༄༅། །བོད་སྨན་མུ་ཏིག་བདུན་ཅུའི་སྨན་སྦྱོར་ལག་རྩལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-25 10:35:10 ཀློག་གྲངས།:
བོད་སྨན་རིན་ཆེན་མུ་ཏིག་བདུན་ཅུའི་སྨན་སྦྱོར་འདི་ནི་དུས་རབས་བརྒྱད་པའི་སྐབས་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་ཉིང་བཅུད་དཔལ་ལྡན་རྒྱུད་བཞིའི་ནང་ཐོག་མར་ཡིག་ཐོག་བཀོད་ཡོད་པ་དང་བོད་ཀྱི་གསོ་བ་རིག་པའི་རྨང་གཞིའི་རིག་གཞུང་དང་བསྟུན་ནས་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ཁྲོད་སྐྱེས་པའི་རང་བྱུང་བོད་སྨན་རྒྱུ་ཆ་དང་སྲོལ་རྒྱུན་གྱི་བོད་སྨན་འདུལ་སྦྱོང་བྱེད་ཐབས་སྤྱད་ནས་གྲུང་པ་ཞིག་ཡིན། སྨན་སྦྱོར་འདིའི་སྦྱོར་ཚད་ཐུན་མིན་དང་རྒྱུ་ཆ་རྩ་ཆེན། འདུལ་སྦྱོང་ཚད་ལྡན།ལས་སྣོན་ཞིབ་ཚགས། ཕན་ཡོན་རྒྱ་ཆེ་བ།ཞོར་སྐྱོན་ཆུང་བ་བཅས་ཀྱིས་སྨན་ནུས་ཁྱད་འཕགས་ལྡན་པ་ཡོད་ཅིང་ལོ་ངོ་སྟོང་ཕྲག་གི་ནད་ཐོག་ལག་ལེན་ར་སྤྲོད་བྱས་པ་བརྒྱུད་སྨན་སྦྱོར་འདིས་སེམས་ཁམས་བདེ་བ་དང་ཁྲག་རླུང་སྙོམས་པར་བྱེད་པས་ནད་ཐོག་ཏུ་རྩ་དཀར་ནག་གི་ནད་རིགས་དང་རླུང་ཁྲག་མི་སྙོམས་པ་སོགས་བཀོལ་སྤྱོད་རྒྱ་ཆེ་ཞིང་ནད་མེད་ཀྱིས་བརྟེན་པས་ཀྱང་ལུས་སྟོབས་རྒྱས་ཤིང་མི་ན་བར་གནས་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ།།
ཉེ་བའི་ལོ་འདི་འགའི་རིང་རྫས་འགྱུར་སྨན་རྫས་ཀྱི་ཞོར་སྐྱོན་ཕོག་པའི་གནས་ཚུལ་ཉིན་ལྟར་ཇེ་སྡུག་ཏུ་མངོན་གསལ་འགྲོ་བཞིན་ཡོད་པའི་སྐབས་འདིར་འཛམ་གླིང་ཡོངས་ནས་རང་བྱུང་སླད་མེད་སྨན་རྫས་ལ་རེ་འབོད་ཀྱང་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད་ལ། དེ་བས་ལྷན་སྐྱེས་རང་བྱུང་གནོད་པ་ཆུང་བའི་བོད་སྨན་ལ་རྒྱ་ཆེ་འཛད་སྤྱོད་པས་གདེང་འཇོག་མཐོན་པོར་མཛད་བཞིན་ཡོད་པ་རེད། བོད་སྨན་ལ་རྒྱ་ཆེའི་ནད་པའི་ཡིད་རྟོན་དང་ཁས་ལེན་མཛད་པ་ཡིས་བོད་སྨན་གྱིས་བཅོས་དཀའི་ནད་ཐད་གསོ་རིག་གཞན་ལས་འབུར་ཐོན་གྱི་ནུས་པ་ཐོན་པ་དང་། བོད་སྨན་ནད་ཐོག་ལག་ལེན་ཁྲོད་རྩ་གྲིབ་དང་གཞོགས་ཕྱེད་རེངས་པ།ཞ་བ།བརྒྱལ་གཟེར།ཀླད་ཁྲག་འཁྱིམས་པ།ཀླད་པའི་མཚོ་འཁྱོམས་པ།སྙིང་ནད་ཅི་རིགས།ཁྲག་ཤེད་མཐོ་བ་སོགས་བཅོས་དཀའ་ལ་ཛ་དྲག་ཆེ་བའི་ནད་རིགས་ཐད་ཚད་མཐོན་པའི་ནད་ཐོག་རིན་ཐང་ལྡན་ཅིང་བོད་ལུགས་གསོ་རིག་ནད་ཐོག་ཁྲོད་མེད་དུ་མི་རུང་བའི་གོ་གནས་གལ་ཆེན་བཟུང་ཡོད་པ་རེད། 
