ལོ་ངོ་སྟོང་ལྔའི་སྔོན་གྱི་མཐོ་སྒང་གི་གཏམ་རྒྱུད་ཉན་བཞིན་མཁོ་ནོ་གྲོང་ཚོའི་གནའ་ཤུལ་ལ་མཇལ་བ།

རྩོམ་པ་པོ།:ལྷ་སྒྲོན་མཚོས་སྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2026-02-09 08:33:35 ཀློག་གྲངས།:
       ལོ་ངོ5000སྔོན་དུ་གནའ་བོའི་ཕ་མེས་ཡང་མེས་ཚོ་མཚོ་འཕགས་སྨི2500ཡི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གྲོག་རོང་དུ་གཞིས་ཆགས་པ་དང་། ཁོ་ཚོ་ཡང་མིག་སྔར་རྒྱུས་མངའ་བའི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་ཆེས་སྔ་བའི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་སྡོད་དམངས་ཡིན། ལོ་ཟླ་འགྱུར་ལྡོག་བྱུང་བ་དང་བསྟུན་ལོ་ངོ་སྟོང་ཕྲག་སྐད་ཅིག་ཙམ་གྱིས་འདས་ཟིན་པ་དང་། གནའ་རྫས་རྟོག་ཞིབ་པས་ལོ་ངོ5000ལས་བརྒལ་བའི་གཏམ་རྒྱུད་ཅིག་དེང་རབས་ལྟད་མོ་པའི་མིག་མདུན་དུ་བཤམས།
       ཟླ་དང་པོའི་ཚེས28ཉིན། «སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་རྡལ་མཁོ་ནོ་གྲོང་ཚོའི་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན»སི་ཁྲོན་དངོས་མང་བཤམས་སྟོན་ཁང་ནས་དངོས་སུ་མགོ་ཚུགས་པ་དང་། བསྡོམས་པས་མཁོ་ནོ་གྲོང་ཚོའི་གནའ་ཤུལ་ནས་སྔོག་འདོན་བྱས་པའི་ཚོན་ལྡན་རྫ་ཆས་དང་རྡོ་ཆས། རུས་ཆས། གཡང་ཊི་ཡོ་ཆས་སོགས་ཀྱི་རིགས་སོ་སོའི་རིག་དངོས334འགྲེམ་སྟོན་བྱས་པར་མ་ཟད། རི་མོའི་རྒྱུ་ཆ་རབ་དང་རིམ་པ་དང་། གནའ་རྫས་རྟོག་ཞིབ་ཡོ་ཆས་དང་ཟུང་འབྲེལ་གྱིས་ཟུར་མང་བ་དང་ཕྱོགས་ཡོངས་ནས་གནའ་ཤུལ་དེའི་སྔོག་འདོན་དང་ཞིབ་འཇུག་གི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གཙོ་བོ་མངོན། གསོན་ཉམས་ལྡན་པའི་ངང་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་ཕ་མེས་ཡང་མེས་ཚོས་ཁོར་ཡུག་དང་བསྟུན་པ་དང་འཚོ་སྡོད་བར་སྟོང་གཏོད་པའི་ཤེས་རབ་དང་སྤོབས་པ་མཚོན།
