༄༅། ། བོད་ཀྱི་གསོ་རིག་སྨན་པ་ཞིག་གིས་གཙང་སྦྲའི་འདུ་ཤེས་སྐོར་གླེང་བའི་གཏམ་རྐོ་ལོང་མིག་ཆུའི་ཐིགས་པ་ཞེས་བྱ་བའོ། ། 

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ལྷ་ས་བཻཌཱུརྱ་བདེ་ཐང་དྲ་ལམ། དུས་ཚོད།:2020-01-14 09:32:23 ཀློག་གྲངས།:
དེང་སང་ཚ་བ་ཆེ་བའི་ས་ཆ་དམའ་ས་ཁག་ཏུ་སོང་ན། ལུས་ལ་གཙང་སྦྲ་མེད་མཁན་གྱི་མི་ལ་མཐོང་ཆུང་བྱེད་ཤག་ཤག་རེད། སྔོན་ཆད་མཐོ་སྒང་པ་དག་ལའང་དེ་འདྲའི་དམའ་འབེབས་གཏོང་བའི་གཏམ་ཡོད་པ་གོ་མྱོང་། དེ་ཐོས་དུས་སེམས་ལ་ང་ཚོ་མཐོ་སྒང་གི་མི་ནི་སེམས་གཙང་མ་ཡོད་པ་དེས་འགྲིག་གི། ལུས་གཙང་མ་བྱ་རྒྱུ་དེ་ཁོར་ཡུག་སོགས་ཆ་རྐྱེན་མང་པོའི་ཚད་བཀག་ཡོད་ཕྱིར་ཁག་མེད་ཅེས་ཕ་རོལ་པོར་ཁ་རོག་གེར་གཤེ་གཤེའང་བཏང་མྱོང་ཡོད། དེ་བར་གྱི་ལོ་ངོ་བཅུ་ཕྲག་ཙམ་རིང་ལ་ང་རང་ལས་གནས་གཙོ་བྱས་ས་ཆ་གང་དུ་སོང་ཡང་ལྟ་ཚུལ་དེ་འདྲ་བ་ཞིག་བཟུང་ནས་རང་ཉིད་དང་མང་ཚོགས་ལ་འགེབ་སྲུང་ལྟ་བུ་བྱས་ཏེ་འོང་བ་ཡིན། 
ལས་གནས་ཁྲོད་དུ། ང་རང་གཞི་རིམ་བོད་སྨན་པ་ཞིག་ཡིན་པའི་ཆ་ནས། ལས་རིགས་མི་གཅིག་ཅིང་གཙང་སྦྲའང་དེ་བཞིན་མི་གཅིག་པའི་མང་ཚོགས་མང་པོར་ཐུག་གི་ཡོད། སུ་འོང་སྟེ་ཉལ་ཁྲིར་ཞུགས་ནས་སྨན་བཅོས་བྱེད་སྐབས། འདི་སྙིང་རྗེ་ཨང་སྙམ་པའི་བློ་ཁོ་ན་བཟུང་སྟེ། ཆེ་ས་གཅིན་དང་བཤང་བ། ཁྲག་དང་ཆུ་སེར། ཆུང་བ་རྐང་དྲི་རྔུལ་དྲི་ཡན་ཆོད་ལ་གཙང་བཙོག་བྱས་མ་མྱོང་ལ། ནད་པ་ཛོར་པོ་ག་འདྲ་ཞིག་དང་འཕྲད་ཀྱང་ཁ་སེམས་གཉིས་ནས་མི་འདོད་པའི་ཉོན་མོངས་སྐྱེས་མ་མྱོང་ལ་མི་དགའ་བའི་རྣམ་འགྱུར་ཡང་ཏིལ་ཙམ་བསྟན་མྱོང་མེད། སྨན་བླ་ཐུགས་རྗེ་ཆེན་པོ་མཁྱེན། རང་ཉིད་ཀྱང་ཆུང་དུས་སུ་ཞིང་འབྲོག་མཉམ་གཉེར་གྱི་ས་ཆ་ཞིག་ནས་དེ་ལྟར་ཕྱི་ལུས་ལ་གཙང་སྦྲ་མེད་པར་འཚར་ལོངས་བྱུང་སྟེ་འོང་བ་ཡིན། དེ་མ་ཟད་དུས་དེང་སང་ཡང་ངས་རང་ལུས་འདི་གཙང་མ་ཞིག་ཏུ་གཏན་ནས་བསམ་མ་མྱོང་། 
ནམ་རྒྱུན་ནད་པ་རྣམས་ལ་འཕུར་མཉེ་དང་སྐམ་ཁབ་བརྡེབ་སྐབས་དག་ན། རྐང་དྲི་སྣར་མི་བཟོད་པ་འཐུལ་ཞིང་དྲེག་པ་ནག་ཆིལ་ལེར་འདུག་པ་དེ་འདྲ་འཕྲད་ན་ཁ་ཤས་ནས་ཕྱིར་འགྱེད་སྲིད་ཀྱང་དེ་ལས་ལྡོག་ཏེ་ཀུ་རེ་རྩེད་མཚར་བཅས་རྐང་པ་པང་དུ་བཟུང་ནས་གཙང་སེལ་འདྲ་བྱས་ཏེ་ཁག་མེད་ཚུལ་བརྗོད་ཀྱི་ཡོད། སྤྱིར་མི་ལུས་ཀྱི་སྙིགས་མ་ཟེར་བ་དེ་ལ་ཞིམ་པོ་ཞིག་གར་འོང་། ཕྱི་ལུས་ཀྱི་སྙིགས་མར་བདག་པོ་མི་ཐུབ་པ་དེ་འདྲ་རང་ཉིད་གཙོ་བྱས་ཁོར་ཡུག་འདིར་གྲངས་མེད་འབྱུང་གི་ཡོད། མང་ཚོགས་དང་ནད་པ་འགའ་རེ་ནས་སྨན་པས་གཙང་བཙོག་ལ་མ་བལྟས་ཚེ་ངོ་ཚ་དང་བསྟོད་བསྔགས་སྦྲགས་མ་རེ་བྱེད་སྲིད་པ་ཡིན།  དེ་དུས་ང་ལའང་བསམ་གཞིགས་གང་མང་སྐྱེས་ཀྱི་ཡོད། བསྟོད་བསྔགས་རེ་རེ་བྱས་པའི་རྒྱབ་ན་ནད་པར་སེམས་ཁམས་སྐྱོ་བོ་རེ་ཡོད་པ་རེད། དེ་ནི་གཙང་སྦྲ་མ་བྱས་པའི་ངོ་ཚ་དང་འཚེར་སྣང་དེ་རེད། ནད་པ་མང་ཆེས་ནི་ཐེངས་རྗེས་མའི་སྨན་བཅོས་སྐབས་ལུས་པོ་གཙང་མ་འདྲ་བཟོས་ཏེ་ཡོང་གི་རེད། ཁ་ཤས་ཀྱིས་ལན་རེར་ཆེད་དུ་བདུག་དྲི་ཞིམ་པོ་དེ་འདྲའང་གཏོར་ནས་ཡོང་གི་རེད། མ་གཞི་དྲི་ཞིམ་ལ་མི་དགའ་བའི་མི་ཞིག་མེད་པ་རེད།  ཁོང་ཚོའི་བརྩི་འཇོག་ལྟ་བུའི་སྤྱོད་ལམ་དེ་དག་མཐོང་དུས། མཐོ་སྒང་གི་མི་རིགས་འདི་དག་ནི་སྤང་བླང་ལེགས་ཤིང་ཁྲེལ་ལ་བལྟ་བ་ཞིག་རེད་འདུག་སྙམ་པའི་དགའ་བ་དང་སེམས་འགུལ་ཐེབས་ཀྱི་ཡོད།  ངས་བསམ་ན་མཐོ་སྒང་གི་ཡུལ་མང་པོ་ན་རང་ལས་ལྷག་པའི་ནད་པར་གཙང་བཙོག་མི་བལྟ་མཁན་གྱི་བོད་སྨན་པ་མང་པོ་ཡོད་རེད་སྙམ། རྒྱུ་མཚན་ཡང་བོད་ཀྱི་གསོ་རིག་གི་བྱ་བྱེད་སྨན་པའི་གཞུང་ན་སྨན་པའི་ཆ་རྐྱེན་དུ་ཁྲག་རྣག་ལ་འཛེམ་མི་རུང་ཚུལ་དེ་འདྲ་བསྟན་ཡོད་པ་ཡིན། དེ་ལ་བལྟས་ན་ང་འདྲ་བའི་བོད་སྨན་པའི་བསམ་བློ་འཛིན་སྟངས་དེའང་ལན་རེར་རླབས་ཆེན་ཞིག་ཏུ་མཐོང་ཡོང་གི་འདུག། 
