སློབ་མགོ་གསར་བ་ཚུགས་སོང་། འབྲུག་མོ་ཡག།

རྩོམ་པ་པོ།:འབྲུག་མོ་ཡག། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། འབྲུག་མོ་ཡག།
འཛིན་གྲྭ། དམའ་གཅིག་འཛིན་གསུམ།
   སློབ་ཆུང་ལོ་རིམ་དྲུག་གི་འཚོ་བ་ནི་མིག་རྡེབ་དབང་ཙམ་གྱི་ཡུན་ལ་མཇུག་རྫོགས་ནས་སློབ་འབྲིང་གི་སྒོ་ཐེམ་འགྲིམས་པའི་གོ་སྐབས་ལྡན་བྱུང་། དེ་བས་སློབ་མ་ངས་ཀྱང་རེ་བ་གསར་བ་ཞིག་གི་ཕུགས་འདུན་རུམ་ལ་བཅུག་ནས་སློབ་གྲྭ་གསར་བ་ཞིག་གི་འཚོ་བ་རོལ་ཏུ་འགྲོ་དགོས་བྱུང་། དེ་ནི་སློབ་མ་ང་ལ་མཚོན་ན་དགའ་འོས་པ་ཞིག་ཀྱང་ཡིན་ལ་སྐྱོ་འོས་པ་ཞིག་ཀྱང་ཡིན་སྲིད། དགའ་འོས་པ་ནི་ང་རང་རིམ་གྱིས་ནར་སོན་ནས་ཤེས་རིག་གི་རི་ཟོམ་ལ་འཛེགས་ཀྱིན་པའི་རྟགས་མཚན་ཞིག་དང་སྐྱོ་འོས་པ་ནི་རང་ཁྱིམ་ལྟ་བུའི་སློབ་གྲྭ་དང་རང་གི་སྤུན་མཆེད་འདྲ་བའི་སློབ་གྲོགས། ད་དུང་རང་གི་ཕ་མ་དང་དབྱེར་མ་མཆིས་པའི་དགེ་རྒན་དག་དང་ཁ་བྲལ་ནས་འགྲོ་དགོས་པ་དེ་རེད། དགའ་སྐྱོ་ཟུང་གི་རེ་མོས་དང་དུ་བླངས་པའི་བུ་མོ་ང་དྲིན་ཆེན་ཕ་མ་གཉིས་ཀྱི་སྐྱེལ་མ་དང་གསར་འདྲིས་དགེ་སློབ་དག་གིས་བསུ་མ་བྱས་ནས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་འབྱོར་བྱུང་། སློབ་གྲྭ་འདིའི་ཕྱིའི་རྣམ་པ་དང་ནང་གི་བཀོད་སྒྲིག་སོགས་ཀྱིས་ངའི་སེམས་ཁོང་ན་མེ་ལྕེ་བཞིན་འབར་གྱིན་པའི་མ་ཡུམ་སློབ་གྲྭ་དྲན་པའི་ཚོར་བ་དེ་རེ་ཞིག་འཇགས་ཟིན་པས་སློབ་གྲྭ་འདིའི་སློབ་གྲོགས་གསར་བ་དང་དགེ་རྒན་གསར་བ་དག་དང་མཉམ་དུ་ཤེས་རིག་སྦྱངས་བརྩོན་གྱི་ལས་ལ་འཇུག་པའི་སློབ་མགོ་དངོས་སུ་ཚུགས་སོང་བ་རེད།
   ད་ལྟ་ང་ནི་སློབ་འབྲིང་སློབ་མ་ཞིག་ཡིན་པས་སློབ་སྦྱོང་གི་འོས་འགན་དང་མ་འོངས་པའི་ཕུགས་བསམ་སོགས་སྔར་ལས་ཇེ་ལྕི་དང་སྔར་ལས་ཇེ་གསལ་ཡིན་ལ། ནང་སྒོས་སུ་འདས་ཟིན་པའི་དུས་ཀྱི་ལེ་ལོ་དང་སྒྱིད་ལུག་གི་གོམས་གཤིས་ངན་པ་མཐའ་དག་ལེགས་བསྒྱུར་བྱེད་དགོས་པའི་འདུན་པ་ངང་ངམ་ཤུགས་ཀྱིས་སྐྱེས་པ་རེད། སློབ་འབྲིང་གི་འཚོ་བ་ནི་སློབ་ཆུང་དང་གཏན་ནས་མི་འདྲ་ཞིང་མཛེས་སྡུག་ཡིད་དབང་འཕྲོག་པའི་ཁོར་ཡུག་དང་ཞི་དུལ་གཤིས་བག་ལྡན་པའི་སློབ་གྲོགས།ལྔ་རིག་གཞུང་ལ་མཁས་པའི་དགེ་རྒན་སོགས་ཀྱི་རམ་འདེགས་དང་སྐུལ་སློང་གིས་བུ་མོ་ངས་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་མ་འོངས་པ་ན་མི་རིགས་དང་ཕ་ཡུལ་གྱི་བདེ་སྡུག་ཕྲག་ཏུ་ཁུར་བའི་རྒྱུད་འཛིན་པ་ཞིག་ཏུ་འགྱུར་བར་སྟ་གོན་བྱེད་མགོ་བརྩམས། སློབ་མགོ་གསར་བ་ཚུགས་ནས་ཡུན་རིང་མ་འགོར་བར་ང་ཚོས་སློབ་གྲྭས་འཆར་འགོད་ནང་ལྟར་ཉིན་བདུན་གྱི་དམག་སྦྱོང་བྱེད་དགོས་ལ། དམག་སྦྱོང་བྱེད་པའི་གོ་རིམ་ཁྲོད་ནས་ངས་རང་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་མང་པོ་ཞིག་ཀྱང་གསར་དུ་ངོ་ཤེས་སུ་གྱུར་བས་ངས་ཀྱང་སློབ་གྲྭའི་སྒྲིག་ལམ་བརྩི་སྲུང་དང་། ཁོར་ཡུག་དང་སློབ་ཁང་མལ་ཁང་སོགས་ལ་གཙང་སྦྲ་བྱེད་པ། སྤྱི་རྫས་ལ་བདག་གཉེར་དང་གཅེས་སྤྲས་བྱེད་དགོས་པའི་འདུ་ཤེས་སེམས་ལ་བཅངས་ནས་ནངས་སྔ་དགོང་འཕྱི་སྒོས་སློབ་སྦྱོང་ལ་འབད་བརྩོན་དང་དགེ་རྒན་ལ་བརྩི་བཀུར་བྱེད་པའི་སློབ་གྲོགས་ཡ་རབས་ཤིག་ཏུ་འགྱུར་བར་ནུས་པ་གང་ཡོད་འདོན་དགོས་སོང་།
   སློབ་མགོ་གསར་བ་ཚུགས་པའི་ཉིན་བཅུ་གཅིག་གི་རིང་ལ་ང་ལ་སློབ་ཆུང་དང་མི་འདྲ་བའི་ཚོར་སྣང་མང་པོ་ཞིག་བྱིན་བྱུང་བ་ནི་སློབ་འབྲིང་སློབ་མ་ཞིག་ཡིན་ཚེ་ངེས་པར་དུ་མ་བསྐུལ་དང་ལེན་སྒོས་རིག་པའི་གནས་ལ་འབད་པ་བྱེད་དགོས་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་དུས་ཚོད་དམ་འཛིན་བྱས་ཏེ་རང་གི་མ་འོངས་པའི་ལས་དོན་ལེགས་འགྲུབ་ཀྱི་ཆ་ལ་བརྩོན་ལེན་བྱེད་དགོས་པར་སྙམ། ལྷག་པར་དུ་སློབ་གྲྭ་གསར་བ་འདི་ལས་རང་གི་ལྟ་རྒྱ་དང་ཤེས་རྒྱ་སོགས་ཆེ་རུ་འགྲོ་དགོས་ན་ངེས་པར་དུ་གཅིག་ནས་དགེ་རྒན་དམ་པའི་ཞལ་གསུངས་ནང་ལྟར་སྒྲུབ་དགོས་པ་དང་། གཉིས་ནས་སློབ་གྲོགས་གསར་བ་ཚོ་དང་མཉམ་དུ་སྣ་མང་ཤེས་བྱའི་གཞུང་ལ་བརྩོན་པ་བྱེད་དགོས་པ་དེ་རེད།དེ་ནི་མི་ཞིག་དང་སྒོས་སུ་སློབ་མ་ཞིག་གི་ངོས་ཐད་ནས་བཤད་ན་ངེས་པར་དུ་དང་ལེན་བྱེད་དགོས་པ་ཞིག་དང་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་འདུ་ཤེས་ཤིག་ང་ལ་དབང་མེད་དུ་སྐྱེས་བྱུང་བ་རེད། སྣང་ཚུལ་དེ་དག་གིས་ངའི་མི་ཚེ་ལ་བཅོས་བསྒྱུར་གསར་བ་ཞིག་བྱེད་དགོས་ཤིང་ངའི་ལས་དབང་ལ་ཁ་ཕྱོགས་གསར་བ་ཞིག་ཀྱང་བསྩལ་བྱུང་བས་ངས་སློབ་མགོ་ཚུགས་པའི་ཉིན་དེ་ནས་བཟུང་རང་གི་འོས་འགན་ཡོད་ཚད་དང་ལེན་དང་འགོར་འགྱངས་མི་བྱེད་པའི་ཁས་ལེན་དམ་བཅའ་བཞག་པ་ཡིན་ལ། ཕ་མ་དང་དགེ་རྒན་གྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་ཆོད་སེམས་བརྟན་པོ་ཡང་བཅངས་ཟིན་པ་ཡིན་པས་སློབ་གྲྭ་གསར་བ་འདིའི་ནང་དུ་རང་གི་ནུས་པ་གང་ཡོད་འདོན་སྤེལ་བྱས་ནས་མ་འོངས་པའི་རེ་འདུན་གྱི་ཕྱོགས་སུ་བསྐྱོད་རྒྱུ་ནི་ངའི་འགྱུར་མེད་ཀྱི་རང་གཤིས་སུ་སྨིན་དུ་བཅུག་པ་ཡིན།