པར་འདི་ནི་ཡུལ་དངོས་སུ་འགྲེམ་སྟོན་བྱས་པའི་ས་ཁར་བུད་པའི་གནའ་རྫས་ཡིན།
       མཁོ་ནོ་གྲོང་ཚོ་གནའ་ཤུལ་རྙེད་པ་དང་སྔོག་འདོན་ནས་མཁོ་ནོ་གྲོང་ཚོའི་ཕ་མེས་ཡང་མེས་ཀྱི་འཚོ་སྡོད་རྣམ་པ། ས་ཁར་བུད་པའི་རིག་དངོས་ཀྱི་མཛེས་བ་དང་རྩ་ཆེན། འགྲེམ་སྟོན་ནང་བརྒྱུད་དུས་ཀྱོམ་ཀྱོ་ཆུ་འགྲམ་གྱི་ཕ་མེས་ཡང་མེས་ལོ་ངོ5000བརྒལ་བའི་བར་སྟོང་ཁ་བརྡ་ཞིག་བྱས་ནས། ཕ་མེས་ཡང་མེས་ཚོས་མཚོ་འཕགས་མཐོ་སའི་གྲོག་རོང་ནས་གཏན་སྡོད་བྱེད་པའི་ཤེས་རབ་ཉམས་སུ་མྱངས།
གནའ་བོའི་ཕ་མེས་ཡང་མེས་མཐོ་སྒང་ནས་གཏན་སྡོད་བྱེད་པའི་གཏམ་རྒྱུད་ནང་བསྐྱོད་པ།
       “འདི་ནི་གནའ་བོའི་ཕ་མེས་ཡང་མེས་མཐོ་སྒང་ནས་གཏན་སྡོད་བྱས་ནས་འཚོ་བ་རོལ་པའི་གཏམ་རྒྱུད་ཅིག་ཡིན”། དགུན་དུས་སུ“མཁོ་ནོ་གྲོང་ཚོའི་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྤེལ”ཡུལ་དངོས་སུ་བསྐྱོད་དུས་ཐོག་མར་མིག་ལམ་དུ་མངོན་པའི་འགྲེམ་སྟོན་པང་ལེབ་ཐོག་གོང་གི་ཚིག་དེ་བཀོད་ཡོད་ལ། དེས་ལྟད་མོ་པ་རྣམས་ལ་འགྲེམ་སྤེལ་འདིའི་གཞི་འཛིན་ས་གཙོ་བོ་སྟེ་མཁོ་ནོ་གྲོང་ཚོའི་གནའ་ཤུལ་ལ་རྒྱུས་ལོན་བྱེད་དུ་བཅུག
       མཁོ་ནོ་གྲོང་ཚོའི་གནའ་ཤུལ་ནི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་ལོ་རྒྱུས་སྔོན་གྱི་གནའ་ཤུལ་ཁྲོད་ཀྱི་ཆུ་ངོས་དང་བར་ཐག་ཆེས་ཉེ་བའི་གནའ་ཤུལ་ཡིན་པ་མ་ཟད། གནས་བབ་དང་བར་ཐག5500ནས4800ལོ་རྒྱུས་ལྡན་ཞིང་སྨི་གྲུ་བཞི་མ་ཁྲི10གཞི་ཁྱོན་ཟིན་པས། ད་ལྟའི་བར་དུ་སི་ཁྲོན་ནུབ་རྒྱུད་ཁུལ་ནས་རྙེད་པའི་ཆེས་སྔ་ཞིང་གཞི་ཁྱོན་ཆེས་ཆེ་བ། ཉར་ཚགས་ཆེས་ལེགས་པ། ས་ཁར་བུད་པའི་རིག་དངོས་ཆེས་ཕུན་སུམ་ཚོགས་པའི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་འདུས་འཛོམས་གནའ་ཤུལ་ལྟེ་གནས་ཡིན། ཡུལ་དངོས་ནས་འགྲེམ་སྟོན་གྱིས