ཕྱིས་སུ་མཐོང་རྒྱ་མི་ཆོད་རུང་ང་ལ་ས་བབས་དང་མི་རིགས་མི་གཅིག་པའི་ནད་པ་མང་པོར་འཕྲད་རྒྱུ་བྱུང་། སྨན་བཅོས་ཀྱང་གང་འཚམ་བྱས་པ་ཡིན། ཐོས་རྒྱ་མི་ཆོད་རུང་སྨན་དཔྱད་གཞན་གྱི་ལེགས་ཆ་ལའང་སློབ་སྦྱོང་བྱེད་པའི་སྐབས་ཤིག་ན། ཕྱོགས་མང་པོ་ཞིག་གི་བསམ་བློའི་བཙིར་གནོན་འོག་ཏུ། ངས་ཡང་བསྐྱར་བོད་ཀྱི་གསོ་རིག་དང་གཙང་སྦྲ། མང་ཚོགས་དང་གཙང་སྦྲ་ཞེས་པའི་གནད་དོན་ཕྲ་མོ་དག་ལ་མནོ་བསམ་ཞིབ་མོ་མི་གཏོང་ཀ་མེད་རེད་འདུག། 
སྤྱིར་འཛམ་གླིང་སྟེང་གི་སྨན་དཔྱད་མི་འདྲ་གང་ཡིན་རུང་། སྨན་པས་ནད་པའི་གཙང་བཙོག་ལ་བལྟ་མི་རུང་ཚུལ་དེ་ནི་གཅིག་མཚུངས་རེད། གཙང་བཙོག་ལ་འཛེམ་མི་འཛེམ་ཞེས་པ་དེའང་སྨན་པའི་ཀུན་སྤྱོད་ལ་སྦྱར་ནས་བཤད་རྒྱུ་ཞིག་ཡིན་འདུག། གཙང་བཙོག་ལ་མི་བལྟ་བའི་ཀུན་སྤྱོད་ཡག་པོ་འདི་དེང་སང་བོད་ཀྱི་སྨན་པའི་ལུས་སྟེང་ན་མང་པོ་མཐོང་རྒྱུ་འདུག། དེ་ནི་ལེགས་ཆ་ཞིག་རེད་ལ་རྒྱུན་འཛིན་གཏོང་འོས་པ་ཞིག་ཀྱང་རེད། ནད་པ་འདི་ཛོར་པོ་ཁོ་ན་འདུག་པས་སྨན་བཅོས་མི་འདོད་པའམ་མི་འདོད་བཞིན་གྱི་སྨན་བཅོས་བྱེད་པ་དེ་ནི་འགྲོ་བ་ནད་པར་མཚོན་ན་སྡུག་བསྔལ་ཆེན་པོ་ཞིག་ག་ལ་མིན། ཡིན་ནའང་། ས་ཆ་གཞན་ན་ནད་པ་ཛོར་པོ་དེ་རིགས་ལ་བལྟ་སྟངས་ཡག་པོ་ཞིག་མེད་པ་འདྲ། གྲོང་ཁྱེར་ཆེ་སའི་སྨན་ཁང་ཁ་ཤས་ན་སྨན་པས་གཙང་སྦྲ་མེད་ཅིང་ཡིག་ངོ་མི་ཆོད་པའི་མཐོ་སྒང་གི་ནད་པ་འདྲ་བ་དག་སྒོ་ཟོག་འདེད་པ་བཞིན་ཀི་ཤུ་གཉིས་ཀྱི་སྒོ་ནས་ཕར་གཡུག་ཚུར་གཏོང་གིས་སྨན་བཅོས་བྱེད་པ་མཐོང་ན“གཙང་བཙོག་ལ་མི་བལྟ་བའི་བོད་སྨན་པ་སྤྱོད་བཟང”ང་ཚོའི་སེམས་ལ་ཡང་སྙིང་ཅི་ཞིག་འདོད་བྱུང་ངམ། དེ་ནི་ང་ལ་མཚོན་ན་བསྡུམ་དུ་མེད་པའི་རིག་གནས་འདུ་ཤེས་ཀྱི་ཧེ་བག་ཅིག་ཡིན།  
ད་ཆ་མནོ་བསམ་ག་ལེར་གཏོང་དུས། སྨན་པ་དང་མང་ཚོགས་སུ་ཡིན་རུང་། གཙང་སྦྲ་གཙོ་བོར་འཛིན་དགོས་པ་གཞི་ནས་གསལ་ཡོང་གི་འདུག། ནད་པར་ཕྱི་ལུས་ཀྱི་གཙང་སྦྲ་མེད་ན། ནད་དེ་ལ་གནོད་པ་ལས་ཕན་ཞིག་འབྱུང་མི་སྲིད་ལ། ཐ་ན་རང་ཉིད་ལ་དམའ་འབེབས་ཀྱང་རེག་གི་རེད། ཡང་སྨན་པར་གཙང་སྦྲ་མེད་ན་ནད་པའི་སྣང་ངོར་ཡང་ཅི་འཆར་རམ། སྨན་པའི་མཚན་ཉིད་ལ་ཡིད་ཆེས་སྐྱེས་མི་སྲིད་ལ། ཐ་ན་བརྩི་འཇོག་ཀྱང་ཡོང་གི་མ་རེད། དེ་ནི་དུས་ཀྱི་འགྱུར་བ་རེད། མི་ཡི་འགྱུར་བ་རེད། ནད་པའི་ལུས་ལ་གཙང་སྦྲ་ཡོད་ན་ནད་ཀྱི་ཁྲག་དང་ཆུ་སེར་སོགས་མ་གཏོགས། རྐང་དྲི་རྔུལ་དྲི་ལྭ་བ་སོགས་ཕྱི་ལུས་ཀྱི་གཙང་བཙོག་ལ་བལྟ་དགོས་པའི་སྨན་པ་ཞིག་འབྱུང་སྲིད་ཀྱི་རེད་དམ། ཕལ་ཆེར་མ་རེད། ནད་པ་ལུས་དྲི་ཞིམ་པོ་དེ་འདྲ་མཐོང་ན་སྨན་པ་ཡང་དགའ། ནད་པ་ཡང་སྐྱིད། ནད་ལའང་ཕན་པ་རེད། དོན་དམ་དུ། ང་ལ་ད་ལྟའི་བར་ཡོད་པའི་ནོར་འཕྲུལ་ལམ་ནོངས་པ་ཞིག་མཆིས་པ་དེ་ནི། ནད་པའི་གཙང་བཙོག་ལ་མ་བལྟས་པ་དེ་མིན་པར་ནད་པར་གཙང་སྦྲ་མེད་བཞིན་དུ་བཏང་སྙོམས་དང་འགེབ་སྲུང་བྱས་པ་དེ་རེད། དེ་ནི་ངའི་སྨན་པའི་ཀུན་སྤྱོད་ཁྲོད་ཀྱི་རྫུ་བག་ཁོ་ན་སྟེ།  རང་ཉིད་ལ་སྨན་བཅོས་ཀྱི་གཙང་སྦྲའི་འདུ་ཤེས་མེད་ཚེ་གཞན་ལའང་ཅང་མི་སྨྲ་བ་བཏང་སྙོམས་འཇོག་པ་དེ་རེད། དེའི་ཐད་ལ། ངས་མང་ཚོགས་ཚོར་འདིར་དགོངས་དག་ཞུ་བཞིན་ཡོད། སྨན་པ་ཞིག་ཡིན་ཚེ་མ་མཐའ་ཡང་ཕྱི་ལུས་ཀྱི་གཙང་སྦྲ་ཡག་པོ་ཡོད་དགོས་པ་རེད། དེ་མེད་རུང་གཙང་སྦྲའི་འདུ་ཤེས་ལེགས་པོ་ཞིག་རྒྱུད་ལ་འབྱོར་དགོས་པ་རེད། དེང་སང་ཁ་ཤས་ནས་བོད་སྨན་པར་གཙང་སྦྲའི་འདུ་ཤེས་ཟབ་མོ་མི་འདུག་འདྲ་བསམ་གྱི་ཡོད་པ་རེད། སྨན་བཟོ་སྐབས་ཡིན་ན་རེད། སྨན་བཅོས་བྱེད་དུས་ཡིན་ན་རེད།  སྐམ་ཁབ་སོགས་རྒྱག་དུས་ཡིན་ན་འདྲ། ཆ་བྱད་སྨན་རྫས་སོགས་འཁྲུ་ཙམ་དང་ཞལ་ཞལ་བྱས་པ་ཙམ་གྱིས་མི་འོང་པས། དེ་དག་གི་ཉེས་དམིགས་ལ་མ་འཛེམ་ན་ག་ལ་འོང་།  དེ་འདྲ་བྱས་ན་གཞན་གྱིས་ཀྱང་ང་ཅག་དམའ་སར་བཟུང་ཡོད་ངེས་རེད། ངས་ཀྱང་གཙང་བཙོག་ལ་མ་བལྟས་པར་ནད་པར་སྨན་བཅོས་བྱས་པའི་བརྒྱུད་རིམ་ཁྲོད། མགྲིན་པ་གཟེངས་སུ་བཏེགས་ཤིང་ཐབས་མཁས་ངང་ནས་ནད་པ་དང་མང་ཚོགས་ལ་ངེས་པར་དུ་ཕྱི་ལུས་ཀྱི་གཙང་སྦྲ་ཡག་པོ་གནང་ཚུལ་གྱི་རེ་བའམ་སློབ་གསོ་རེ་བརྒྱབ་ཡོད་པ་ཡིན་ན། ནད་པ་མང་པོས་རང་ཉིད་ཀྱི་ངོ་ཚ་དང་འཚེར་སྣང་ཙམ་ལ་བརྟེན་པ་མ་ཡིན་པར་རྒྱུད་རྣམ་དག་གིས་ད་ཆ་གཙང་སྦྲའི་འདུ་ཤེས་ལེགས་པོ་དང་ལེན་བྱས་ཡོད་ལོས་ཆེ། 