སྨན་སྦྱོར་འདི་གསར་གཏོད་མཛད་པ་པོ་ནི་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་བྱ་བ་ཡིན་ཞིང་ཁོང་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་ལྷ་རྗེ་ཞིག་ཡིན་པས་སྨན་གྱི་བླ་མ་ཞེས་པའི་མཚན་སྙན་གསོལ་ཡོད་ཅིང་བཙན་པོའི་བླ་སྨན་ཡང་མཛད་གནང་མྱོང་བ་དང་། ཁོང་བོད་ཀྱི་ས་ཆ་གང་སར་ཕྱིན་ནས་དམངས་ཁྲོད་ཀྱི་ནད་བཅོས་ལག་ལེན་འཚོལ་སྡུད་དང་ཞིབ་འཇུག་མཛད་ནས་དམངས་ཁྲོད་ནད་ཐོག་ལག་ལེན་ཕྱོགས་བསྡོམས་དང་དེ་མིན་སྔ་རྗེས་སུ་རྒྱ་ནག་རི་བོ་རྩེ་ལྔ་དང་རྒྱ་གར།བལ་པོ་སོགས་རྒྱལ་ཁམས་ཕྱོགས་མེད་འགྲིམས་ནས་རྒྱལ་ཁབ་ཕྱི་ནང་གི་སློབ་དཔོན་དང་མཁས་པ་མང་དུ་བསྟེན་ཞིང་། རྒྱལ་ཁབ་ཕྱི་ནང་གི་མཁན་ཆེན་མང་པོ་བོད་དུ་གདན་དྲངས་ནས་རིག་གཞུང་བགྲོ་གླེང་སོགས་མང་དུ་མཛད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་རིག་པའི་གཞུང་ལུགས་ལ་བླང་དོར་བགྱིས་ནས་གསོ་རིག་གསུང་རྩོམ་སུམ་ཅུ་ལྷག་བརྩམས་ཡོད་ལ། ཆབས་ཅིག་ཏུ་བོད་ཀྱི་གསོ་རིག་གི་རིག་གཞུང་མ་ལག་ཀྱང་ངང་གིས་གྲུབ་པས་ཁོང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ཐོག་མར་སྐྲུན་མཁན་ཀྱང་ཡིན་ནོ།།
སྨན་སྦྱོར་འདིར་མུ་ཏིག་དང་བྱུ་རུ།གཟི་མིག་དགུ་བ།གཡུ།གླ་རྩི།གི་ཝང་།ཁ་ཆེ་གུར་གུམ།གངས་ལྷ་མེ་ཏོག་སོགས་རྩ་ཆེ་སྨན་སྣ་བདུན་ཅུས་གྲུབ་པ་ཡིན་ལ། མཚོ་བོད་མཐོ་སྒང་གི་ཐུན་མིན་ས་བབ་ཀྱིས་དེར་གནས་པའི་མི་རྣམས་ལ་སྙིང་ཀླད་ཁྲག་རྩའི་ནད་རིགས་འབྱུང་བ་མང་བས་རིན་ཆེན་བྱུར་དམར་བདུན་ཅུ་ནི་སྙིང་ཀླད་ཁྲག་རྩའི་ནད་རིགས་གསོ་བའི་རྒྱུན་སྤྱོད་སྨན་སྣ་ཞིག་ཡིན་པ་དང་།ནད་ཐོག་དྲག་སྐྱེད་བྱུང་ཟིན་པའི་ནད་པའང་གང་མང་ཡོད་པས་རིན་ཆེན་བྱུར་དམར་བདུན་ཅུ་ཞེས་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་མཁན་ཞིག་ལ་མཚོན་ན་སྨན་མཆོག་འདི་ཉིད་མི་ཤེས་མི་སྲིད་ལ། ཁྱད་པར་དུ་དཔལ་འབྱོར་འཛམ་གླིང་ཅན་དུ་གྱུར་པ་དང་བསྟུན་སྨན་མཆོག་འདི་ཉིད་རྒྱལ་ཁབ་ཕྱི་ནང་གི་ཚོང་རར་གོམ་པའི་འགྲོས་སྤོས་ཤིང་། ཁྱད་འཕགས་ཀྱི་གསོ་བཅོས་འབྲས་བུས་སྨན་མཆོག་འདིར་་ནད་པ་མང་པོས་ཡིད་རྟོན་ཐོབ་ཡོད་ལ་མཚན་སྙན་ཡང་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་ཡོད། དེའི་ཕྱིར་རིན་ཆེན་བྱུར་དམར་བདུན་ཅུ་ནི་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྙིང་སྟོབས་མཚོན་པའི་དར་ཆ་ལྟ་བུ་ཞིག་ཀྱང་ཡིན་ནོ།།