“རྗེས་འཚོལ”དང“ཐོག་མར་རྒྱུས་ལོན”“ཁུངས་འདེད”དོན་བརྗོད་གོ་རིམ་བྱས་ནས། བྱེ་བྲག་གིས་ད་ལྟའི་བར་དང་ལོ་ངོ5500ནས4800ལྡན་པའི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་འདུས་འཛོམས་གནའ་ཤུལ་ལྟེ་གནས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན།
       འགྲེམ་སྟོན་ཡུལ་དངོས་སུ་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པའམ་གནའ་རྫས་རྟོག་ཞིབ་སྔོག་འདོན་མགོ་ཁྲིད་ཀའོ་ཧན་གྱིས་བརྗོད་དོན། འགྲེམ་སྟོན་འདི་ནི་དུས་ཐོག་སྤེལ་བ་ཡིན་ལ། གནའ་རྫས་རྟོག་ཞིབ་ལས་དོན་མི་སྣས་སྔོག་འདོན་བྱེད་ཞོར་ལེགས་སྒྲིག་དང་། ཞིབ་འཇུག་ཞོར་དུ་གྲ་སྒྲིག་བྱས། “ཚང་མས་འགྲེམ་སྟོན་ནང་ནས་མཐོང་བའི་ནང་དོན་ནི་གནའ་ཤུལ་གྱི་ཞིབ་འཇུག་གྲུབ་འབྲས་གསར་པ་ཡིན”།
       ཡང་ཀའོ་ཧན་གྱིས། འགྲེམ་སྟོན་གྱིས་གནའ་ཤུལ་ནས་ས་ཁར་བུད་པའི་རིག་དངོས་འགྲེམ་སྟོན་བྱས་པ་མ་ཟད། ཆེས་གལ་ཆེ་བ་ནི་རིག་དངོས་དང་གནའ་ཤུལ་གྱི་ཞིབ་འཇུག་གྲུབ་འབྲས་རྨང་གཞི་སྟེ“མཁོ་ནོ་གྲོང་ཚོའི་གནའ་ཤུལ་ཕ་མེས་ཡང་མེས་ཀྱི་ཕྱོགས་སོ་སོ་སྟེ། ཁོ་ཚོ་འཚོ་སྡོད་བྱེད་པའི་རང་བྱུང་ཁོར་ཡུག་དང་ཐོན་སྐྱེད་རྣམ་པ། ལག་རྩལ། སྒྱུ་རྩལ་སོགས་འདུས། དེ་དག་ཚང་མ་འགྲེམ་སྟོན་ནང་འདུས”། དུས་དང་ཆབས་ཅིག་ཏུ་འགྲེམ་སྟོན་གྱིས་གནའ་རྫས་རྟོག་ཞིབ་ལས་དོན་མི་སྣའི“སྒེར་སེམས་ཆུང་ཆུང”ཡང་མཚོན་ཡོད། གནའ་རྫས་རྟོག་ཞིབ་ཡོ་བྱད་དང་ཉིན་ཐོ་སོགས་ཀྱི་རྗེས་འདེད་གནའ་རྫས་མངོན་པ་དེས་གནའ་རྫད་རྟོག་ཞིབ་ཚན་རིག་ཁྱབ་གདལ་སླ་མོར་བརྒྱུད་དེ་ལྟད་མོ་པར་གནའ་རྫས་རྟོག་ཞིབ་ལས་དོན་དང་གནའ་རྫས་རྟོག་ཞིབ་མི་སྣར་རྒྱུས་ལོན་བྱེད་དུ་བཅུག
པར་འདི་ནི་དངོས་མང་བཤམས་སྟོན་ཁང་ནས་འགྲེམ་སྟོན་བྱས་པའི་རྡོ་གྲི་ཡིན།
       བརྗོད་མ་དགོས་པ་ཞིག་ནི། ཤེལ་སྒོའི་བཤམ་སྒྲོམ་ནང་དུ་རྫ་ཆས་ཚོན་རིས་ཀྱིས་མཁོ་ནོ་གྲོང་ཚོའི་གནའ་ཤུལ་གྱི་རིག་གནས་འབྱུང་ཁུངས་གསང་ཡིག་མཐོང་ཐུབ། ཧའོ་ཧན་གྱིས། གནའ་རྫས་རྟོག་ཞིབ་དངོས་རྫས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ལོ་ངོ5000སྔོན་གྱི་མཁོ་ནོ་གྲོང་ཚོའི་གནའ་ཤུལ་དང་རྨ་ཆུའི་སྟོད་རྒྱུད་རིག་གནས་གཅིག་ཤུལ་གཅིག་འཛིན་ཡིན་པས་འབྲེལ་བ་དམ་ཟབ་ཡིན། “དེ་ལས་མངོན་པ་ནི། ལོ་ངོ5000སྔོན་གྱི་ཀྲུང་ཧྭ་དཔལ་ཡོན་སྣ་མང་གཞི་གཅིག་ཅན་གྱི་རྣམ་པ་ཆགས་མགོ་བརྩམས། མི་ཚོགས་མི་གཅིག་པ་མཉམ་འདྲེས་ཀྱིས་རིག་གནས་སྤེལ་རེས་འབྲེལ་འདྲིས་མཉམ་འདྲེས་སྐབས་དེར་བྱུང་བ་རེད”།
རིག་དངོས་ཀྱིས་མཁོ་ནོ་གྲོང་ཚོའི་ཕ་མེས་ཡང་མེས་ཀྱི་འཚོ་སྡོད་ཤེས་རབ་མཚོན།
       “རྗེས་འཚོལ”དང“ཐོག་མར་རྒྱུས་ལོན”“ཁུངས་འདེད”འགྲེམ་སྟོན་ཁང་དུ་རྒྱུ་དུས་ནང་དོན་གཙོ་བོ་གསུམ་གྱིས་ཕུན་སུམ་ཚོགས་པའི་འགྲེམ་རྫས་གཅིག་གིས་གཅིག་ལ་སྦྲེལ་པ་དང་། དེ་ནང་གནའ་རྫས་རྟོག་ཞིབ་ཀྱི་ཡོ་བྱད་དང་ཉིན་ཐོ་སོགས་ཀྱི་གནའ་རྫས་ཡོད་པ་མ་ཟད། སྡོད་གནས་དང་ཐབ་ཀ། རྫ་སྲོག་ས་སོགས་ཀྱི་འདུས་འཛོམས་གནའ་ཤུལ་ཡོད། ད་དུང་རྡོ་ཡི་སྟ་རེ་དང་ཁུང་འབིགས་རྡོ་གྲི རུས་གྲི་སོགས་ཀྱི་ཞིང་རྨོ་རྔོན་རྒྱག་ཡོ་ཆས་དང་ཚོན་རིས་རྫ་ཆས། གཡང་ཊི་ཡོ་ཆས། རུས་ཕྲེང་། རྫ་གདུ་སོགས་ཀྱི་མཛེས་ཆས་ཡོད།
       གླེང་རིན་ཡོད་པ་ཞིག་ནི། སི་ཁྲོན་ནུབ་རྒྱུད་མཐོ་སྒང་ས་ཁུལ་ནས་རྙེད་པའི་ད་ལྟའི་བར་ཆེས་སྔ་ཞིང་གྲངས་ཀ་ཆེས་མང་བ། རིགས་ཆེས་ཕུན་སུམ་ཚོགས་པའི་ཚོན་རྫ་དང་། འཕྲེད་རྒྱུག་རི་ཁུལ་གྱི་ཆེས་སྔ་བའི་སྐམ་འདེབས་ཞིང་ལས་གནའ་ཤུལ། ཉར་ཚགས་ལེགས་པའི་རུས་གྲི་སོགས་ཀྱི་གནའ་རྫས་རྩ་ཆེན་མཉམ་གྱིས་འགྲེམ་སྟོན་བྱས། གནའ་ཤུལ་ནས་ས་ཁར་བུད་པའི་རིག་དངོས་མང་ཤས་ཐོག་མར་འགྲེམ་སྟོན་བྱས་པ་ཡིན། དེས་གསོན་ཉམས་ཀྱིས་གནའ་བོའི་ཕ་མེས་ཡང་མེས་ཀྱིས་གྲོག་རོང་ནས་གཏན་སྡོད་བྱས་པ་དང་ཞིང་རྨོ་བ། རིགས་རྒྱུད་སྤེལ་བའི་འཚོ་བའི་རྣམ་པ་མངོན་པ་མ་ཟད། ཕ་མེས་ཡང་མེས་ཚོས་ཁོར་ཡུག་དང་བསྟུན་པ་དང་འཚོ་སྡོན་བར་སྟོང་གཏོད་པའི་ཤེས་རབ་དང་སྤོབས་པ་མཚོན།
