བོད་དང་མཐའ་འཁོར་གྱི་མིའི་གཟུགས་བྱད་སྐོར།

རྩོམ་པ་པོ།:གཡུ་རྔོག་ཚེ་བཀྲས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-12 08:40:55 ཀློག་གྲངས།:
བོད་དང་མཐའ་འཁོར་གྱི་མིའི་གཟུགས་བྱད་སྐོར།
F.Wཐཱོ་མ་སིས་བརྩམས། 
གཡུ་རྔོག་ཚེ་བཀྲས་བསྒྱུར།

 
       ཅིའི་ཕྱིར་ན་གྱིམ་པོ་སྤུན་དྲུག་དང་གྱིམ་པོ་ཉག་ཅིག་བར་དུ་དེ་ལྟ་བུའི་རྩོད་གླེང་ཞིག་བྱུང་བ་ཡིན་ནམ། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་དག་ནི་རྟོག་བཟོ་བྱས་པ་ཡིན་ལས་ཆེ་མོད། དེ་དག་མི་དཀྱུས་མ་དེ་འདྲ་མིན། ཁོ་ཚོའི་བར་གྱི་རྩོད་གླེང་དེ་ནི་ཡུལ་གང་ལ་དུར་དུ་འཇུག་པ་དང་། ཞོར་ལ་གོང་སྨྲས་མཚོན་བྱེད་ཅན་གྱི་རྫས་དེ་འདྲ་སྤྱོད་མིན་སྐོར་ཡིན། ཕྱོགས་གཅིག་གིས་དུར་ནི་ལ་མཐོ་སར་བྱས་ན་འོས་པ་དང་། གྱིམ་པོ་ཉག་གིས་མཚོན་ཕྱོགས་གཅིག་གིས་ཐང་བདེ་མོར་དུར་འཇུག་བྱས་ན་འོས་ཚུལ་བཤད་ཡོད། རྩོད་གླེང་དེས་སྲོལ་རྒྱུན་གྱི་དུར་འཇུག་བྱེད་སྟངས་ནི་འདས་པོ་གང་དེ་རིའི་རྩེ་རུ་གོས་མེད་པར་འཇོག་པ་ཤེས་ཐུབ་ལ། འདི་ནི་གནའ་དུས་བོད་མིས་ལག་ལེན་དུ་འདེབས་པའི་དུར་སྲོལ་ཞིག་ཡིན་པར་འདུག་སྟེ། ཡེ་ཤུའི་ཆོས་པ་ཧུག་དང་གྷ་བྷེ་ཏྀ(Hue and Gäbet)གཉིས་ཀྱིས་བྲིས་པའི་ཡུལ་སྐོར་ཟིན་ཐོར་ཡང་དུར་དུ་འདེབས་སྟངས་འདིའི་སྐོར་ལ་རྩོད་གླེང་བྱེད་ཀྱི་ཡོད་སྐོར་ཞིག་འཁོད་འདུག
       “མི་འདི་ལ་བུ་གསུམ་འདུག ཁོས་བུ་གསུམ་པོ་འོ་མ་དང་ཤིང་ཏོག་གིས་གསོས་ཏེ་ནར་སོན། ཡུན་གྱིས་ཁོ་རང་ལོ་བགྲེས་ཏེ་འདས་གྲོངས་སུ་ཕྱིན་པས། བུ་གསུམ་གྱིས་ཕའི་བེམ་པོར་ཇི་ལྟར་དུར་ལས་བྱེད་སྐོར་ནས་གྲོས་བསྡུར་བྱས་མོད། གཞི་གཅིག་ཏུ་མ་བབས་ཏེ། བུ་གཅིག་གིས། དུར་སྒམ་ཞིག་ཏུ་འཇུག་ཟེར། བུ་གཉིས་པས། ཞུགས་མེ་ལ་སྦྱོང་ཟེར། བུ་གསུམ་པས། རིའི་རྩེ་ལ་སྐྱེལ་བྱས།”[1]
