«རིག་པའི་སློབ་གསོ»བཀླགས་པའི་མྱོང་ཚོར་ཕྲན་བུ།
རྩོམ་པ་པོ།:སོར་རྩེ་མེ་ཏོག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-14 08:26:05
ཀློག་གྲངས།:
དཔྱིད་ཀྱི་རྒྱལ་མོ་ལྷ་ལས་བབས་ནས་མགྲིན་དབྱངས་སྙན་མོ་འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་ལྷང་ལྷང་གྲགས་པ་དང་མཉམ་དུ། དཔྱིད་དཔལ་གྱི་ལང་ཚོ་གསར་པས་ཀུན་ལ་འཛད་དུ་མེད་པའི་རེ་བ་ཞིག་དང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་བ་ཞིག་རྒྱས་སུ་བཅུག །དེ་བས་དཔྱིད་ཀྱི་ཕོ་ཉས་གཤོག་འགྱུར་ལྡེམ་བཞིན་གླེགས་བམ་གྱི་སྙན་གླུ་གྲེ་འགྱུར་ངག་གི་དབྱངས་རྟར་བསྐྱོན་ནས་ཙཱུ་ཏའི་འཁྲི་ཤིང་གི་མགུལ་དུ«རིག་པའི་སློབ་གསོའི»བདུད་རྩིར་མྱོང་རོལ་རེ་བྱས་ན། བསིལ་རླུང་ལྷོད་ཀྱིས་ལྡང་བའི་ཉིན་མོ་ཞིག་ལ། «རིག་པའི་སློབ་གསོའི»རྩོམ་པ་པོ་རྒན་བསོད་ནམས་ཚེ་རིང་ལགས་ཀྱིས་བཀའ་དྲིན་དང་ཐུགས་རྗེ་ལ་བརྟེན་ནས་གསེར་གྱི་བེེཌཱུརྱ་འདི་དེབ་སྦྱིན་དུ་གནང་བྱུང་བས། ཕྲན་གྱིས་ཀྱང་ནུས་ཚོད་ཀྱིས་གཡུ་ཡི་མཆུ་སྒྲོས་གསེར་གྱི་ཤོག་ལྷེའི་སྟེང་བབས་ནས་མྱོང་ཚོར་ཕྲན་བུ་རེ་བྲིས།
ཐོག་མར་ངས་རྒན་ཁོང་གི་རྣམ་དཔྱོད་ཀྱི་རིག་པའི་རྩལ་ལས་འཁྲུངས་པའི«རིག་པའི་སློབ་གསོར»ཐུགས་རྗེ་དང་རྒན་ཁོང་ལ་ནང་སེམས་ཀྱིས་གུས་འདུད་ཞུས་པ་ཡིན། རྒན་ཁོང་ནི་མི་ཚེ་ཕྱེད་ལ་སློབ་གསོའི་ཞིང་ས་སྣུམ་པོར་རེ་བའི་མེ་ཏོག་བཞད་དུ་བཅུག་ནས་སློབ་གསོའི་དོན་ལ་རིན་བྲལ་གྱི་མི་ཚེ་ཕུལ་བའི་དགེ་རྒན་ཞིག་ཡིན་ཞིང་། རང་ལ་མཚོན་ན་དྲྭ་ལམ་ནས་རྒན་ཁོང་དང་འབྲེལ་འདྲིས་རེ་བྱས་མྱོང་བ་མ་གཏོགས་དངོས་སུ་མཇལ་ནས་བསམ་བློ་བརྗེ་རེས་དང་ཇ་ཡུན་གཅིག་གི་ཁ་བརྡ་ནི་བྱས་མྱོང་མེད། ཡིན་ཡང་རྒན་ཁོང་གི་ཐུགས་མཚོ་ལས་འཁྲུངས་པའི་དེབ་ཀྱི་ཐོ་རེངས་སྐར་ཆེན་གསུམ་ལས་ཁོང་ལ་རྒྱུས་ལོན་ཕྲན་བུ་རེ་བྱེད་ཐུབ་པ་བྱུང་། མིག་སྔར་རྒན་ཁོང་གིས་པར་དུ་བསྐྲུན་པའི་དེབ་ཆེན་དག་ནི་སློབ་གསོའི་སྐོར་གྱི་དེབ་གཙོ་བོ་གསུམ་སྟེ། ལུས་ཀྱི་ལག་ལེན་སློབ་གསོ«སྐྱ་བོའི་སློབ་གསོ»དང་། ངག་གི་སྨྲ་བརྗོད་སློབ་གསོ«ཁ་བརྡའི་སློབ་གསོ»དང་། ཡིད་ཀྱི་ཤེས་རབ་སློབ་གསོ«རིག་པའི་སློབ་གསོ»ཞེས་པ་གསུམ་ཡིན། ངས་བསམས་ན་རྒན་ཁོང་གི་ལུས་ངག་ཡིད་གསུམ་གྱི་ཤེས་རབ་ལས་འཁྲུངས་པའི་སློབ་གསོའི་དེབ་ཆེན་དག་ལ་ཞིབ་འཇུག་གི་ཟབ་ཚད་དང་ཤེས་བྱ་ཡི་ལྗིད་ཚད་ཡོད་པས། གནའ་དེང་ཟུང་དུ་སྦྲེལ་བའི་ཉིང་བཅུད་དང་ཁ་གསལ་གོ་བདེ་བའི་ཟབ་ཚད། ཆེ་བ་བཞི་ལྡན་གྱི་གསལ་ཚད། གྲིམ་ལྷོད་རན་པའི་མྱུར་ཚད། བརྩེ་སེམས་ཡར་སྐུལ་གྱིས་ཕྱུག་པའི་ཁྱད་ཆོས་སོགས་འབུར་དུ་ཐོན་ཡོད། ཕྲན་ལ་མཚོན་ན་རྣམ་དཔྱོད་ཀྱི་ཁོ་ལག་དང་ཤེས་བྱའི་འདབ་མ་ཡོངས་སུ་རྫོགས་མེད་གཤིས། ཟུར་མང་པོ་ཞིག་ནས་རྒྱ་མཚོའི་ཕ་མཐར་བགྲོད་པའི་རིགས་ལམ་དང་པདྨའི་ཟེའུ་འབྲུ་ལེན་པའི་སྐྱེས་སྟོབས་ཀྱི་ཡོན་ཏན་དང་ཤེས་རབ་ཀྱི་རྩལ་ནི་མེད།
«རིག་པའི་སློབ་གསོ»ཞེས་པའི་དེབ་མཆོག་ཨམྲྀཏ་འདི་ནི་དེ་སྔོན་རྒན་གཅན་རོང་བསྟན་འཛིན་ལགས་དང་གླེང་མོལ་བྱེད་པའི་སྐབས་དེར། པར་སྐྲུན་བྱེད་འཆར་ཡོད་པའི་སྐད་སྙན་ཁུ་བྱུག་མགྲིན་དབྱངས་ཤིག་རྣ་བར་གྲགས་བྱུང་ལ། དུས་དེར་རྒན་ལགས་ཀྱིས«རིག་པའི་སློབ་གསོ»ཞེས་པའི་དེབ་མཆོག་དེར་གླེང་གཞི་ཉིན་བདེ་མ་ཞིག་བྲིས་ཡོད་པ་ཁྱེར་ཡོང་ནས་འབྲེལ་ཡོད་ཀྱི་ཞལ་བརྡ་དང་། དེབ་མཆོག་འདིའི་རྩོམ་པ་པོ་རྒན་བསོད་ནམས་ཚེ་རིང་ལགས་ནི་ལྷན་སྐྱེས་ཀྱི་འཇོན་ཐང་བཀྲ་ཞིང་སློབ་གསོ་ལ་དུང་ཞེན་ཟབ་པའི་དགེ་རྒན་འཇོན་ཐང་ཅན་ཞིག་དང་། ཡོད་ཚད་སློབ་མའི་ཆེད་དང་སློབ་མའི་འཇོན་ནུས་ཀྱི་ཟུར་སོ་སོ་སྔོག་འདོན་བྱེད་པར་མཁས་པའི་སློབ་གཙོ་ཕུལ་བྱུང་ཅན་ཞིག་ཡིན་པ་སོགས་ཞལ་བརྡ་གླེང་མོལ་མང་དུ་སོང་། དུས་དེ་ནས་རེ་བའི་གཤོག་ཟུང་རྒན་བསོད་ནམས་ཚེ་རིང་ལགས་ཀྱི་གསུང་རྩོམ་དག་ལ་བརྐྱངས་ནས། གོམ་གང་མདུན་སྤོས་ཀྱིས་ཁོང་གི་གསུང་རྩོམ་དག་གི་སེངྒེ་དཀར་མོའི་འོ་རྒྱུན་མངར་མོ་ལོན་ཨེ་ཐུབ་རང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་བྱས་པ་ཡིན། སྐབས་འདིའི་གླེང་བྱ«རིག་པའི་སློབ་གསོ»ཞེས་པའི་དེབ་འདིར་གཙོ་བོ་འཆད་ཁྲིད་དང་གཏམ་བཤད། དཔྱད་རྩོམ། དཔེ་ཀློག ཕྱིར་དྲན་སོགས་ཁག་ལྔས་གྲུབ་ཅིང་། འཆད་ཁྲིད་ལ་མཚོན་ན་གཙོ་བོ་གཞི་རིམ་སློབ་གསོའི་གནས་བབས་ལ་དམིགས་ཏེ། རྩོམ་པ་པོའི་མཐོང་ཐོས་མྱོང་གསུམ་ཁྲོད་ཀྱི་སློབ་གསོའི་གནད་དོན་དང་སློབ་ཁྲིད་ཀྱི་ཆད་ལྷག སློབ་ཁྲིད་ཅིག་ལ་འཛོམས་དགོས་པའི་ཆ་ལག་གམ་གོ་རིམ་ལྔ། སློབ་དང་ཁྲིད་ཀྱི་གོ་རིམ་ཧྲིལ་བོར་སློབ་མའི་འཇོན་ནུས་སྐྱེད་སྲིང་བྱེད་ཐབས་དང་བཅས་ཟུར་ཚད་གང་མང་ཞིག་ནས་གང་ལ་གང་འཚམས་དང་དེ་ལ་དེར་བསྟུན་གྱི་ཁ་གསབ་དང་། གནས་པའི་གནད་དོན་ལ་རྣག་ཐོག་ཁབ་གཙགས་ཀྱིས་ཇི་ལྟར་ཐག་གཅོད་དགོས་པ་སོགས་ཞུན་བརྡར་དང་བཙོ་སྦྱངས་བྱས་ནས་ཀུན་གྱི་མིག་ལམ་དུ་བཀྲམས། ཁྱད་པར་དུ་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་གནད་དོན་འགར་དབྱེ་ཞིབ་བྱས་ཏེ་གནའ་དེང་ཟུང་འབྲེལ་གྱི་སློབ་ཁྲིད་ཐབས་ལམ་རྣལ་མ་ཞིག་དེང་རབས་སློབ་ཁྲིད་ཀྱི་དགའ་ཚལ་དུ་ཇི་ལྟར་བཀོལ་སྤྱོད་བྱེད་པ་དང་བེད་སྤྱོད་ཀྱི་རིན་ཐང་སོགས་གྲིམ་ལྷོད་རན་པའི་ངང་ནས་བརྗོད་པ་ནི། དོན་གྱིས་གནའ་དེང་སློབ་གསོ་ཟུང་འབྲེལ་བྱས་ནས་སློབ་མའི་ངལ་རྩོལ་རྩལ་ནུས་དང་བསམ་གཞིག་གི་ནུས་པ། འཇོན་ནུས་སྐྱེད་སྲིང་སོགས་ལ་ངེས་པར་མཁོ་བའི་དཀར་པོ་ཆིག་ཐུབ་ལྟ་བུ་ཞིག་ཡིན་པ་རེད།
ཚན་པ་གཉིས་པ་ནི་གཏམ་བཤད་བརྗེ་རེས་སྒྱུ་རྩལ་གྱི་སྐོར་ཡིན་ཞིང་། རྩོམ་པ་པོས་འཆད་ཁྲིད་ཀྱི་ལྡིང་ཁང་ནས་བརྗོད་འདོད་ཡིད་ཀྱི་དཔག་བསམ་ཕྱོགས་བཞིར་བརྐྱངས་པའི་གཏམ་བཤད་དེ། དཔེར་ན་རྒན་གཅན་རོང་བསྟན་འཛིན་གྱི་གསུང་རྩོམ་བགྲོ་གླེང་སྟེང་གི་གཏམ་བཤད་དང་རྒན་སངས་རྒྱས་རིན་ཆེན་ལགས་ཀྱི་རིག་གཞུང་བསམ་བློ་བགྲོ་གླེང་སྟེང་གི་གཏམ་བཤད་ལྟ་བུ་ནི་ཚབ་མཚོན་རང་བཞིན་གྱི་གཏམ་བཤད་ཅིག་ཡིན། རང་ལ་ཤུགས་རྐྱེན་ཆེས་ཆེ་བ་ནི་རྒན་གཅན་རོང་བསྟན་འཛིན་གྱི་གསུང་རྩོམ་བགྲོ་གླེང་སྟེང་གི་གཏམ་བཤད་དེ་རེད། གཏམ་བཤད་ཀྱི་མགོ་མཇུག་བར་གསུམ་དུ་བརྩེ་དུང་དང་དྲང་གཏམ་གྱི་དྲི་བསུང་ཁྱབ་ཡོད་ལ། དུས་རབས་ཀྱི་མཐོ་ཚད་ནས་གསུང་རྩོམ་གྱི་རིན་ཐང་ལྷུག་བརྗོད་དང་ཚད་མཐོའི་སྤྱི་སྡོམ་བྱས་པ་ནི། རྩོམ་པ་པོ་ཁོང་གསུང་འབུམ་གྱི་རྩོམ་པ་པོར་རྒྱུས་མངའ་དང་ནང་སེམས་སུ་དགའ་མོས། དད་གུས་བྱེད་བཞིན་པའི་གཤིས་ཀ་ངོ་མ་ཞིག་མཚོན་ཡོད་པ་རེད། གཞན་ཡང་རྒན་སངས་རྒྱས་རིན་ཆེན་ལགས་ཀྱིས་རིག་གཞུང་བསམ་བློ་བགྲོ་གླེང་སྟེང་གི་གཏམ་བཤད་ལ་མཚོན་ན་ཕྱི་ནས་རྒན་ཁོང་གི་དཔེ་སྐྲུན་འགྲེམ་སྤེལ་སྟེང་གི་ཁ་བརྡ་ཞིག་དང་། ནང་ནས་རྒན་ཁོང་ལ་བཅངས་པའི་བརྩེ་བ་ཞིག་དང་རྗེས་དྲན་རྣལ་མ་ཞིག་རེད་ལ། གསང་བའི་སྒོ་ནས་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་སྐྱོང་མཁན་གྱི་རྒན་ཁོང་ལ་ནང་སེམས་ཀྱི་གུས་འདུད་དང་ཅོང་བརྡ་ཞིག་ཅི་ནས་ཀྱང་ཡིན། ཤུགས་ནས་དུས་རབས་ཉེར་གཅིག་གི་ན་གཞོན་རྣམས་ཀྱིས་བཞུད་ཟིན་པ་ཁོང་ནང་བཞིན་མི་ཚེ་དྲང་བདེན་གྱིས་བསྐྱལ་ཅིང་། སྙན་པ་སློབ་ཁྲིད་ཀྱིས་གྲགས་པ། མཛད་པ་ཞིབ་འཇུག་སོགས་བསྐྱངས་པ་ཞིག་བྱེད་དགོས་པའི་སྐུལ་ལྕག་བྱེད་བཞིན་ཡོད་པས་གསེར་གྱི་མིག་ཐུར་ལྟ་བུ་ཞིག་ཡིན།
སློབ་ཁྲིད་ཞིབ་འཇུག་གི་ལས་དོན་ལ་དགའ་ཞེན་ཡོད་པའི་རྒན་ཁོང་གིས་ལོ་ཐོག་ཟླ་བརྩེགས་ཀྱི་འབྲས་བུ་ལས་དེ་རིང་གི་གསེར་གྱི་མན་ཌལ་ལ་གཡུ་བྱུར་གྱིས་ཕྲ་ཚོམ་བཏབ་པ་ལྟ་བུའི་སློབ་གསོའི་དཔྱད་རྩོམ་གྱི་ལམ་བཟང་འདི་འཁྲུངས་ཤིང་། དཔྱད་རྩོམ་གྱི་རིམ་པ་འདིར་སྲོལ་རྒྱུན་གྱི་ཁྲིད་ཡིག་དང་དེང་རབས་ཁྲིད་ཡིག་གི་རྣམ་གྲངས་སོགས་རིམ་བཞིན་བརྗོད་ཡོད་དེ། དེ་དག་ལས་རང་ལ་བག་ཆགས་ཆེས་ཟབ་པའི་ཁྲིད་ཐབས་ནི་སྒྲུང་འགྲེལ་གྱི་ཁྲིད་ཐབས་ཡིན་ཞིང་། ཐོག་མར་ཁྲིད་ཐབས་དེར