བཀྲ་ཤིས་ཆོས་རྫོང་དགོན་གྱི་མཐོང་ཐོས། རྡོ་རྗེ་དོན་ཡོད།

རྩོམ་པ་པོ།:རྡོ་རྗེ་དོན་ཡོད། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། རྡོ་རྗེ་དོན་ཡོད།
འཛིན་གྲྭ། དམའ་གསུམ་འཛིན་གྲྭ་བདུན་པ།
   དབྱར་ཟླ་ར་བའི་མཛེས་སྡུག་གི་སྣང་བརྙན་མིག་གིས་འཚོས་ཤིང་ལྗང་མདོག་གི་རྣམ་པ་སེམས་ཀྱིས་སྤྱོད་ཀྱིན་དགའ་སྤྲོ་དང་རེ་སྒུག་ཟུང་འབྲེལ་སྒོས་ཕ་ཡུལ་ནས་ལམ་དུ་ཆས་ཏེ་གནས་མཇལ་དུ་ཕྱིན་པ་ཡིན། ངའི་མིག་ལ་ངོམ་པའི་མཐའ་ཡས་པའི་རྩྭ་ཐང་གི་དཔལ་ཡོན་གྱིས་ང་ཚོ་གནའ་མཇལ་བ་དག་གི་ཡིད་ལ་ཚོར་བ་ག་འདྲ་ཞིག་བསྐྱེད་ཀྱིན་ཡོད་པ་ངས་གསལ་བོ་ཞིག་བརྗོད་ཁག་ན་ཡང་། ང་ནི་མ་ཡུམ་གངས་ལྗོངས་ཀྱི་མཚར་སྡུག་སྣ་ཚོགས་ཀྱིས་ཡོངས་སུ་དྲངས་ནས་འགྲོ་དགོས་པའི་ཕྱོགས་སུ་བསྐྱོད་མཚམས་རེ་ཞིག་བཞག་སྟེ་ཡུལ་དེའི་གོས་ལྗང་ཐང་ལ་བཏིངས་འདྲའི་སྤང་ངོགས་ནས་གན་རྐྱལ་དུ་ཉལ་ཏེ་ནམ་མཁའི་མཐོངས་སུ་རྒྱུ་བའི་སྤྲིན་པའི་ཚོགས་ཀྱི་སྟངས་སྟབས་ལ་བློ་བདེ་བག་ཕབ་ཀྱིས་བལྟ་དགོས་བྱུང་། དེ་ལས་ཀྱང་ཡིད་སེམས་དབང་མེད་དུ་འགུགས་པར་བྱེད་པ་ཞིག་ནི་རྒྱང་རིང་གི་སྨུག་ལོང་ཁྲོད་ནས་དལ་གྱིས་གྲགས་ཤིང་སྙན་ལྷང་ངེར་ཐོས་པའི་གཞན་གསོས་བུ་ཡི་གསུངས་སྐད་ཀྱིས་ཡུན་རིང་ལ་ཁུ་སིམ་མེར་སྡོད་པའི་ངའི་སེམས་ཁམས་ལ་སྔ་ན་མེད་པའི་སྤྲོ་སྣང་ཁྱད་པར་ཅན་ཞིག་སྦྱིན་བྱུང་བ་རེད།
   ང་ཚོ་རླངས་འཁོར་དུ་བསྡད་དེ་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་ནས་སོང་བ་ན་ལམ་འགྲམ་གྱི་མུ་ཏིག་གི་ཕྲེང་ཐག་ཆད་འདྲའི་ནོར་ལུག་གི་ཁྱུ་དག་ནི་ང་དང་ལྡོག་ཕྱོགས་ཀྱི་ལམ་དུ་སྐད་ཅིག་སྐད་ཅིག་ཏུ་ཡལ་འགྲོ་ན་ཡང་། སྣང་ཚུལ་དེ་དག་གིས་ངའི་བྱིས་པའི་དུས་ཀྱི་དོན་དག་མང་པོ་ཞིག་ལ་ཕྱིར་དྲན་བྱེད་དུ་བཅུག་པས་ང་ནི་ཡུད་ཙམ་ལ་ཁ་ཁུ་སིམ་མེར་འདས་དོན་གྱི་ཀློང་དུ་ཞུགས་དགོས་སོང་། དུས་ཚོད་ག་ཙམ་ཞིག་ལ་བསྐྱོད་པ་ངས་ཀྱང་མི་ཤེས་གང་ལྟར་ང་འདས་དོན་གྱི