གང་ལྟར། གཙང་སྦྲ་དང་ན་ཚ་ཞེས་པར་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་དམ་ཟབ་ཡོད་ཚུལ་འཛམ་གླིང་སྤྱི་སྨྲ་བ་ཡིན་པས། དེ་ལ་བོད་སྨན་པ་དང་མང་ཚོགས་སུ་ཡིན་ཡང་རང་མཚང་དུ་མི་བསམ་པར་བསྒྱུར་བཅོས་ཡག་པོ་གནང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་སྙམ། ཡང་གཙང་སྦྲ་ཡོད་མེད་ཅེས་པ་དེ་ཕྱི་ཁོར་ཡུག་སོགས་ཆ་རྐྱེན་མང་ཉུང་དབང་གིས་འཇོག་དགོས་པ་ཞིག་གཏན་ནས་མ་རེད། ཆུ་མོད་ཅིང་ས་བབས་དམའ་བའི་གཞོང་ས་རྒྱ་ཡུལ་སོགས་ནའང་། ལྟོས་བཅས་ཀྱིས་གཙང་སྦྲ་མེད་པ་ཉུང་ངུ་ཡོད་སྲིད་པ་རེད། ས་གྲང་ངར་ཆེ་བའི་མཐོ་སྒང་ནའང་གཙང་སྦྲ་ཡོད་མཁན་ལྟོས་བཅོས་ཀྱིས་ཉུང་ངུ་ཡོད་སྲིད་པ་རེད། གཙོ་བོ་གཙང་སྦྲའི་འདུ་ཤེས་ཆགས་ཡོད་མེད་ཀྱིས་ཁྱད་འབྱེད་དགོས་འདུག། ལུས་ལ་གཙང་སྦྲས་མི་འདང་བ་དེ་ཕལ་ཆེ་བ་རང་ལུས་ཀྱི་འཕྲོད་བསྟེན་འདུ་ཤེས་སྟོང་བའི་དབང་རེད།  གཙང་སྦྲའི་འདུ་ཤེས་མེད་ན་གོང་བཞིན་ཉེས་པ་མང་པོ་བརྩི་རྒྱུ་ཡོད།  གཞན་གྱིས་རང་ལ་བསྙད་ན་སྐྱོན་མི་འདུག་མོད། རང་གིས་རང་ལ་བསྙད་ན་དངོས་ནས་ངོ་ཚ་ཞིག་ཏུ་འགྲོ་བར་འདུག། 
ཡང་དཔེ་གཅིག་བཞག་ན། ད་ལྟའི་བར་དུ་ང་ཚོ་མཐོ་སྒང་གི་མིས་རང་བྱུང་ཁོར་ཡུག་ལ་གཙང་སྦྲ་བྱེད་པའི་འདུ་ཤེས་དེ་ལྟོས་བཅས་ཀྱིས་ཅུང་ཟད་ཡག་པོ་བཟུང་ཡོད། དེ་ཡག་པོ་ཡོད་པའི་རྒྱུ་མཚན་ཡང་འདུ་ཤེས་དེ་སྐྱེད་བྱེད་ཀྱི་རིག་གནས་ཡ་མཚན་པ་ཞིག་ཡོད་པས་རེད། མཐར་གཏུགས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་རེད།  གནའ་བོའི་ལྷ་ཀླུ་རི་ཆུ་སོགས་ལ་བཀུར་གསོལ་ཞུ་བ་དང་། ཕྱི་སྣོད་དང་ནང་བཅུད་གཅིག་ལ་གཅིག་རྟེན་ཡིན་ཚུལ་གྱི་ལྟ་བ་དེ་དག་གིས་མང་ཚོགས་ལ་ཁོར་ཡུག་གི་གཙང་སྦྲའི་འདུ་ཤེས་ཡག་པོ་ཞིག་བསྐྱེད་པ་རེད། དེ་ནི་ས་ཆ་གཞན་དང་མི་རིགས་གཞན་དང་བསྡུར་ན་ལྟོས་བཅས་ཀྱིས་ཡག་པོ་ཡོད་པར་སྣང་། ལྟ་བ་དེ་དག་ནི་དུས་ཡོལ་པའི་ཟས་རོའམ། གད་སྙིགས་མ་ཡིན་ལ། རྗེས་ལུས་མ་ཡིན། རྨོངས་དད་ནི་དེ་བས་མ་ཡིན། ང་ཚོའི་འཚོ་གནས་ལ་ཕན་པའི་འདུ་ཤེས་བཟང་པོ་ཏག་ཏག་རེད། རིག་གནས་དེ་དག་ལ་གཞན་གྱིས་ཚབ་བྱེད་མི་ནུས། དེ་ལས་ལྡོག་ཏེ་ཕྱི་རོལ་ནས་དེང་སང་མཐོ་སྒང་གི་འབྲོག་པ་དང་ཞིང་པའི་"ས་གནམ་གཅིག་"དང་། "རི་ཆུ་མཉམ་འདྲེས"་ལྟ་བུའི་ཁྱིམ་དུད་ཚོའི་འཚོ་བ་རོལ་སྟངས་ལ་མིག་དཔེ་དང་སྨོན་པ་སྐྱེས་མགོ་ཚུགས་ཀྱི་ཡོད་པ་རེད། འཚོ་གནས་ལ་ཕན་པ་ཡོད་པའི་རིག་གནས་ཀྱི་ལྟ་དགོངས་སྤྱོད་གསུམ་ཞིག་ཡིན་ཕྱིན་དེ་ལ་རིན་ཐང་ཡང་ཧ་ཅང་ཆེན་པོ་ཡོད་པ་རེད།  དེས་ང་ཚོའི་མཐོ་སྒང་འདིར་གཞན་དང་མི་མཚུངས་པའི་འཚོ་བའི་ཁོར་ཡུག་དང་ཁ་དབུགས་ཡག་པོ་ཞིག་བསྐྲུན་ནས་ཡོང་ཡོད་པ་རེད། ཡིན་ནའང་།  ཁོར་ཡུག་གི་གཙང་སྦྲའི་འདུ་ཤེས་བཟང་པོ་དེ་དག་དང་བསྡུར་ན་གོང་སྨོས་བཞིན་མང་ཚོགས་སྒེར་པའི་གཙང་སྦྲའི་ཐད་ལ་ད་དུང་ཡང་ང་ཚོ་ཅུང་ཟད་རྗེས་ལུས་སུ་གྱུར་ཡོད། དེང་སང་སྐད་ཆ་འདི་འདྲ་ཞིག་ཡོད་དེ། "མཐོ་སྒང་གི་མི་དེ་ཚོ་མིག་ལ་མཛེས་ཀྱང་དྲི་མ་དེ་སྣ་ལ་བཟོད་དཀའ་བ་འདུག་"ཅེས་གླེང་གི་ཡོད། དེ་འདྲ་གླེང་ན་གླེང་ཆུགས་ཀྱང་།  དོན་དངོས་ཐོག་ནས་ང་ཚོ་མཐོ་སྒང་གི་ཞིང་འབྲོག་ས་ཆའི་མང་ཚོགས་ཕལ་མོ་ཆེར་སྒེར་གྱི་གཙང་སྦྲའི་ཐད་དོ་སྣང་ཆེན་པོ་མེད་པ་མངོན་སུམ་མཚོན་པ་རེད། ང་ཚོས་ལྷ་མདུན་སྐུ་མདུན་དང་མཆོད་ཁང་སོགས་སུ་འགྲོ་སྐབས་དང་བསང་གཏོར་རྒྱན་སྤྲོས་སྐབས་ཆེད་དུ་གཙང་སྦྲ་སོགས་བྱེད་པ་ཡིན། ལོ་ཉུང་ཚོས་འཇིག་རྟེན་སྣང་བ་འཚོལ་བའི་སྐབས་དང་། དུས་ཆེན་སྣ་ཚོགས། གཉེན་སྟོན་གར་སྟོན་སོགས་ཀྱི་སྐབས་སུ་ཆེད་དུ་ཁ་གདོང་མགོ་ལུས་གཙང་མར་བཀྲུས་ཏེ་རྒྱན་སྤྲོས་བྱེད། དེ་མིན། ནད་ཅན་སོགས་ཕུད་མི་མང་ཆེ་བས་རྒྱུན་དུ་ཁ་ཟས་གཡོས་སྦྱོར་གྱི་སྔོན་རྗེས་དང་། ཟས་ཟ་སྐབས། ཆབ་གཞུག་སོགས་སུ་ཁ་གདོང་ལག་གསུམ་ཉིན་རེ་བཞིན་གཙང་མར་འཁྲུ་མཁན་ཧ་ཅང་དཀའ་མོ་འོང་གི་རེད། དངོས་ནས་ཉུང་ཤས་རེད། མི་ནད་མེད་དར་མ་ཞིག་