ཕུགས་བསམ། ནོར་འབུམ་རྒྱལ།

རྩོམ་པ་པོ།:ནོར་འབུམ་རྒྱལ། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། ནོར་འབུམ་རྒྱལ།
འཛིན་གྲྭ། དམའ་གསུམ་བཅུ་གསུམ།
  ཕུགས་བསམ་མེད་ཚེ་ང་ཚོ་ནི་རྣམ་ཤེས་ཀྱི་མགྲོན་པོ་མེད་པའི་ཚེ་སྲོག་གི་ཁང་སྟོང་ཞིག་ཡིན།དུས་ཚོད་ཀྱིས་ང་ཚོ་ལ་བརྩེ་བ་གནང་གིན་ཡོད་ལ་འཆི་བ་ཡང་གཏོད་ཀྱིན་ཡོད་པས་ཕུགས་བསམ་གྱི་ཁ་ཕྱོགས་ལ་བརྩོན་ལེན་དང་ཕུགས་བསམ་གྱི་དོན་དུ་ནུས་པ་གང་ཡོད་འདོན་དགོས་པ་ནི་སྨོས་མ་དགོས་སོ། གལ་ཏེ་མི་སུ་དང་གང་ཞིག་ཡིན་རུང་ཕུགས་བསམ་ཡོད་པས་མདུན་བསྐྱོད་བྱེད་དགོས་པ་ཡིན་ལ་ཕུགས་བསམ་མངའ་བས་ད་གཟོད་གཞན་ལས་འཕགས་པའི་རྒྱལ་ཁའི་ཡང་རྩེར་སྙེགས་དགོས་པ་རེད། ཕུགས་བསམ་དང་བྲལ་བའི་མི་ནི་དོན་གྱིས་བསམ་མི་ཤེས་པའི་མི་ཞིག་དང་ཕུགས་བསམ་དང་ལྡན་པའི་མི་ནམ་ཡང་རྒྱལ་ཁ་ལས་ཕམ་ཁ་མེད་པའི་དུས་རབས་ཀྱི་དཔའ་བོ་ཁོ་ནའོ།།
 འཇིག་རྟེན་སྟེང་གི་མི་རེ་རེ་ལ་རང་རང་གི་ཕུགས་བསམ་རེ་ཡོད་ལ།སེམས་པའི་གཏིང་སར་འཐིམས་པའི་ཕུགས་བསམ་དེ་ཐོག་མར་རྨི་ལམ་ལས་མགོ་བརྩམས་པ་ཡིན་ལ་བར་དུ་འབད་འབུངས་ལས་ནར་སོན་པ། མཐའ་མར་བདེ་སྐྱིད་ཁྲོད་འགྲུབ་སྲིད་པ་ཞིག་ཡིན་པས་དཀའ་སྡུག་གི་བརྒྱུད་རིམ་མང་པོ་ཞིག་གི་བར་གསེང་ནས་ང་ཚོ་དཔའ་ངར་ཞུམ་མེད་སྒོས་ཕུགས་བསམ་དོན་གཉེར་གྱི་ཕྱོགས་སུ་བསྐྱོད་དགོས་སོང་། ཕུགས་བསམ་ཡག་པོ་ཞིག་ལྡན་ཚེ་ད་གཟོད་མི་ཚེ་ལ་རིན་ཐང་ལྡན་ཞིང་འཚོ་བ་ལ་དོན་སྙིང་ལྡན་སྲིད་པ་རེད། མི་ཚེ་འགྲུལ་བཞུད་ཀྱི་བགྲོད་ལམ་རིང་མོ་དེ་ཡང་ཕུགས་བསམ་གྱི་བསུ་མ་སྐྱེལ་མའི་ཁྲོད་ནས་ལམ་དུ་ཆས་དགོས་པ་ཡིན་པས་མཛེས་སྡུག་གི་ཕུགས་བསམ་དེ་ལེགས་འགྲུབ་འབྱུང་བར་ང་ཚོས་དཀའ་སྡུག་གི་རྔུལ་ཁྲག་ཇི་འདྲའི་མང་པོ་ཞིག་བརྡོལ་བྱུང་བ་ལའང་། འདི་ནི་ང་ཚོ་ལ་མཛེས་སྡུག་གི་ཕུགས་བསམ་ཞིག་ལྡན་ཆེད་ཡིན་ལ་ཕུགས་བསམ་གྱིས་ང་ཚོར་སྤྲད་པའི་རླབས་ཆེ་བའི་ལས་དོན་ཞིག་ཀྱང་ཡིན་སྲིད་དོ།།