་ཀློང་ནས་སད་དེ་ཞིབ་དུ་བལྟས་པ་ན་ང་ཚོ་གཞི་ནས་ཆུ་མཛོད་ཆེན་པོ་ཞིག་གི་འགྲམ་དུ་སླེབས་འདུག་ཅིང་ས་འཛིན་གྱི་ཕྲེང་བས་བསྐོར་བའི་དཀྱིལ་དུ་སྔོ་ལྟེམ་མེར་འཁྱིལ་བའི་རྫིང་བུ་དེ་ནི་གཡུ་ཡི་མེ་ལོང་ཞིག་དང་འདྲ་བར་ང་ཚོ་དང་བཅས་མཐའ་འཁོར་གྱི་རི་བོ་དང་ནགས་ཚལ་ལ་སོགས་ཀྱི་སྣང་བརྙན་ཆུ་ངོས་སུ་གསལ་བོར་མཐོང་ཐུབ། གནས་དེ་ནི་ས་བཅུད་ཆེ་ཞིང་ཆུ་བཟང་བ། ལྗོན་པ་དང་རྩི་ཏོག་ཕུན་སུམ་ཚོགས་པ་སྐྱེ་ཡོད་པས་མི་ཡུལ་གྱི་དག་ཞིང་ཞེས་པ་ནི་འདི་མིན་ན་གང་ཡིན་སྙམ་པའི་མཚར་སྣང་ཞིག་ཡིད་ལ་དབང་མེད་དུ་སྐྱེས་བྱུང་། ཆུ་མཛོད་གཡས་གཡོན་དུ་འཚོ་བ་རོལ་གྱིན་ཡོད་པའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་ཀྱང་རང་རང་ས་ནས་སོས་དལ་བ་མེད་པར་རང་གི་ལས་འགན་ལ་བརྩོན་གྱིན་ཡོད་པ་ལས་དུས་རབས་གསར་བའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ག་འདྲ་ཞིག་ལ་སླེབས་ཡོད་པ་ངང་གིས་ཤེས་ཐུབ་པ་རེད།
   ང་ཚོ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མུ་མཐུད་དུ་ལམ་དུ་ཆས་ནས་ཡུན་རིང་མ་འགོར་བས་བཀྲ་ཤིས་ཆོས་རྫོང་ཞེས་པའི་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ཤིང་ཞྭ་སེར་བསྟན་པའི་བདག་པོར་གྱུར་བའི་རི་བོ་དགེ་ལྡན་པའི་དགོན་པ་དེ་ང་ཚོའི་ཐུན་མོང་གི་མིག་ལ་གསལ་ལེར་མངོན་པ་དང་མཉམ་དུ་བསང་དུད་ཀྱི་དྲི་ངད་དང་ཆོས་དང་དུང་གི་རང་སྒྲ་སོགས་ཀྱིས་ང་ཚོའི་ཡིད་ཀྱི་སྐྱོ་བ་མཐའ་དག་སྐད་ཅིག་ཉིད་ལ་གཞོམ་པར་བྱས་པ་ལྟ་བུའི་དད་འདུན་ཞིག་གིས་མུ་མཐུད་དུ་སླེབས་ལ་ཉེ་བའི་དགོན་པའི་ཕྱོགས་སུ་མིག་ཟུང་གཡེངས་པ་མེད་པར་བལྟ་དགོས་སོང་། བཀྲ་ཤིས་ཆོས་རྫོང་དགོན་པ་དེ་ནི་བརྗིད་ཅིང་ལྟ་ན་སྡུག་པའི་མིང་མི་ཐོགས་པའི་རི་བོ་གསུམ་གྱི་དབུས་སུ་བཞེངས་ཡོད་པས་དགོན་པའི་མཐའ་འཁོར་དུ་དཔའ་ངར་ཞུམ་མེད་སྒོས་མཁའ་ལ་ཟུག་པའི་རི་བོ་དེ་གསུམ་གྱིས་བཀྲ་ཤིས་ཆོས་རྫོང་ཞེས་པའི་དགོན་པ་འདིའི་ཕྱོགས་བཞི་དགྲ་བཞི་འདུལ་བའི་ལས་ལ་ཞུགས་ཀྱིན་ལོས་ཡོད་སྙམ་པའི་མཚར་སྣང་ཞིག་ཀྱང་ཡིད་ལ་སྐྱེས་སུ་འཇུག་པ་རེད།
