བསྟན་འཛིན་མཆོག་འཕེལ་གྱི་ལོ་ཙཱའི་བརྩམས་ཆོས་ཆེ་མོ«རྒྱལ་པོ་གླེང་བ»

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2026-02-27 09:33:52 ཀློག་གྲངས།:
       ཉེ་ཆར། ཆིང་ཧྭ་སློབ་ཆེན་གསར་འགྱུར་སློབ་གླིང་གི་འབུམ་རམས་པ་བསྟན་འཛིན་མཆོག་འཕེལ་གྱིས་ལོ་ཙཱ་བྱས་པའི་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་དང་ཆབ་སྲིད་མཚན་ཉིད་རིག་པའི་བརྩམས་ཆོས་ཆེ་མོ«རྒྱལ་པོ་གླེང་བ»ཡི་བོད་ཡིག་དཔར་མ་རྒྱལ་ཁབ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།
བསྟན་འཛིན་མཆོག་འཕེལ་གྱིས་ལོ་ཙཱ་བྱས་པའི«རྒྱལ་པོ་གླེང་བ»ཡི་བོད་ཡིག་དཔར་མ།
       དེབ་དེའི་གླེང་གཞི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་ཀན་ཧྲི་དང་། བོད་རང་སྐྱོང་ལྗོངས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འབུམ་རམས་པའི་སློབ་དཔོན་ལྷག་པ་ཕུན་ཚོགས་ཀྱིས་བྲིས་གནང་བ་དང་། «ཧ་རུའེ་ཕོད་ཐར»བོད་ཡིག་ཏུ་སྒྱུར་མཁན་ལོ་ཙཱ་བ་བསླབ་རྒན་འདས་པོ་ནོར་དཀྱིལ་བུ་ཆུང་རྒྱལ་གྱིས་ཞུས་དག་བཏང་བ། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཆབ་སྲིད་དང་སྤྱི་པའི་དོ་དམ་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་ཕང་ཅིན་ཡིའུ་ཡིས་རིག་གཞུང་བློ་འདྲིའི་འགན་འཁུར་བ་ཞིག་རེད།
ལོ་ཙཱ་བ་བསྟན་འཛིན་མཆོག་འཕེལ།
       «རྒྱལ་པོ་གླེང་བ»ནི་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་ཆབ་སྲིད་བསམ་བློ་མཁས་ཅན་ཉི་ཁོ་ལོ·མཱ་ཅི་ཡ་ཝེ་ལིའི་ཚབ་མཚོན་བརྩམས་ཆོས་ཤིག་ཡིན་པ་དང་། “མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པའི”འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་བཅུའི་གྲས་ཤིག་ཡིན་ལ། ནུབ་ཕྱོགས་ཀྱི་དེང་རབས་ཆབ་སྲིད་རིག་པའི་ཆེས་ཐོག་མའི་བརྩམས་ཆོས་ཤིག་ཀྱང་ཡིན་པས་དེང་རབས་ཆབ་སྲིད་དངོས་ཡོད་རིང་ལུགས་ཀྱི་རྨང་གཞི་བཏིང་ཡོད།
བསྟན་འཛིན་མཆོག་འཕེལ་གྱིས་རྩོམ་སྒྲིག་བྱས་པའི«མདུན་སྐྱོད་དང་ནུས་སྤྲོད། བོད་ལྗོངས་འཛིན་གྲྭའི་ལོ་ངོ35རིང་གི་མི35ཡི་ངག་ཐོག་ལོ་རྒྱུས»
       «རྒྱལ་པོ་གླེང་བ»ལོ་ཙཱའི་སྐོར་གླེང་སྐབས། བསྟན་འཛིན་མཆོག་འཕེལ་གྱིས“དེ་ནི་གསུང་རབ་གྲགས་ཅན་ཞིག་ཡིན་པས། ངས་དེ་སྔ་ནས་རིག་གནས་ཕན་ཚུན་སྤེལ་རེས་ལ་སྐུལ་སྲིད་པར་སྙམ་སྟེ་བོད་ཡིག་ལ་བསྒྱུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་རེ་བ་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།
བསྟན་འཛིན་མཆོག་འཕེལ་གྱི«རྒྱལ་པོ་གླེང་བའི»ལག་བྲིས་མ་ཁག་གཅིག
       ལོ་ཙཱ་བ་བསྟན་འཛིན་མཆོག་འཕེལ་ནི་ལྷ་ས་ནས་ཡིན་ཞིང་། ཡུན་རིང་བོད་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་ཁྱབ་སྤེལ་ལ་བརྩོན་ནས་ཀྲུང་གོའི་གཏམ་རྒྱུད་དང་བོད་ཀྱི་ལེའུ་ཡག་པོ་ཤོད་པར་རྩེ་གཅིག་ཏུ་གཞོལ་བཞིན་ཡོད། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཡར་ཐོན་དགེ་བཟང་གཞོན་ནུ་དང་། ཀྲུང་གོའི་སློབ་ཆེན་སློབ་མའི་ལོ་འཁོར་མི་སྣ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བའི་འགྲན་བསྡུར་ཆེན་པོའི་ཕུལ་བྱུང་བྱ་དགའ། བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར། པེ་ཅིང་གྲོང་ཁྱེར་གྱི་ཕུལ་བྱུང་སློབ་ཐོན་སློབ་མ་སོགས་ཀྱི་གཟི་བརྗིད་རག་མྱོང་ཡོད། 
ལྷག་པ་ཕུན་ཚོགས་ཀྱིས་བྲིས་པའི«རྒྱལ་པོ་གླེང་བ»ཡི་བོད་ཡིག་དཔར་མའི་སྔོན་འགྲོའི་གཏམ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།