་ཞིབ་ཏུ་འཇུག་སྐབས་སྒྲུང་འགྲེལ་ཟེར་བའི་ཚིག་གི་གོ་བ་མ་གཏོགས་དོན་གྱི་གོ་བ་གཏིང་ནས་ལོན་ཐུབ་མེད་པ་རེད། དེ་ནས་རིམ་བཞིན«སྤྱོད་འཇུག»དང«ས་སྐྱ་ལེགས་བཤད» «ཀུན་བཟང་བླ་མའི་ཞལ་ལུང»སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བ་དག་ལས་ད་བཟོད་སྒྲུང་འགྲེལ་གྱི་གནད་ཟིན་ནས་སྒྲུང་གཏམ་གཙོ་སྐུད་དང་སློབ་མ་གཙོ་གཞི་བྱས་པའི་ཁྲིད་ཐབས་ཁྱད་པར་ཅན་ཞིག་ཡིན་པ་ཡང་རིམ་གྱིས་ཤེས། དེར་མ་ཟད་རྩོམ་པ་པོས་གཞུང་ཆེན་ཁག་ལས་བཏུས་པའི་ཞུམ་རྒོད་རྨུགས་གསུམ་དང་སེང་གེའི་མཇིང་སྣོལ་གྱི་འཆད་ཐབས་ལྟ་བུ་ལ་མཚོན་ན་སྲོལ་རྒྱུན་གྱི་ཁྲིད་ཐབས་ཁྱད་པར་ཅན་ཏེ། གཞི་རིམ་གྱི་དགེ་རྒན་དག་ལ་ངེས་པར་མཁོ་བའི་ཁྲིད་ཡིག་ཀུན་གསལ་མེ་ལོང་ལྟ་བུ་ཞིག་ཡིན། གཞན་ད་དུང་དགེ་རྒན་དག་གིས་ཇི་ལྟར་སློབ་མའི་སློབ་སྦྱོང་གི་དགའ་སྣང་དང་འབྲི་ཀློག་ཉན་བཤད་གསུམ་སྐྱེད་སྲིང་བྱེད་ཐབས་སོགས་བརྗོད་ཡོད་ཅིང་། མདོར་ན་བོད་སྐད་ཡིག་གི་ངོ་བོ་ནི་སློབ་མའི་འབྲི་ཀློག་ཉན་བཤད་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་། དགེ་རྒན་གྱིས་སྐད་ཡིག་སློབ་ཁྲིད་སྐབས་ངེས་པར་དུ་སློབ་མས་འབྲི་ཐུབ་པ་དང་ཀློག་ཐུབ་པ། ཉན་ཐུབ་པ་དང་ཤོད་ཐུབ་པ་བཅས་ཕྱོགས་ཡོངས་ནས་སྦྱོང་བརྡར་བྱས་ཏེ་སློབ་མས་སྐད་ཡིག་བེད་སྤྱོད་གཏོང་བའི་ནུས་པ་དང་སྐད་ཡིག་ཕུན་སུམ་ཚོགས་པོ་ཡོང་བའི་ནུས་པ་གསོ་སྐྱོང་བྱེད་དགོས་པ་དང་། དཔལ་ན་རོ་པས། “བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་དག །བླ་མ་དག་ལ་བསྟེན་ནས་བྱུང་། །”ཞེས་པ་ལྟར་ཤེས་བྱ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང་ཐོག་མར་རང་ཉིད་ལ་ལམ་ཡང་དག་པར་སྟོན་མཁན་གྱི་བླ་མ་སྟེ་དགེ་རྒན་ལ་བསྟེན་ནས་བྱུང་བ་ཤ་སྟག་ཡིན་ལ། དགེ་རྒན་ལ་མཚོན་ནའང་ལམ་བུ་སྟོན་མཁན་ཞིག་ཡིན་པའི་ཆ་ནས་བྱང་ཚད་ངེས་ཅན་ཞིག་དགོས་ཤིང་། དེར་བརྟེན། བོད་ཡིག་དགེ་