   བཀྲ་ཤིས་ཆོས་རྫོང་དགོན་པའི་འདུ་ཁང་དང་སོགས་ཀྱི་ཡང་སྟེང་དང་རྒྱ་ཕིབས། ཀ་བེད་སོགས་ཀྱི་སྟེང་དུ་བོད་ལུགས་ལག་རྩལ་གྱི་རྨད་དུ་བྱུང་བའི་རི་མོ་སྣ་ཚོགས་བརྐོས་ཡོད་པ་ཡིན་ལ། འདུ་ཁང་གི་ནང་དུ་འཛུལ་མ་ཐག་ཏུ་ཐོག་མར་མིག་གི་ལམ་དུ་གསལ་བོར་མངོན་ཐུབ་པ་ནི་སྟོན་པ་ཤྰཀྱ་ཐུབ་པའི་གཙོ་སྐུ་དེ་ཤྰ་རི་བུ་དང་ཀུན་དགའ་བོ་གཉིས་ཀྱི་སྲི་ཞུ་དང་ལེན་གྱིས་ཚུལ་དུ་བཞུགས་ཡོད་པ་ཡིན་ཞིང་གྲལ་བསྟར་བསྒྲིགས་པའི་བཞུགས་ཁྲི་དང་གྱང་ངོས་སོགས་སུ་བཀོད་པའི་ལྡེབས་རིས། ད་དུང་སངས་རྒྱས་སྟོང་སྐུ་དང་བཀའ་བསྟན་གྱི་དཔེ་ཆ་སོགས་ཀྱིས་ང་ཚོལ་ར་སྤྲོད་བྱེད་བཞིན་ཡོད་པ་ནི་ང་ཚོ་བོད་པའི་རིག་གནས་ནི་རྫོངས་མཐུག་ཅིང་བླ་ན་མེད་པ། མི་རིགས་གཞན་གྱིས་འགྲམ་ཆུ་ལྡང་བར་བྱེད་པའི་ཡོན་ཏན་ཁྱད་དུ་འཕགས་པ་དང་ལྡན་པ་ཤ་སྟག་ཡིན་པ་དེ་རེད། དགོན་པའི་འདུ་ཁང་ནས་གཡས་ཕྱོགས་སུ་སྨི་ཉི་ཤུ་ཙམ་ཞིག་སོང་བ་ན་བཟོ་བཀོད་ཁྱད་དུ་འཕགས་པའི་མཆོད་རྟེན་ཞིག་བཞེངས་ཡོད་པ་ནི་ཡུལ་དེར་ཆར་ཆུ་དུས་ལྟར་མ་བབས་པར་དད་ལྡན་མང་ཚོགས་ཀྱིས་ཆར་གྱི་དངོས་གྲུབ་ཐོབ་སླད་དུ་བཞེངས་པ་རེད་ཞེས་སྨ་ར་དཀར་བོར་གྱུར་བའི་ཨ་ཁུ་བགྲེས་པོ་ཞིག་གིས་ང་དང་ང་འདྲ་བའི་དད་ལྡན་མཇལ་བ་དག་ལ་གསལ་བཤད་བྱེད་ཀྱིན་ཡོད་པ་རེད།
   བཀྲ་ཤིས་ཆོས་རྫོང་ཞེས་པའི་དགོན་པ་འདི་ནི་ཇ་སག་ཏྰ་བླ་མ་རྗེ་བཙུན་བློ་བཟང་སྐལ་བཟང་རྒྱལ་མཚན་གྱིས་ཕྱག་བཏབ་པ་ཡིན་ལ། ཁོང་ནི་སྐུ་ཕྱོགས་མཁར་སྔོན་ཧོ་ཐོག་རྗེ་བཙུན་འཇིགས་མེད་ཤེས་རབ་རྒྱ་མཚོས་ཐུགས་བཀོད་ལྟར་འཇམ་དབྱངས་བླ་མ་ཁྲི་གུང་ཐང་བ་རྗེ་བཙུན་འཇིགས་མེད་བསྟན་པའི་དཔལ་བཟང་བོ་དང་འཇམ་མགོན་བསྟན་པའི་གསལ་བྱེད་དམ་པ་ལྰ་མོ་ཡོངས་འཛིན་རྡོ་རྗེ་འཆང་བློ་བཟང་མཁས་གྲུབ་རྒྱ་མཚོ་རྣམ་གཉིས་ཀྱིས་ཇ་སག་ཏྰ་