ལ་ཆ་མཚོན་ནའང་དབྱར་ཁ་ཚ་བ་ཆེ་བའི་དུས་སོགས་ལའང་ལུས་པོས་རྩོལ་བ་བྱས་རྗེས་སུ་ཆེད་དུ་ཉིན་ཁ་ཤས་བར་ནས་ཐེངས་གཅིག་ཆབ་ལ་ཞུགས་ཏེ། ལུས་ཀྱི་རྔུལ་དྲི་བསལ་ཐབས་ལ་འབུངས་པའི་འདུ་ཤེས་ཡག་པོ་ཞིག་མཐོ་སྒང་ཞིང་འབྲོག་གི་སྡེ་གང་ནའང་ད་དུང་འོང་མཁན་དཀའ་མོ་ཡོད་པ་མ་ཡིན་ནམ། ཐ་ན་གྲོང་ཁྱེར་སོགས་ཆུ་དང་དྲོད་ཀྱི་མཐུན་རྐྱེན་ཡོད་ས་དག་གི་མིས་ཀྱང་ཉིན་རེར་བཞིན་ཆབ་ཞུགས་གཙང་སྦྲ་ལ་འཇུག་ཐུབ་མཁན་ཡང་སྙིང་དུ་ཙམ་ཡོད། ཉིན་རེ་ལ་ཆབ་ཞུགས་མ་ནུས་ཀྱང་ཟླ་བ་རེ་ལ་ཁྲུས་མི་བྱ་མཁན་མང་པོ་ཡོད་པ་མ་ཡིན་ནམ། རང་བྱུང་གི་ཆ་རྐྱེན་ཞན་པ་དེ་གཙང་སྦྲ་བྱེད་དཀའ་བའི་རྒྱུ་མཚན་གཅིག་ཏུ་བགྲང་ཆོག་ན། རྒྱུ་མཚན་དེ་འདྲ་བ་མཐོ་སྒང་གི་ཡུལ་འདི་རུ་རྩིས་ན་གྲངས་ཀྱིས་མི་ཟིན་པ་མང་པོ་འདྲེན་རྒྱུ་ཡོད། དེ་ལྟར་ན་ནི་གཙང་སྦྲ་མི་བྱེད་པ་དེའང་མཐོ་སྒང་གི་མིའི་ཁྱད་ཆོས་སམ་རྒྱན་ཆ་ཞིག་ཏུ་ངོམས་ཆོག་ཆོག་རེད། སྒེར་གྱི་གཙང་སྦྲའི་འདུ་ཤེས་ཞན་པོ་ཡོད་པ་ནི་ཕྱི་ཡུལ་གྱི་མིས་བལྟ་དགོས་མི་འདུག། རང་ཅག་ནང་ཁུལ་ནས་ཕན་ཚུན་ལ་བལྟས་ཀྱང་མིག་མཐོང་ལག་ཟིན་འདྲ་པོ་ཡོང་གི་རེད། དེ་ཡང་གཙང་སྦྲ་ཞན་པ་དེ་མཐའ་གཅིག་ཏུ་མང་ཚོགས་ནས་ལན་པས་མིན་ལ་ཁོར་ཡུག་ཁོ་ནས་དབང་གིས་ཀྱང་མ་ཡིན། གཙང་སྦྲ་ཞེས་པ་གཙང་སྦྲའི་འདུ་ཤེས་དེ་སྐྱེད་བྱེད་ཀྱི་རིག་གནས་ཤིག་ལ་བརྟེན་དགོས་ཀྱི་ཡོད། ནང་སྒོས་སུ་བདེ་སྲུང་དང་འབྲེལ་བའི་གསོ་དཔྱད་རིག་གནས་ལ་བརྟེན་དགོས་ཡོད། དེ་ཡག་པོ་མང་ཚོགས་ལ་སྤྲོད་ཐུབ་མིན་ནི་བོད་ཀྱི་སྨན་པ་ཚོར་རག་ལས་ཡོད་པ་འདྲ། དེའི་ཕྱིར་ན། སྤང་བྱ་དེ་དག་འགེབ་སྲུང་བྱེད་པ་ནི་ཁོ་བོས་ནི་ནོར་འཕྲུལ་དུ་ངོས་བཟུང་བ་ཡིན་ལགས། 
