མཐུན་སྒྲིལ་གྱི་སྟོབས་ཤུགས། བདེ་སྐྱིད་གཡང་མཚོ།

རྩོམ་པ་པོ།:བདེ་སྐྱིད་གཡང་མཚོ། 2018-11-01
མཚོ་སྔོན་པོ་དྲ་བ།

རུས་མིང་། བདེ་སྐྱིད་གཡང་མཚོ།
འཛིན་གྲྭ། དམའ་གསུམ་བཅུ་གཉིས།
   མཛུབ་གུ་ལྔ་བཅངས་ཁུ་ཚུར་ཞེས་པ་ནང་བཞིན་དུ་གལ་ཏེ་ཕ་རོལ་བོའམ་གཞན་ཞིག་ལ་ངོ་རྒོལ་བྱེད་པའི་དབང་དུ་བཏང་ན་མཛུབ་མོ་རེ་རེ་བྱས་པའི་ནུས་པ་དང་མཛུབ་གུ་ལྔ་བོ་ཕྱོགས་གཅིག་ཏུ་བསྡམས་པའི་ནུས་པ་གཏན་ནས་མི་འདྲ་བ་བཞིན་ང་ཚོ་མི་རེ་རེ་དང་ཐུན་མོང་གི་ནུས་པ་ཡང་དེ་དང་འདྲ་བར་གཏན་ནས་མི་འདྲ་བ་རྟོགས་པར་བྱ་དགོས་པ་རེད། རྒྱུ་མཚན་དེ་དག་གི་དབང་གིས་ང་ཚོ་ལ་མེད་དུ་མི་རུང་བ་ནི་ནང་གི་མཐུན་སྒྲིལ་ཡིན་ལ་མཐུན་སྒྲིལ་བྱེད་ཤེས་པ་དང་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་པའི་མི་དེ་ལ་ནམ་ཡང་རྒྱལ་ཁ་ལས་ཕམ་ཁ་ཐོབ་མི་སྲིད་དོ། ། མཐུན་སྒྲིལ་གྱིས་ང་ཚོ་ལ་རང་དབང་དང་གུ་ཡངས་ཀྱི་འཚོ་བ་སྐྱིད་པོ་ཞིག་སྐྲུན་སྲིད་ལ་མཐུན་སྒྲིལ་གྱིས་ང་ཚོ་ལ་འདྲ་མཉམ་དང་དྲང་བདེན་གྱི་ལམ་བུ་བདེ་མོ་ཞིག་ཀྱང་བཟོ་སྲིད་པས་ང་ཚོ་ལ་མཐུན་སྒྲིལ་ལས་ལྷག་པའི་ནོར་བུ་མེད་ལ་མཐུན་སྒྲིལ་དང་འདྲ་བའི་སྟོབས་ཤུགས་ཀྱང་ཡོད་མི་སྲིད། ང་ཚོས་མཐུན་སྒྲིལ་བྱེད་དགོས་ལ་མཐུན་སྒྲིལ་གྱི་སྟོབས་ཤུགས་བཀོལ་ནས་རང་གི་མ་འོངས་པའི་ཕུགས་འདུན་ལ་བརྩོན་ལེན་བྱེད་དགོས། རྒྱལ་ཁབ་དང་མི་རིགས། ཚོ་བ་དང་ཁྱིམ་ཚང་གང་ཡིན་ཁ་ཚ་དགོས་གཏུགས་ཀྱིས་དམ་འཛིན་བྱེད་དགོས་པ་ནི་མཐུན་སྒྲིལ་ཡིན་ལ་མཐུན་སྒྲིལ་གྱི་ཨ་ལོང་མ་ཆད་ན་ང་ཚོ་ལ་ནམ་ཡང་ཞི་བདེ་དང་བརྩེ་སེམས་ཀྱི་ལག་རྡང་ལྷོད་མི་སྲིད། ལྷོད་མི་སྲིད་པའི་བརྩེ་སེམས་ཀྱི་ལག་རྡང་འདིས་ང་ཚོ་ནམ་ཡང་དྲོད་ཁོལ་དང་སྤྲོ་སྣང་གི་འདུ་ཤེས་ཤིག་ཀྱང་སྟེར་སྲིད་པས་ང་ཚོས་རང་གི་ཕུགས་འདུན་དོན་དུ་གཉེར་བའམ་ཐུན་མོང་གི་ལས་འགན་ལེགས་འགྲུབ་འབྱུང་བའི་རྩ་བའི་རྒྱུ་རྐྱེན་ཡང་མཐུན་སྒྲིལ་ལ་རག་ལས་པས་མཐུན་སྒྲིལ་ནི་མིའི་རིགས་ལ་མེད་དུ་མི་རུང་བའི་འགྲན་མེད་ཀྱི་སྟོབས་ཤུགས་ཡིན་སྲིད།
   ང་ཚོས་སློབ་གྲོགས་རྣམས་ཀྱིས་ཀྱང་དུས་རྒྱུན་གྱི་འཚོ་བའི་ཁྲོད་དང་སྒོས་སུ་སློབ་གཉེར་སྦྱངས་བརྩོན་བྱེད་པའི་སྐབས་གང་ཡིན་ཡང་ངེས་པར་དུ་མཐུན་སྒྲིལ་ལ་དོ་སྣང་དང་གཙིགས་ཆེན་བྱེད་དགོས་པ་ཡིན་ལ། མཐུན་སྒྲིལ་གྱི་དགེ་མཚན་ལ་བརྟེན་ནས་རང་གིས་སྒྲུབ་འདོད་པའི་ལས་དོན་གྱི་ཕྱོགས་ལ་ཧུར་བརྩོན་བྱས་ཚེ། ང་ཚོའི་མ་འོངས་པ་ནི་འོད་སྣང་དང་བདེ་སྐྱིད་ཀྱིས་ཁེངས་པ་ཞིག་ཡིན་པ་སྨོས་མ་དགོས་སོ། ། མཐུན་སྒྲིལ་མེད་ཚེ་ང་ཚོ་མགོ་འཁོར་བའི་ཁྲུང་ཁྲུང་ནང་བཞིན་ཁ་ཕྱོགས་མེད་ལ་མཐུན་སྒྲིལ་མེད་ཚེ་ང་ཚོ་ནི་བྱེ་མའི་འཆིང་བུ་ནང་བཞིན་གང་སར་འཐོར་ཏེ་ལས་དོན་ལེགས་འགྲུབ་ཀྱི་རེ་བ་མེད་ལ་ཕུགས་འདུན་མངོན་འགྱུར་གྱི་སྟོབས་ཤུགས་ཀྱང་ཡོད་མི་སྲིད་པས་ང་ཚོས་རང་གི་རེ་བ་དང་གཞན་གྱི་ལས་དོན་གྱི་ཆེད་དུ་མཐུན་སྒྲིལ་ལ་དོ་སྣང་དང་མཐུན་སྒྲིལ་ལ་གཙིགས་ཆེན་བྱེད་དགོས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་གོ།