རྒན་ཞིག་གི་ངོས་ནས་བཤད་ན་འཛོམས་དགོས་པའི་བྱང་ཚད་ནི་ཧ་ཅང་མང་མོད། དཔེར་ན། གཅིག་ནི་བསམ་བློ་ཀུན་སྤྱོད་ཐད་ཚད་ལྡན་ཞིག་དགོས་པ་དང་། གཉིས་ནི་ཡིག་སྐད་གཞིར་བཟུང་བའི་སྐད་བརྡ་སྒྲ་དག་པོ་དགོས་པ། གསུམ་ནི་རང་འཁྲིའི་ལས་དོན་དང་འབྲེལ་བའི་ཤེས་ཡོན་ཚད་དང་ལྡན་པ། བཞི་ནི་ཁྲིད་ཐབས་དང་རང་འགུལ་དགོས་པ། ལྔ་ནི་རང་རྟོགས་སྒོས་དག་ཡིག་སློབ་སྦྱོང་དང་དཔེ་ཀློག་བྱེད་དགོས་པ་ཡང«རིག་པའི་སློབ་གསོ»ཡི་ནང་དུ་བསྟན་ཡོད་པའི་གནད་འགའ་ཡིན་ཞིང་། དེ་ལས་ཀྱང་དག་ཡིག་ནི་རྩོམ་པ་པོས་གནད་ཀྱིས་རྗོད་བཞིན་པའི་ཚན་པ་ཞིག་ཡིན། དཔེར་ན་རང་ལ་བག་ཆགས་ཆེས་ཆེ་བ་ནི“དགེ་མཚན་དཔལ་གྱིས་ཕྱུག་པའི‘ཀུན་ཁྱབ་དག་ཡིག’”ཅེས་པའི་དཔྱད་རྩོམ་དེ་ཡིན་ཞིང་། རྒན་བསོད་ནམས་ཚེ་རིང་ལགས་ཀྱིས“ལས་དང་པོ་ཡོད་དོ་ཅོག་ཡི་གེ་དང་རྩོམ་ལ་འཇུག་སླ་བའི་མྱུར་བགྲོད་གཞུང་ལམ་ཞིག་བསྐྲུན་པ་རང་རེད་ལ། དག་ཡིག་སྔ་མ་ལ་མེད་པའི་ཁྱད་ཆོས་དང་དགེ་མཚན། ཕན་ཡོན་གཙོ་བོ་ཞིག་ཀྱང་འདིས་སྟོན་བཞིན་ཡོད་དོ། །”ཟེར་བ་ནི་རང་དང་ལྟ་ཚུལ་གཅིག་ཡིན་པ་འདྲ། འདིའི་བོད་སྐད་ཡིག་གི་བེད་སྤྱོད་དང་བརྡ་ཆད་གསོག་འཇོག་དང་། སྐད་ཡིག་དགེ་རྒན་དག་གིས་སློབ་སྦྱོང་སོགས་བྱེད་པར་མེད་དུ་མི་རུང་བའི་གསེར་གྱི་མཎྜལ་ལྟ་བུ་ཞིག་རེད།
སྤྱིར་དཔེ་ཆ་ཀློག་པ་ནི་མི་བུ་གང་གི་མ་འོངས་པའི་འཚོ་བ་དོན་ལྡན་ཞིང་ཡོང་འབབ་ཁོ་ནའི་ཆེད་མ་ཡིན་པར། དཔེ་ཀློག་ནི་མི་མཆོག་དམན་བར་གསུམ། རིགས་རུས་ཕྱོགས་ཞེན་མེད་པར་གང་ཟག་སུ་ཞིག་གི་མི་ཚེ་ཧྲིལ་བོའི་སློབ་སྦྱོང་གི་གོ་རིམ་ཞིག་ཡིན། དཔེ་ཀློག་ལ་བརྟེན་ནས་མིག་རྒྱ་བསྐྱེད་ཐུབ་པ་དང་རང་ཉིད་ཀྱི་རིན་ཐང་ཆེ་རུ་གཏོང་ཐུབ་པར་མ་ཟད་སྐྱེས་བུ་དམ་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་དང་ཤེས་རིག་གི་ཉིང་བཅུད་ལས་འཁྲུངས་པའི་འཚོ་བའི་ཉམས་མྱོང་། འཇིག་རྟེན་མི་ཆོས་ཀྱི་གནས་ལུགས། གནའ་དེང་གི་རིག་གནས་མང་པོ་ཞིག་ལ་སློབ་སྦྱོང་བྱེད་ཐུབ་པས། དཔེ་ཀློག་ནི་འཇིག་རྟེན་གཞན་ལ་བསྐྱོད་པའི་མེ་ཤུགས་འཕུར་མདའ་དང་རིག་པའི་སྒོ་མོ་འབྱེད་བྱེད་ཀྱི་ཁྱད་ནོར་ལྟ་བུ་ཞིག་ཡིན། དེར་བརྟེན། «རིག་པའི་སློབ་གསོ»ཞེས་པ་ལས་བཞི་པ་ནི་དཔེ་ཀློག་གི་སྐོར་ཡིན་ཏེ། རྒན་ཁོང་ལ་མཚོན་ན་གནའ་དེང་རིག་ཚན་དག་ལ་སློབ་སྦྱོང་དང་ཁྱད་པར་དུ་སྲོལ་རྒྱུན་གྱི་གཞུང་ལུགས་མང་པོར་གཟིགས་རྟོག་དང་སློབ་སྦྱོང་སོགས་བྱས་མྱོང་བའི་དགེ་རྒན་དམ་པ་ཞིག་ཡིན་པས། དཔེ་ཀློག་གི་ཚན་པ་དེ་རུ་རང་ཅག་ཕྱི་རབས་པ་རྣམས་ལ་བཀླག་བྱའི་དཔེ་ཆ་ཇི་ལྟར་ངོས་འཛིན་དང་ཟིན་བྲིས་འགོད་ཐབས། དཔེ་ཀློག་གི་དུས་ཁྱད་པར་ཅན་གང་ཡིན་པ་སོགས་གནད་ཀྱི་སྒོ་མོ་སྒྲུང་འགྲེལ་སློབ་ཁྲིད་རྣམ་པས་རིས་སུ་བཀྲམས།
མདོར་ན། གཅན་རོང་སློབ་གསོའི་ལེགས་བཤད་ལས“དཔེ་ཆར་གཟིགས་པ+ལེགས་པོར་གཟིགས་པ+ལེགས་པོར་གཟིགས་པ=བློ་སྒོ་འབྱེད་པ་རེད། དཔེ་ཆར་མི་གཟིགས་པ+ལེགས་པོར་མི་གཟིགས་པ+ལེགས་པོར་མི་གཟིགས་པ=བློ་སྒོ་གཏན་པ་རེད།”ཟེར་བ་ནང་བཞིན་འཕེལ་རྒྱས་ཀྱི་གོམ་ཁ་མྱུར་བའི་སྤྱི་ཚོགས་སུ། འགྲོ་བ་མིའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་ཞིང་ཤེས་རབ་འཕེལ་བར་བྱེད་པའི་དཔེ་ཆ་ཀློག་པ་ནི་ཚན་རིག་དང་མཐུན་པའི་དུས་རབས་ཉེར་གཅིག་གི་དཔེ་ཀློག་བྱེད་ཐབས་ཤིག་ཡིན་པ་རྩོམ་པ་པོས་ཤུགས་ནས་བསྟན་ཡོད་པས་རིག་པའི་སྒྲོན་མེ་ལྟ་བུ་ཞིག་ཡིན།
སློབ་བུ་ཞིག་ལ་མཚོན་ན་ཕུགས་འདུན་མངོན་འགྱུར་འབྱུང་ས་དང་མི་ཚེ་དོན་ལྡན་དུ་གཏོང་སའི་ཤེས་རིག་གི་ཞིང་ཁམས་ཏེ་མ་ཡུམ་སློབ་གྲྭ་ནི་ནམ་ཡང་བརྗེད་མི་སྲིད་ཅིང་། ལྷག་པར་དུ་མ་ཡུམ་སློབ་གྲྭའི་ཕྱི་ནང་གསང་གསུམ་གྱི་འཕེལ་རྒྱས་དང་དར་རྒུད་ནི་དེ་བས་ཀྱང་དང་དོད་ཆེན་པོ་བྱེད་ངེས་པ་རེད། དེ་སྔོན་རྒན་ཁོང་གི་«སྐྱ་བོའི་སློབ་གསོའི»ཚན་པ་ཞིག་ལས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སྒྲིག་སྲོལ་བཅའ་ཡིག་ཅིག