བྱིས་པར་སློབ་གསོའི་ལམ་སྟོན་པ་དང་པོ་ཇི་ལྟར་བྱེད་དམ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-07-21 08:35:50 ཀློག་གྲངས།:
       བྱིས་པ་རེ་རེ་ནི་ངོ་མཚར་བའི་ས་བོན་རེ་རེ་ཡིན་པས། ས་ཞིང་ཇི་འདྲ་ཞིག་ཏུ་བཏབ་ན་མེ་ཏོག་དེ་འདྲ་ཞིག་བཞད་སྲིད། ཕུལ་དུ་བྱུང་བའི་བྱིས་པ་རེ་རེ་ནི་སློབ་གསོའི་འབྲས་བུ་ཡིན་ལ། ཕ་མས་སེམས་ཤུགས་བཏོན་པའི་གྲུབ་འབྲས་ཀྱང་ཡིན། ཕ་མས་རང་གི་ཕྲག་སྟེང་གི་འགན་འཁྲི་གསལ་པོར་ངེས་ནས་སློབ་གསོའི་ཐབས་ལམ་ཡག་པོ་རྒྱུན་འཁྱོངས་བྱེད་པ་དང་། བྱིས་པ་འཚར་ལོངས་འབྱུང་བའི་ལམ་ཁའི་ལམ་སྟོན་པ་དང་པོ་བྱེད་དགོས། ཐེངས་འདིར་སློབ་གསོའི་ཕྱོགས་ནས་བུ་ཕྲུག་སྐྱོང་ཐབས་ཀུན་གྱི་བགོ་སྐལ་དུ་བྱ།
       “མང་དུ་བྱེད་པ་གསུམ”ལེགས་པོར་བསྒྲུབས་ནས་སློབ་གསོ་བསམ་ཐོག་ཏུ་འགྲོ་བར་བྱ།
       འགན་མང་དུ་འཁུར་བ།
       ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཐོག་མ་ཡིན་ཞིང་། ཕ་མ་ནི་བྱིས་པའི་ཚེ་གང་བོའི་དགེ་རྒན་ཡིན། ཕ་མ་བཟང་པོས་བྱིས་པ་དང་མཉམ་དུ་རང་ཉིད་འཐུས་སྒོ་ཚང་དུ་གཏོང་ཞིང་བྱིས་པའི་རྒྱབ་རི་བརྟན་པོ་བྱེད། འགན་འཁྲི་ལྡན་པའི་ཕ་མས་རང་རྟོན་གྱི་བསམ་པ་ལྡན་ཞིང་བློ་ཁོག་ཡངས་པའི་བྱིས་པ་སྐྱེད་སྲིང་བྱེད་ཐུབ་ལ། དེ་ལྟ་བུའི་བྱིས་པ་དཀའ་ཁག་དང་ཕྲད་ཀྱང་ལམ་སེང་སེམས་རྒྱ་བསྐྱེད་ཐུབ། རྒྱུ་མཚན་ནི་ཕ་མས་རྟག་ཏུ་རྒྱབ་སྐྱོར་བྱེད་ངེས་པ་ཁོ་ཚོས་ཤེས་ཡོད་པས་རེད།
       འདུག་རོགས་མང་དུ་བྱེད་པ།
       ཕ་མས་བྱིས་པར་བཅངས་པའི་བརྩེ་བ་ཆེ་ཤོས་ནི་འདུག་རོགས་ལེགས་པོ་བྱེད་རྒྱུ་དེ་རེད། དུས་རྒྱུན་ཕ་མའི་བྱམས་བརྩེའི་གྲིབ་བསིལ་དང་མ་བྲལ་བའི་བྱིས་པས་མི་གཞན་ལ་སེམས་ཁུར་ཇི་ལྟར་བྱེད་དགོས་ཚུལ་ལྷག་ཏུ་རྟོགས་པ་དང་། བྱིས་པ་དེའི་རིགས་ནི་ངང་རྒྱུད་འཇམ་ཞིང་དྲོ་སྐྱིད་ལྡན་ལ་སེམས་ཁམས་བརྟན་པོ་ཅན་ཏུ་འཚར་ངེས། ཕ་མ་བྱིས་པའི་འཇིག་རྟེན་དུ་བཅར་འདོད་ན། བྱིས་པའི་བསམ་ཕྱོགས་དྲན་ཕྱོགས་ལྟར་དེ་ཚོའི་བསམ་ཚུལ་ལ་རྒྱུས་ལོན་བྱེད་པ་དང་འདུག་རོགས་བྱེད་དགོས། བརྒྱུད་རིམ་དེའི་ཁྲོད་དུ་ཕ་མ་ཡང་བྱིས་པ་དང་ལྷན་དུ་འཐུས་ཚང་ཞིག་ཏུ་འགྱུར་ངེས།
       རམ་འདེགས་མང་དུ་བྱེད་པ།
       ཕ་མས་དགེ་རྒན་ལ་རམ་འདེགས་བྱས་པ་ཇི་ལྟར་བཟང་ཚེ། བྱིས་པའི་སློབ་གསོ་ནི་དེ་ལྟར་ལེགས་འགྲུབ་འབྱུང་ངེས། ཕ་མས་དགེ་རྒན་གྱི་བྱ་བར་བརྩི་བཀུར་བྱེད་པ་དང་དགེ་རྒན་གྱིས་དཀའ་ལས་མྱངས་པར་རྒྱུས་ལོན་བྱེད་དགོས། དགེ་རྒན་གྱིས་ཕ་མར་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་མང་དུ་བྱས་ནས་ཐུན་མོང་གིས་ཁྱིམ་ཚང་དང་སློབ་གྲྭའི་འབྲེལ་བར་སྲུང་སྐྱོང་བྱེད་དགོས།
