བརྩེ་བའི་དྲན་གདུང་། དཀོན་མཆོག་སྒྲོལ་མ།

རྩོམ་པ་པོ།:དཀོན་མཆོག་སྒྲོལ་མ། 2018-11-01
མཚོ་སྔོན་པོ་དྲ་བ།

རུས་མིང་། དཀོན་མཆོག་སྒྲོལ་མ།
འཛིན་གྲྭ། དམའ་གསུམ་འཛིན་ལྔ།
    ཨ་མྱེས་ལགས་ངས་རྟག་ཏུ་ཁྱེད་རང་དྲན་གྱིན་ཡོད་པ་ཁྱོད་ཀྱིས་ཚོར་བྱུང་ངམ། ངས་རྟག་ཏུ་ཁྱོད་ལ་དྲན་གདུང་གི་འབོད་སྐུལ་གཏོང་བཞིན་ཡོད་པ་ཁྱོད་ཀྱིས་ཐོས་བྱུང་ངམ། གམ་དུ་མེད་མེད་འདྲ་ཡང་ཡོད་ཡོད་དུ་སྣང་བའི་ཁྱོད་ཀྱི་གཟུགས་རིས་དང་ལྷད་མེད་ཀྱི་བརྩེ་བ་ཐམས་ཅད་དུས་ནམ་ཡང་ངའི་སེམས་པའི་དྲན་ངོས་སུ་བསུབ་ཐབས་མེད་པའི་འདས་དོན་གྱི་རི་མོ་ཁོ་ན་ཡིན། ཁྱེད་ཀྱིས་ང་ལགནངས་པའི་ཁ་སང་གི་ལེགས་སྐྱེས་དང་དེ་རིང་དྲན་རྟེན་སོགས་ནི་ངའི་མ་འོངས་པའི་ལམ་གྱི་བྲོ་ཁ་དང་སེམས་ཀྱིས་གཏད་སོ་ཡིན་པ་སྨོས་ཅི་དགོས།
    ཨ་མྱེས་ལགས། ཁྱོད་རང་སྟོན་ཀའི་སྡོང་ལོ་ཇི་བཞིན། ནམ་མཁའི་སྐར་མདའ་ནང་བཞིན། བསམ་དབང་དྲན་དབང་མེད་པར་བུ་མོ་ང་དང་བྲལ་ནས་ཡུལ་ཕྱོགས་གང་ཞིག་ལ་བུད་སོང་། ཉིན་དེར་བུ་མོ་ང་སློབ་གྲྭ་ནས་ཡུལ་ལ་འབྱོར་དུས་ཁྱོད་རང་གཞི་ནས་གཉིད་དུ་ཡུར་འདུག།དུས་དེ་ནས་བཟུང་ཁྱོད་ཀྱི་སྙིང་ལྟར་གཅེས་པའི་བུ་མོ་ང་ལ་ཁྱོད་ཀྱི་རྣམ་དག་གི་སློབ་གསོ་མྱོང་བའི་གོ་སྐབས་གཏན་དུ་བྲལ་སོང་། ལོ་ངོ་དུ་མ་འགོར་ཟིན་ན་ཡང་བུ་མོ་ངའི་སེམས་སུ་ཝ་ལེར་མངོན་འདུག་པ་ནི་ཉི་མ་དེར་ཁྱོད་རང་མལ་ཁྲིའི་སྟེང་དུ་གདོང་ལ་ཡིད་ཚིམ་དང་ངལ་དུབ་ཀྱི་རྣམ་པ་ཞིག་བཅངས་ཏེ་གཉིད་དུ་ཡུར་འདུག་པ་དེ་རེད། ཨ་མྱེས་ལགས་ཁྱོད་ཀྱིས་ཤེས་སྲིད་དམ། ཁྱོད་རང་བུད་སོང་བའི་ཉི་མ་དེ་ནས་བཟུང་བུ་མོ་ངའི་འཇིག་རྟེན་འདི་སྟོང་སྣང་དང་ལྷིང་འཇགས་ཀྱིས་ཁེངས་ཡོད་ལ་ཡིད་ཆད་དང་སྡུག་སྣང་གིས་ཀྱང་ཁེངས་ཡོད་པ་རེད། ངའི་མིག་ཟུང་འདི་ནམ་ཡང་བརླན་ཞིང་གཤེར་དོན། ངའི་སེམས་པ་འདི་ནམ་ཡང་སྨྲེང་ཞིང་འཁྱགས་དོན། ངའི་རྨི་ལམ་འདི་ནམ་ཡང་སྐྱོ་ཞིང་སྡུག་དོན། ཡོད་ཚད་ཁྱོད་མེད་པའི་སྟབས་ཀྱིས་ཡིན་ལ་ཁྱོད་དང་ཁ་བྲལ་བའི་དབང་གིས་ཡིན་པ་ངས་སུ་ལ་བཤད།
    ཨ་མྱེས་ལགས། འགྱུར་མེད་ལྷུན་པོ་ལྟ་བུའི་རང་གཤིས་དང་གཡོ་མེད་ཀ་བ་འདྲ་བའི་སྒོམ་ལུགས་སོགས་ནི་ངའི་བུ་མོ་ང་དོན་དག་ཆེ་མ་ཆུང་གསུམ་ལ་འཕྲད་པའི་སྐབས་ཀྱི་དཔྱད་གཞི་དང་ཕམ་པའི་དུས་ཀྱི་སྙིང་སྟོབས་སུ་གྱུར་ནས་ང་ལ་སྔ་ན་མེད་པའི་འགྱུར་མེད་ཀྱི་སྤོབས་སེམས་གནང་གིན་འདུག ཁྱོད་རང་ཡོད་པའི་དུས་སུ་ང་ལ་འཕྲད་པའི་དོན་དག་ཐམས་ཅད་ཁྱོད་ཀྱིས་ཞི་དུལ་གྱི་སྒོ་ནས་ཐག་གཅོད་བྱེད་པ་མ་ཟད་ངའི་མགོ་ལ་བྱིལ་བྱིལ་བྱས་ནས་ང་རརང་མུ་མཐུད་དུ་མདུན་བསྐྱོད་བྱེད་དགོས་པའི་སྤོབས་པ་བསྩལ། ཉིན་ཞིག་ལ་ང་རང་སློབ་གྲྭ་ནས་སློབ་གྲོགས་འགའ་ཡིས་བརྙས་བཅོས་བྱས་ནས་ངུ་བཞིན་པའི་སྐབས་སུ་ཁྱོད་ཀྱིས་“མི་ནི་སངས་རྒྱས་མ་ཡིན་པས་ནོར་འཁྲུལ་མི་འབྱུང་བ་ག་ལ་སྲིད། འོན་ཀྱང་ནོར་འཁྲུལ་འབྱུང་བཞིན་པའི་མིར་བཟོད་པ་དང་བྱམས་སེམས་ཀྱི་སྒོ་ནས་གསལ་འདེབས་བྱས་ཏེ་རྗེས་ཕྱོགས་ནས་ནོར་འཁྲུལ་གྱི་བྱ་བ་མི་སྒྲུབ་པར་རང་སྐྱོན་བཅོས་བསྒྱུར་བྱེད་དུ་འཇུག་དགོས།”ཞེས་ང་ལ་སློབ་གསོ་བཏང་བ་ཡིན། ད་དུང་ཁྱོད་ཀྱིས་ཟ་མ་ཟ་བའི་སྐབས་སུ་གདམས་གསེས་བྱེད་མི་རུང་བ་དང་ཆུད་ཟོས་སུ་གཏོང་མི་རུང་བ། ལྭ་བའི་ཡག་བཙོག་དགར་མི་རུང་བ། རང་གི་ཚད་ལས་བརྒལ་བའི་ཆ་རྐྱེན་མཐོན་པོ་འདོན་མི་རིགས་པ། མི་གཞན་པའི་བདེ་ཐང་དང་ལས་དོན་ལ་གནོད་པ་ཡོད་པའི་བྱ་བའི་རིགས་བྱེད་མི་རུང་བ་སོགས་ཁ་གསལ་ཁུངས་དག་གིས་ང་ལ་སློབ་གསོ་གནང་བ་སོགས་ནི་བུ་མོ་ངས་དུས་གཏན་དུ་བརྗེད་མི་སྲིད་པའི་མི་ཆོས་རིང་ལུགས་ཀྱི་བསླབ་བྱ་རྣམ་པར་དག་པ་ཅིག་གོ།