       “འགྲེམ་སྟོན་བྱས་པའི་རུས་གྲི་ནི་རྒྱུ་ཆ་གཉིས་ལས་བཟོས་པ་མཐོང་ཐུབ”ཅེས་ཡུལ་དངོས་སུ་སི་ཁྲོན་དངོས་མང་བཤམས་སྟོན་ཁང་གི་འགྲེལ་སྒྲོག་པ་ཀྲའོ་གོ་མུའུ་ཡིས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས། མཁོ་ནོ་གྲོང་ཚོའི་ཕ་མེས་ཡང་མེས་དག་གིས་ཡོ་ཆས་དེ་བཟོ་དུས་རུས་པ་ཀོང་ཤུར་དུ་བརྡར་བ་དང་། དེ་ནས་བརྡར་ཟིན་པའི་རྡོ་ལེབ་རུས་པའི་ཀོང་ཤུར་ནང་བཞག་སྟེ་སྡེབ་སྒྲིག་ཆས་སུ་གྱུར། “རུས་པའི་མཉེན་གཤིས་ཆེ་བས་ཆད་མི་སླ། རྡོ་ནི་རྣོན་པོ་ཡིན་པས་དེ་གཉིས་ཟུང་དུ་སྦྲེལ་ན་ཡོ་ཆས་གཅིག་རྐྱང་གི་ཞན་ཆ་གསབ། དེས་ཀྱང་མཁོ་ནོ་གྲོང་ཚོའི་ཕ་མེས་ཡང་མེས་ཚོའི་ཤེས་རབ་མཚོན”།
       གཞན་ཡང་། ཚད་གཞི་མཐོ་བའི་གཡང་ཊིའི་ཡོ་ཆས་དང་རུས་པའི་སྐྲ་འཛེར། རུས་ཁབ། ཁ་མདོག་ཕུན་སུམ་ཚོགས་པའི་ཚོན་རྫ་སོགས། མཛེས་ཤིང་སྡུག་པའི་རིག་དངོས་དེ་དག་བརྒྱུད་ནས་གནའ་བོའི་ཕ་མེས་ཡང་མེས་ཚོའི་འཚོ་བའི་རྣམ་པ་དང་བསམ་པའི་འདུ་ཤེས་མཐོང་ཐུབ། ངོ་སྤྲོད་བྱས་པ་ལྟར་ན། འགྲེམ་སྟོན་དུས་ཡུན་ཟླ་དང་པོའི་ཚེས28ནས་ཟླ5པའི་ཚེས31བར་ཡིན། ལྟད་མོ་པ་རྣམས་སི་ཁྲོན་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་དེ་ད་ལྟའི་བར་དུ་སི་ཁྲོན་ནུབ་རྒྱུད་མཐོ་སྒང་ས་ཁུལ་ནས་རྙེད་པའི་དུས་རབས་ཆེས་སྔ་ཞིང་གཞི་ཁྱོན་ཆེས་ཆེ་བ། ཉར་ཚགས་ཆེས་ལེགས་པ། ས་ཁར་བུད་པའི་རིག་དངོས་ཆེས་ཕུན་སུམ་ཚོགས་པའི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་འདུ་འཛོམས་གནའ་ཤུལ་གྱི་དཔལ་ཡོན་གཏམ་རྒྱུད་འཚོལ་ཆོག །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།