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་པ་རེད། སྤྱི་ལོ2000ཧོར་ཟླ་བཅུ་བའི་ལྷ་ལྡན་ལྔ་མཆོད་ཆེན་མོ་ནས་བཟུང་མདོ་སྨད་དྷྰི་ཚ་དགོན་དུ་སྡེ་སྣོད་རྒྱ་མཚོའི་མངའ་བདག་རྗེ་བཙུན་བློ་བཟང་གྲགས་པ་རྒྱལ་མཚན་དཔལ་བཟང་བོ་མཆོག་དང་། ཁ་སྒང་རྡོ་རམས་པ་ལུང་རིགས་རྒྱ་མཚོ། རབ་འབྱམས་པ་གཡོན་ཏུ་བློ་བཟང་། ལྔ་རིག་སྨྲ་བའི་དབང་བོ་རྨོག་རུ་པ་ཡེ་ཤེས་རྒྱ་མཚོ་སོགས་དགེ་བའི་བཤེས་བསྙེན་དུ་མ་བསྟེན་ནས་ལུང་སྡེ་སྣོད་གསུམ་སོགས་ལ་སློབ་གཉེར་གནང་བའི་ཞོར་དུ་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་འགྲིམས་ཏེ་སློབ་མཐར་ཕྱིན། སྤྱི་ལོ2013ལོའི་ཧོར་ཟླ10བའི་དགེ་ལྡན་ལྔ་མཆོད་ཆེན་མོ་དང་འབྲེལ་རིགས་སྨྲ་བ་དགེ་འདུན་པའི་ཁྲོད་ནས་ཕར་ཕྱིན་དམ་བཅའ་ལེགས་པར་བཞེས་པ་རེད། 2015ལོར་གནས་འདིར་ཕེབས་ཏེ་བཀྲ་ཤིས་ཆོས་རྫོང་དགོན་པབཞེངས་པ་རེད། བཤད་མཚམས་འདིར་ཐོན་པ་མ་ཐག་གནས་མཇལ་བ་གཞན་ཞིག་གིས་ད་ལྟ་བཀྲ་ཤིས་ཆོས་རྫོང་དགོན་པའི་དགོན་བདག་གམ་དགོན་པ་འདི་གསར་བཞེངས་བྱེད་པའི་ཇ་སག་ཏྰ་བླ་མ་ངོ་སྤྲོད་བྱེད་པར་བར་ཆད་བཏང་བ་བཞིན་ང་ཚོར་ངོ་སྤྲོད་བྱེད་མཁན་གྱི་ཨ་ཁུ་དེའི་ལག་མགོར་བཟུང་ནས་བཙན་གྱིས་འདུ་ཁང་དུ་ཁྲིད་སོང་བས་ང་དང་གནས་མཇལ་བ་དག་ནི་རེ་ཞིག་ལ་གནས་དེ་ནས་འགུལ་མེད་སྒོས་ཨ་ཁུའི་རྗེས་སུ་བལྟས་ནས་སྡོད་པ་ལས་དད་ལྡན་མཇལ་བ་དག་གི་ཡིད་ཀྱི་དྭངས་མ་ཅིག་ཅར་དུ་འཕྲོག་ཟིན་པ་ངང་གིས་རྟོགས་ཐུབ་པ་རེད།
   ས་རུབ་རག་བར་དུ་ང་ཚོས་ཅུང་མགྱོགས་མོའི་ངང་ནས་དགོན་པའི་ཕྱི་ནང་བར་གསུམ་ལ་གནས་མཇལ་ཡིད་ཚིམ་པ་ཞིག་བྱས་རྗེས་སེམས་ཀྱི་རེ་བ་གང་ཞིག་ལེགས་འགྲུབ་བྱུང་སོང་བ་ལྟ་བུའི་སྤྲོ་སྣང་གིས་ཡང་བསྐྱར་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་དུ་ཆས་མོད། ངའི་སེམས་ད་དུང་བཀྲ་ཤིས་ཆོས་རྫོང་དགོན་པའི་དགེ་མཚན་གྱིས་དྲངས་ནས་ཕྱིར་འགུགས་ཀྱི་ནུས་པ་ཡང་མེད་པར་གྱུར་འདུག་གོ།