    གྲོགས་པོ་ལགས། ཁྱེད་ཀྱི་ཕུགས་བསམ་ནི་ཅི་ཞིག་ཡིན་ནམ། འཇིག་རྟེན་འདིའི་རྨོངས་པའི་མུན་པ་སེལ་ནས་ཤེས་རིག་གི་སྒྲོན་མེ་སྦར་མཁན་གྱི་དགེ་རྒན་ཞིག་བྱེད་འདོད་དམ། ཡང་ན་འགྲོ་བ་ཀུན་གྱི་ན་ཚའི་སྡུག་བསྔལ་སེལ་ཏེ་བདེ་ཐང་གི་ཚེ་སྲོག་སྦྱིན་པའི་ལྷ་རྗེ་ཞིག་བྱེད་འདོད་དམ། ཡང་ན། བློ་ཡུལ་ལས་འདས་པའི་གསང་བ་ལྐོག་གྱུར་གྱི་བྱ་དངོས་མཐའ་དག་ལ་གསལ་འགྲེལ་ལམ་ཉི་ཟླ་སྐར་གསུམ་གྱི་བོངས་ཚད་དང་ཆགས་འཇིག་སྨྲ་བར་སྤོབས་པའི་ཚན་རིག་པ་ཞིག་བྱེད་འདོད་དམ། གང་ལྟར་ཡང་ང་ཚོ་མི་རེ་རེ་ལ་རང་གི་སེམས་སུ་སྐོང་ཞིང་སྦ་བའི་ཕུགས་བསམ་ཞིག་ཡོད་སྲིད་པས་ཁྱོད་ཀྱིས་ཕུགས་བསམ་མ་བསླུས་ཚེ་ཕུགས་བསམ་གྱིས་ཀྱང་ཁྱོད་རང་བསླུས་མི་སྲིད་དོ།། ཕུགས་བསམ་དང་ཕུགས་བསམ་བར་ནས་གླེང་མི་ཚར་བའི་ཕུགས་བསམ་ཡོད་ལ་ཕུགས་བསམ་དང་ཕུགས་བསམ་བསྡུར་ནས་འགྲན་མི་ཕོད་པའི་ཕུགས་བསམ་ཡང་ཡོད་སྲིད་པས་དོན་གྱིས་ཕུགས་བསམ་གྱིས་ང་ཚོ་མདུན་དུ་ཁྲིད་ཀྱིན་ཡོད་ལ་གཉའ་ནས་སྣོན་གྱིན་ཡང་ཡོད་པས་ཕུགས་བསམ་ལས་རྒྱལ་དགོས་ན་ཁྱོད་ལ་ཕུགས་བསམ་ལས་ལྷག་པའི་སྟོབས་ཤུགས་ཤིག་དང་རྒྱུན་ཆགས་ཤིག་ཡོད་དགོས་སོ།།
   ངའི་ཕུགས་བསམ་ནི་ཁྱོད་ཚོ་ལས་ལྡོག་སྟེ་བྱ་བ་གང་དང་གང་ཞིག་སྒྲུབ་ཅིང་འབད་བརྩོན་གྱི་ནུས་པ་ཇེ་ཆེར་བཏང་སྟེ་ད་ལོའི་འབད་འབུངས་ཀྱི་འབྲས་བུ་ནི་སང་ལོའི་འབད་འབུངས་ཀྱི་འབྲས་བུ་ལས་ཀྱང་གཡུར་དུ་ཟ་བ་ཞིག་ལོན་པར་བྱེད་རྒྱུ་དེ་ཡིན། རྒྱུ་མཚན་ནི་བྱ་བ་གང་དང་གང་ཞིག་སྒྲུབ་ཀྱང་འབད་བརྩོན་དང་ཁ་བྲལ་ཐབས་མེད་ལ་འབད་བརྩོན་དང་ཁ་མ་བྲལ་ཚེ་ང་ལ་ཡང་ཁྱོད་ཚོ་དང་འདྲ་བའི་རླབས་ཆེན་གྱི་ཕུགས་བསམ་ཞིག་ཡོད་པ་གོར་མ་ཆག་གོ། མཐར་གཏུགས་ན་ཕུགས་བསམ་ནི་ང་ཚོ་མི་རེ་རེར་དགོས་ཤིང་མཁོ་བའི་ཚེ་སྲོག་གི་དོ་ཡ་དང་འཕེལ་རྒྱས་ཀྱི་རྩ་བ་ཡིན་པས་ཕུགས་བསམ་ལྡན་དགོས་ལ་ཕུགས་བསམ་མངོན་འགྱུར་གྱི་སྙིང་སྟོབས་ཀྱང་ཡོད་དགོས་སོ།།