       “ཉུང་དུ་གཏོང་བ་གསུམ”ཤེས་ནས་འབྲེལ་བ་སྔར་ལས་ཇེ་ལེགས་སུ་གཏོང་བར་བྱ།
       བཀའ་འབེབས་ཚད་ཉུང་དུ་གཏོང་བ།
       ཕ་མ་ལ་ལ་ཞིག་གི་སེམས་སུ་ཆ་རྐྱེན་ཅི་ཡང་མེད་པར་ཕ་མའི་ཁར་ཉན་པ་ནི་བྱིས་པ་ཡ་རབས་ཤིག་ཏུ་བརྩིས་ཡོད། དོན་དངོས་སུ་དེ་ལྟར་བསྒྲུབས་ན་བྱིས་པར་གནོད་སྐྱེལ་བཞིན་ཡོད། དུས་ཡུན་རིང་པོར་ལེགས་པར་མ་སྙོར་བའི་བྱིས་པ་ནི་གཞན་དབང་གིས་བཀའ་བརྩི་བར་གནས་པས། དེའི་སྒེར་ཚུགས་ཀྱི་མི་གཤིས་སྐྱེད་སྲིང་བྱེད་པར་མི་ཕན། ཕ་མ་དང་བུ་ཕྲུག་གི་འབྲེལ་བ་ལེགས་པོ་ཡོང་བ་ནི་འདི་ལྟ་བུ་ཞིག་ཡིན་འོས་ཏེ། ཕ་མའི་སྐད་ཆར་བྱིས་པས་ཉན་འདོད་པ་དང་། བྱིས་པའི་སྐད་ཆར་ཕ་མས་བརྩི་བཀུར་བྱེད་ཤེས་ཤིང་ཉན་ཤེས་པ་དེ་རེད།
       གནས་ལུགས་བཤད་ཚད་ཉུང་དུ་གཏོང་བ།
       བྱིས་པའི་གོ་སྟོབས་དང་འཚོ་བའི་ཉམས་མྱོང་ནི་མི་དར་མར་མི་དོ་བས། གལ་ཏེ་གནས་ལུགས་ཆེན་པོ་རྐྱང་རྐྱང་བཤད་ན་ཕལ་ཆེར་ནུས་པ་ཅི་ཡང་མི་ཐོན། ཕ་མ་རིག་པ་ཅན་དག་གིས་བྱིས་པར་ལག་ལེན་གྱི་ཁྲོད་ནས་ཉམས་སུ་མྱོང་དུ་འཇུག་པ་རེད། གནས་ལུགས་དང་ལྡན་པར་སྒྲུབ་པ་ནི་གནས་ལུགས་དང་ལྡན་པར་བཤད་པ་ལས་ལྷག་པར་གལ་ཆེ། གནད་དོན་དང་འཕྲད་དུས་ཞི་འཇམ་དང་གཟབ་ནན་གྱི་རྣམ་འགྱུར་གྱིས་བྱིས་པར་ཁ་བརྡ་ཡག་པོ་བྱེད་དགོས་ལ། བྱིས་པ་དང་ལྷན་དུ་གནད་དོན་ཐག་གཅོད་བྱེད་དགོས།
       དངོས་པོའི་བྱ་དགའ་ཉུང་དུ་གཏོང་བ།
       ཕ་མ་མང་པོ་ཞིག་གིས་རྒྱུན་པར་དངོས་པོ་བྱིན་ནས་བྱིས་པས་སློབ་སྦྱོང་ཡག་པོ་བྱེད་པར་བྱ་དགའ་སྟེར་བའམ་སྐུལ་ལྕག་གནང་བཞིན་ཡོད། ཡིན་ནའང་། དངོས་པོའི་བྱ་དགའ་སྟེར་བའི་ཐབས་ཚད་ལས་བརྒལ་པར་སྤྱོད་པ་དེ་བྱིས་པའི་འཚར་ལོངས་ལ་ཕན་པ་མེད། ཕ་མས་བསམ་པའི་བྱ་དགའ་མང་དུ་སྟེར་བ་དང་། དངོས་པོའི་བྱ་དགའ་སྟེར་མཁས་པར་བྱས་ནས་ཚད་ཐིག་ལེགས་པར་འཛིན་དགོས། དངོས་པོའི་བྱ་དགའ་སྟེར་བའི་དབང་དུ་བཏང་ནའང་། བྱ་དགའ་སྟེར་བའི་བྱ་སྤྱོད་ལ་མཉམ་འཇོག་བྱེད་དགོས་པ་ལས་དེའི་མཇུག་འབྲས་མིན། ད་དུང་མཉམ་འཇོག་དགོས་པ་ནི་གལ་ཏེ་ཁས་བླངས་ཚེ་ངེས་པར་ལག་ཐོག་ཏུ་འབེབས་དགོས།
       བྱིས་པ་རེ་རེ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པས། ཕ་མས་བྱིས་པའི་ལེགས་ཆར་བལྟ་ཤེས་དགོས་ལ། དེ་སྔར་ལས་ལེགས་པ་ཞིག་ཏུ་འགྱུར་བར་རོགས་འདེགས་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།