    ཨ་མྱེས་ལགས། ཁྱོད་རང་ཕ་མཐའ་རུ་སོང་ནས་དུས་ཡུན་ཤིན་ཏུ་རིང་བོ་ཞིག་འགོར་སོང་། འགོར་ཟིན་པའི་ལོ་ཟླ་འདི་དག་གི་ནང་དུ་ངས་ནམ་ཡང་གླེང་གིན་ཡོད་པ་ཁྱོད་ཡིན་ལ་དྲན་གྱིན་ཡོད་པ་དང་འཕྲད་པར་འདོད་པའང་ཁྱོད་རང་ཡིན་པ་སྨོས་ཅི་དགོས། ཁྱེད་ཀྱིས་ང་ལ་གནང་བའི་བརྩེ་བ་དང་སློབ་གསོ་མཐའ་དག་ངའི་སེམས་ནས་ནམ་ཡང་འདོར་མི་སྲིད། ཨ་མྱེས་ལགས། ཁྱོད་ཀྱི་སྙིང་དང་འདྲ་བའི་བུ་མོ་ངས་ཁྱོད་ཀྱི་སླད་དུ་མར་མེ་ཁྲི་འབུམ་སྒྲོན་མྱོང་ལ་གསོལ་འདེབས་གྲངས་མེད་ཀྱང་བྱེད་ཀྱིན་ཡོད་པ་རེད། མ་ཎི་ཁྲི་ཕྲག་འདོན་བཞིན་ཁྱོད་ཕྱོགས་ནས་འཇིགས་སྐྲག་དང་སྡུག་བསྔལ་མེད་པའི་སྐྱབས་འཇུག་གྲངས་མེད་ཞུ་བཞིན་ཡོད། ཨ་མྱེས་ལགས་གལ་ཏེ་ཁྱོད་ཀྱི་རྣམ་ཤེས་ལ་རང་དབང་ཞིག་ཡོད་ཚེ་བུ་མོ་ངའི་གམ་དུ་ཡང་ཡང་འབྱོར་ནས་ངའི་སློབ་སྦྱོང་དང་བྱ་བ་སོགས་ཀྱི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་རོགས། ཨ་མྱེས་ལགས་ཁྱོད་མེད་པས་བུ་མོ་ང་ནི་ཅི་འདྲའི་ཉམ་ཐག་པ་ཞིག་རེད་ཨང་། ཁྱོད་མེད་ན་ངའི་འཇིག་རྟེན་གྱི་ཉི་མ་ནུབ་སོང་། ངའི་ཤེས་རིག་གི་སྒྲོན་མེ་གཟིམ་སོང་། ངའི་བདེ་སྐྱིད་ཀྱི་ཚོར་བ་ཉམས་སོང་། ངའི་ལས་དབང་གི་ཁ་ཕྱོགས་ནོར་སོང་། དྲང་མོར་བཤད་ན་ཁྱོད་མེད་པས་ང་ལ་ཅི་ཡང་མེད། ང་ལ་གང་ཡང་མེད། ང་ཁེར་རྐྱང་ཡིན། ང་ཁེར་འགྲོ་ཡིན། ང་མགོན་མེད་པའི་བུ་མོ་ཉམ་ཆུང་ཡིན། ང་གྲོགས་མེད་པའི་མགྲོན་པོ་ལྡོམ་པོ་ཡིན། ངས་ནམ་ཡང་དྲན་གྱིན་ཡོད་པ་ཁྱོད་ཡིན་ལ་ངས་ནམ་ཡང་སྒུག་གིན་ཡོད་པ་ཡང་ཨ་མྱེས་ལགས་ཁྱོད་ཁོ་ན་ཡིན། ཁྱོད་ནམ་ཞིག་ལ་ཡང་བསྐྱར་ངའི་གམ་དུ་ལོག་ནས་ངའི་སློབ་སྦྱོང་དང་མདུན་ལམ་ལ་སྣེ་ཁྲིད་བྱེད་དམ།