་ཡོད་པ་དེར་ཞིབ་མཇལ་ཐེངས་གཅིག་བྱས་ནས། མི་ལོ་དྲུག་གི་སློབ་འབྲིང་འཚོ་བར་ཕྱིར་དྲན་གྱི་མདའ་མོ་ཞིག་འཕངས་ཚེ་ད་གཟོད་ཟླ་རེ་ཟླ་རྒྱུགས་དང་མི་ཆོག་པ་ཉི་ཤུའི་སྒྲིག་སྲོལ་སོགས་གཏན་འབེབས་བྱས་པའི་ཡང་སྙིང་ཡང་གསལ་བོར་ཤེས། དེ་བས། «རིག་པའི་སློབ་གསོའི»མཇུག་མཐའི་ཚན་པ་སྟེ་ཕྱིར་དྲན་གྱི་མེ་ཏོག་ཆུན་པོ་ལ་མཚོན་ན་ཡང་། རྩོམ་པ་པོས་ངག་ཡིག་ཐོག་དང་ལུས་ལག་ཐོག་ཏུ་བྱས་ནས་མི་རིགས་སློབ་འབྲིང་གཉིས་པའི་མྱུ་གུ་འབུས་པའི་རེ་བ་དང་། རིམ་བཞིན་ཡལ་འདབ་རྒྱས་པའི་འཕེལ་རྒྱས། ཐ་མར་འབྲས་བུ་ཉི་མ་སྤྲིན་གྲོལ་ལྟ་བུའི་དཔྱིད་དཔལ་ཤར་བ་ནས། དེ་རིང་གི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་འདི་བྱུང་བའི་གནས་ཚུལ་སོགས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་བརྗོད་ཡོད། དེར་བརྟེན། ང་དང་ང་ལྟ་བུའི་མ་ཡུམ་སློབ་གྲྭར་དུང་ཞེན་ཡོད་པའི་ཀློག་པ་པོ་དག་ལ་མཚོན་ན་མཇུག་མཐའི་ཚན་པ་ནི་ལོ་རྒྱུས་གསལ་བའི་མེ་ལོང་ལྟ་བུ་ཞིག་ཅི་ནས་ཀྱང་ཡིན།
མདོར་ན། «རིག་པའི་སློབ་གསོ»ནི་ཁང་སྟོང་ནང་གི་འུར་སྒྲ་མིན་པར་མ་ཟད། རི་ཆེན་མགོ་ཡི་ཀི་དང་ཆུ་ཆེན་འགྲམ་གྱི་སྐད་ཅོར་ཡང་ཡེ་ནས་མིན་པར། རང་མི་རིགས་ཀྱི་འཕེལ་རྒྱས་དང་མཐོ་སྒང་གི་བྱིས་པ་ཚོའི་སེམས་ཁམས་ཀྱི་ཆོས་ཉིད་དང་མཐུན་པའི་སློབ་གསོའི་དེབ་མཆོག་ཅིག་སྟེ། མགོ་མཇུག་བར་གསུམ་ཀུན་དུ་གཞི་རིམ་སློབ་མ་གཙོ་གཞི་དང་དགའ་སྣང་ཐབས་ལམ་གཙོ་སྐུད། སློབ་དང་གསོ་ཡི་སྒྱུ་རྩལ་གཙོ་ཁྲིད་བྱས་ཡོད་པ་མ་ཟད། གཞི་རིམ་སྐད་ཡིག་དགེ་རྒན་དག་གི་གནད་དོན་ལ་དམིགས་ཏེ་དུས་རབས་གསར་པའི་ཚད་མཐོའི་སྤྱི་སྡོམ་བྱས་ཡོད་ཅིང་། ཟུར་གཞན་ཞིག་ནས་དུས་རབས་གསར་པའི་སློབ་གསོ་ལ་འཇུག་པའི་ལམ་ཆེན་དང་འབྱུང་འགྱུར་ལ་སྙེག་པའི་དེབ་མཆོག་ཅིག་ཡིན་ནོ། །
སྤྱི་ལོ༢༠༢༦ལོའི་ཟླ་ཚེས་བཟང་པོར་སྦྱར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号