ཁྱེད་ནས་ད་དུང་ཡང་ངའི་ལྟ་བ་ལ་གོ་བ་ལོན་དཀའ་ན། ངས་འདིར་གོ་བདེ་ཡོང་ཕྱིར་རྒྱུ་མཚན་རྣམས་བསྟར་ཆགས་སུ་བཀྲལ་ནས་འགྲེལ་བཤད་རེ་བྱས་ན་གསལ་པོར་འོང་ངེས་ཏེ། མི་སྒེར་གྱི་གཙང་སྦྲའི་འདུ་ཤེས་ཞེས་པ་དེ་ནི་མི་དེའི་བདེ་ཐང་དང་འབྲེལ་བ་དམ་པོ་ཡོད། མི་དེའི་བདེ་ཐང་གི་འདུ་ཤེས་ནི་མི་དེ་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་གི་གསོ་དཔྱད་ཀྱི་རིག་གནས་དང་འབྲེལ་བ་དམ་པོ་ཡོད། ཡང་གསོ་དཔྱད་ཀྱི་རིག་གནས་དེས་བདེ་ཐང་ལ་ཞབས་ཞུ་ཡག་པོ་ཐོབ་ཡོད་མེད་ནི་ས་དེའི་མང་ཚོགས་ལ་བདེ་ཐང་གི་འདུ་ཤེས་ཡག་པོ་ཞིག་བསྐྱེད་བསྲིང་བྱས་ཡོད་མེད་ཀྱི་སྟེང་ནས་མཚོན་ཐུབ། བདེ་ཐང་གི་འདུ་ཤེས་ག་ཚད་བཟང་ན་དེ་བཞིན་གཙང་སྦྲའི་འདུ་ཤེས་ཀྱང་ཇེ་ལེགས་སུ་འགྲོ་སྲིད་པ་ཡིན། 
དེའི་ཕྱིར་ན། མི་ལོ་སྟོང་ཕྲག་དུ་མར་མཐོ་སྒང་གི་མི་རིགས་འདིའི་བདེ་ཐང་ལ་རམ་འདེགས་དང་ཞབས་ཞུ་ཟོལ་མེད་བསྒྲུབས་ནས་འོང་བའི་བོད་ཀྱི་གསོ་རིག་ལ་མཚོན་ན་དུས་རབས་དང་གསོ་དཔྱད་སྣ་མང་གི་བཙིར་གནོན་འོག་ན། ལས་འགན་ལྕི་མོ་ཞིག་དང་འཕྲད་ཡོད་པ་ཡིན། གལ་སྲིད་ད་ལྟའི་ཆར་ཡང་སྔར་བཞིན་མཐོ་སྒང་གི་གསོ་དཔྱད་ཀྱིས་མཐོ་སྒང་གི་མང་ཚོགས་རྣམས་ལ་བདེ་ཐང་དང་གཙང་སྦྲའི་འདུ་ཤེས་བཟང་པོ་ཞིག་སྤྲོད་མ་ཐུབ་ཚེ། ནམ་ཚེ་སྨན་དཔྱད་གཞན་གྱིས་ཚབ་བྱེད་འགྲོ་བ་ཡིན། དེ་ནི་གསོ་དཔྱད་གང་དེ་སྔོན་གྱི་དུས་རབས་དང་མཐུན་ཡང་ད་ལྟའི་དུས་རབས་དང་མ་བསྟུན་ཕྱིར་མང་ཚོགས་ལ་ཞབས་འདེགས་མ་ནུས་པར་ཉམས་རྒུད་དུ་སོང་བའི་རྟགས་མཚན་མངོན་པ་ཡིན། གསོ་རིག་སྨན་པ་ཞིག་ཡིན་པའི་ཆ་ནས་ངས་དེ་རིང་གཙང་སྦྲའི་འདུ་ཤེས་ཞེས་གལ་པོ་ཆེ་ལ་ནན་ཏན་གྱིས་གླེང་དོན་ཡང་དེ་ཆེད་དུ་ཡིན། རང་ཉིད་ལ་གཤགས་བཅོས་བྱེད་དོན་དེ་ཡིན། སེམས་ཀྱི་བྲེད་ཤ་དང་འོ་དོད་ཀྱང་དེ་ག་ལགས་སོ། ། 
ཞེས་ནོར་བ་ལ་ཡོ་བསྲང་མཛད་རྒྱུའི་རེ་ཞུ་དང་བཅས་རང་རེ་མང་ཚོགས་དང་གསོ་རིག་རྒྱུད་འཛིན་རྣམས་ལ་ཕན་ཐོགས་རེ་ཨེ་འབྱུང་སྙམ་པའི་ཀུན་སློང་བཟང་པོས་རབ་གཡོས་ཏེ་གུས་བུ་དགུ་ལྕགས་ནག་ནས་བྲིས་པ་དགེའོ། ། གསོ་རིག་བསྟན་པ་ཉི་འོད་བཞིན་དུ་འཆར་བར་ཤོག ། ནད་ཅན་གདུང་བ་སྨག་རིམ་བཞིན་དུ་སེལ་གྱུར་ཅིག ། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།