སྨན་སྦྱོར་འདིར་ལོ་ངོ༡༢༠༠ལྷག་གི་ནད་ཐོག་ལག་ལེན་གྱི་ལོ་རྒྱུས་ཡོད་ལ། གོ་ལའི་ཡང་རྩེ་རུ་འབོད་པའི་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་འཚོ་སྡོད་ཁོར་ཡུག་ཏུ་སྐྱེས་པའི་རང་བྱུང་བོད་སྨན་རྒྱུ་ཆ་མང་པོ་བདམས་ནས་སྲོལ་རྒྱུན་གྱི་བོད་སྨན་གྱི་འདུལ་སྦྱོང་བྱས་པ་ལས་གྲུབ་ཅིང་།ཁྱད་དུ་འཕགས་པའི་སྨན་སྦྱོར་དང་།ལེགས་པར་སྒྲིག་པའི་རྒྱུ་ཆ།ཚད་ལྡན་གྱི་འདུལ་སྦྱོང་།མངོན་གསལ་གྱི་སྨན་ནུས་སོགས་ཁྱད་ཆོས་དུ་མའི་ཕྱུག་པར་མ་ཟད། སྨན་གྱི་ཞོར་སྐྱོན་མེད་པར་བདེ་འཇགས་ཡིན་པ།ན་བ་གསོ་བ་དང་མི་ན་བ་ཚེ་རིང་བར་བྱེད་པ་དང་ལུས་སྟོབས་བསྐྱེད་ཅིང་བརྒྱལ་གཟེར་དང་གྲིབ་ནད་སོགས་སྔོན་འགོག་གི་ནུས་པའང་ཡོད།
དུས་ཀྱི་འཕོ་འགྱུར་གྱི་ཁྲོད་ཕུལ་དུ་བྱུང་བའི་རིག་གནས་མང་བོ་ཞིག་ཤེས་མེད་ཚོར་མེད་ངང་ཉམས་དམས་སུ་འགྲོ་བཞིན་པ་མངོན་སུམ་ཡིན་པའི་དུས་སྐབས་འདིར་བོད་སྨན་མུ་ཏིག་བདུན་ཅུ་འདིའང་ཆོས་ཉིད་འདི་ལས་མ་འདས།  དེས་ན་ཇི་ལྟར་ད་གཟོད་བོད་སྨན་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་བགྱི་ཐབས་ཤེ་ན། ཁོ་བོས་རྨོངས་བློར་ཕྱོགས་འགའ་ནས་འབད་བརྩོན་བགྱི་དགོས་སྙམ་ཏེ། ༡ འབྲེལ་ཡོད་སྡེ་ཁག་ལ་སྲུང་སྐྱོབ་ཆེད་དངུལ་རེ་ཞུ་བྱས་ནས་ཆེད་དངུལ་ཆེད་སྤྱོད་ཡོང་ཐུབ་པ་བྱ་རྒྱུ།༢ཕྱོགས་ཡོངས་ནས་གནའ་དཔེ་དཔྱད་གཞིའི་ཡིག་ཆའི་རིགས་སྣ་མང་འཚོལ་སྡུད་དང་ཕྱོགས་སྒྲིག གསབ་སྣོན་བྱེད་པ་དང་དེང་རབས་ཞིབ་འཇུག་རྒྱུ་ཆ་དང་གཤིབ་བསྡུར་མཛད་པ། ༢གནའ་དཔེ་རྒྱུ་ཆ་དང་དེང་རབས་ཞིབ་འཇུག་རྒྱུ་ཆའི་དཔྱད་གཞིའི་ཡིག་རིགས་དཔེ་སྐྲུན་གནང་བ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པ། ༣དངོས་མིན་ཤུལ་བཞག་རིག་གནས་མུ་ཏིག་བདུན་ཅུ་འདི་ཉིད་སྲུང་སྐྱོབ་བྱ་བའི་ཚོ་ཆུང་བཙུགས་ནས་ཆེད་ལས་མཁས་པའི་མཛུབ་སྟོན་དང་བཟོ་གྲྭའི་དཔོན་རིགས་ནས་ཚོ་དཔོན་འགན་ལེན་བྱེད་པ། ༣བཟོ་གྲྭའི་མགོ་ཁྲིད་ཁ་ཤས་བདམས་ནས་དཔྱད་གཞིའི་ཡིག་རིགས་ལ་ཡོངས་ཁྱབ་ཀྱིས་ཞིབ་གཤེར་ཚོ་ཆུང་འཛུགས་པ་བཅས་སོ།།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།