུས་བདེ་འཚམ་གྱི།།
                             གླུ་འདི་ཐང་དཀར་རྒོད་ལ་ལེན་པའི་དུས།།
                             མིག་ཟུང་མཆི་མས་སྦངས་པའི་བུ་མོ་ངས།།
                             ལྷ་འདྲའི་མ་ལོ་དྲན་གདུང་བཟོད་ཐབས་བྲལ།།

                             ཨེ་མ་དྲིན་ཆེན་མ་ཁྱོའི་བཀའ་དྲིན་གྱིས།།
                             བུ་མོ་རིག་པའི་གླིང་ནས་སྐྱིད་ཅིང་སྤྲོ།།
                             ཤེས་བྱའི་འོ་ཞོ་ལོངས་སུ་སྤྱོད་པའི་དུས།།
                             མ་ལོའི་དྲིན་ལན་འཇལ་ལ་བྲེལ་འཚུབ་ཅིག།

                             ད་ནི་དྲན་པ་སྟོང་གི་ཁུགས་སོ་ནས།།
                             ཨ་མ་ཁྱོད་ལ་གུས་ཕྱག་ལན་གསུམ་འབུལ།།
                             བསླུ་མེད་དཀོན་མཆོག་གསུམ་པོ་ཐུགས་རྗེ་ཅན།།
                             མ་ལོའི་སྐུ་ཚེ་རིང་དུ་བརྟན་པར་ཤོག།།