    གླེང་རིན་ཡོད་པ་ཞིག་ནི་ཟིན་ཐོ་དེའི་མཇུག་ཏུ་འདི་ལྟར་བྲིས་འདུག་སྟེ། ཐབས་དང་པོ་དེ་བྱེད་མཁན་ནི་རྒྱའི་མེས་པོ་དང་། གཉིས་པ་དེ་བྱེད་མཁན་ནི་སོག་པོའི(Tartar peoples)མེས་པོ་དང་། གསུམ་པ་དེ་བྱེད་མཁན་ནི་བོད་ཀྱི་མེས་པོ་ཡིན་ཚུལ་འཁོད་འདུག གང་ལྟར། སྐབས་དོན་གྱི་ཡིག་ཆ་འདིའི་ནང་དུ། གྱིམ་པོ་སྤུན་དྲུག་གིས་བར་འདུམ་གྱི་ལས་ཀ་ཞིག་བྱས་ཡོད་དེ། བང་སོ་རྩིག་པའམ་དུར་རྡོ་སློང་བར་མོས་མཐུན་བྱས་ཡོད། འོན་ཀྱང་། མཚོན་བྱེད་ཅན་གྱི་རྫས་སྤྱོད་པ(རོ་གོས་ཀྱང)ལ་མོས་མཐུན་བྱས་མེད་པའི་ཁར། ད་དུང་དུར་དུ་སྦེད་ས་དེ་ཡུལ་མཐོ་ས་ཞིག་བྱེད་རྒྱུའི་ཨུ་ཚུགས་བྱས་ཡོད།
       འདས་པོའི་བེམ་པོ་དུར་འཇུག་བྱེད་སྟངས་གསར་པ་འདི་ནི་བགྲོད་ལམ་བདེ་བོ་ཡིན་པའི་ཤིན་ཅང་གི་བདེ་གཤོངས་ཁུལ་ནས་ཨལ་ཐེ་རི་བོ་དང་ནཱན་ཧྲན་རི་ཁུལ་དུ་དར་བ་ཡིན་པར་ཚོད་དཔག་བྱེད་ཐུབ་སྟེ། གལ་སྲིད་དེ་ལྟར་ཡིན་ན། དེ་ནི་རུ་སྤོ་མཁན་གྱིས་ཁྱབ་དུ་བཅུག་པ་ཡིན་ངེས། སྀ་ཏེན་གྱིས་ཁོང་གི་དེབ«ཨེ་ཤ་ཡའི་དཀྱིལ་སྙིང»(Innermost Asia)ཞེས་པར་ལོའུ་ལཱན་ས་ཆའི་བང་སོ་བསྔོགས་སྐབས་བླངས་པའི་བེམ་པོ་ཞིག་གི་པར་བཀོད་ཡོད་ལ། དེའི་གདོང་དབྱིབས་ལ་བལྟས་ཚེ་གོང་དུ་ཚོད་དཔག་བྱས་པ་དང་ཧ་ལམ་མཐུན་པར་འགྱུར།[2] དེ་དང་འབྲེལ་བ་ཞིག་ཞིབ་འཇུག་པ་ཕཱྀར་ཟེ་བལ་སྀ་ཀི(Przevalsky)ཡིས་བརྩམས་པའི«སོག་ཡུལ»(Mongolia)དུ་འདི་ལྟར་བྲིས་ཡོད་དེ།
       “ཕྱིའི་གཟུགས་བྱད་ཀྱི་སྟེང་ནས། མི་ཉག་པ་རྣམས་དང་གོང་དུ་སྨྲས་པའི་མི་རིགས་གཉིས(རྒྱ་དང་སོག་པོ)བར་ལ་ཁྱད་པར་ཆེན་པོ་འདུག་སྟེ། གོང་དུ་ཞུས་པ་ལྟར། མི་ཉག་པ་རྣམས་གྷི་པུ་སིའི་མི(Gypsies)དང་འདྲ་སྟེ། གཟུགས་ཅུང་ཟད་རིང་། ཕྲག་ཞེང་ཆེ། ལུས་སྟོབས་ལྡན། སྐྲ་དང་ཁ་སྤུ། ཨོག་ཚོམ་བཅས་ནག་པོ་སྐྱེ། མིག་འབྲས་ནག་ལ་མིག་ཟུང་ཆེ་སྟེ། སོག་པོ་ལྟར་ཕྲ་ལ་རིང་བ་ཅན་གཅིག་ཀྱང་མེད། ལར་མི་རེ་ཟུང་གི་སྣ་གུག་པོར་ཡོད་ཅིང་། རེ་ཟུང་ཡར་བརྫེས་པ་ལྟ་བུའང་སྣང་མོད། སྤྱིའི་ཆ་ནས་དྲང་། ཁ་ཤ་མཐུག་ལ་ཅུང་ཟད་དོད་ཆེ། མཁུར་རུས་ནི་སོག་པོ་ལྟར་མི་མཐོ་བར་དམའ། གདོང་རིང་ལ་ངོས་སྙོམས་ལེབ་ལེབ་ལྟ་བུ་གཅིག་ཀྱང་མེད།……སོག་པོ་དང་རྒྱ་དང་མི་འདྲ་བར་མི་ཉག་པ་རྣམས་ལ་ཁ་སྤུ་དང་ཨ་ར་སྟུག་པོ་སྐྱེ།”[1]
Joseph F. Rock Collection
        གོང་སྨྲོས་མི་རིགས་འདིའི་སྐོར(རྨ་ཆུའི་ཁུལ་དུ་ཡོད་པའི་པ་ན་ཀ་དང་མགོ་ལོག་གི་མི)བྀ་ཀོམ་ཏཱེ་ཨོ་ལོ་ནེ(Vicomte d'Ollone)ནས་འདི་ལྟར་བྲིས་ཡོད་དེ།
        “སྐྱེས་པ་ཚོའི་གཟུགས་བོངས་ལ་སྣ་ཚོགས་ཤིག་འདུག་སྟེ། མང་ཆེ་ཤོས་གཟུགས་མཐོ་ལ། གདོང་ཐུར་དུ་ཅུང་རིང་ཞིང་ཉམས་དོད།”[2]
ཁྲིན་ཏན་ཆིན་གྱིས་བྲིས།
       ཐ་ན་ལྷོ་ཕྱོགས་འབྲི་ཆུའི་སྟོད་རྒྱུད་ཁག་ཏུ་ཡོད་པའི་ནམ་རུ་ས་ཆའི་མི་ལའང་དེ་དང་ཆ་འདྲ་བའི་ཁྱད་ཆོས་ཡོད་པ་རཱོག་ཧིལ(Rockhill)གྱིས་བྲིས་ཡོད་དེ། ཁོས་ས་དེའི་མི་རྣམས་ཀྱི“གདོང་ནི་འཇོང་དབྱིབས་ཡིན་ལ། མ་ནེ་ཕྲ། མིག་གཉིས་སྙོམས། སྐྲ་སུ་ལུར་སྐྱེ་ཞིང་རྫོང་མི་མཐུག སྣ་ནི་སོག་པོ་དག་ལས་གཟེངས་མཐོ་ལ་སྣ་མགོ་ཆེ། རེ་འགའ་ཕྲ་ལ་གུག་པ་ཅན་ཡང་ཡོད”[3]ཞེས་འཁོད།
       ཡང་མཚོ་སྔོན་པོའི་མཐའ་འཁོར་དུ་ཡོད་པའི་བོད་མི་རྣམས་ཇི་ལྟ་བུ་ཡིན་མིན་ཐད་ཁོས་འདི་ལྟར་བྲིས་ཡོད་དེ།
       “མགོ་ཟླུམ། ཐོད་པ་མཐོ་ལ་དོག སྣའི་གཟེངས་རྒྱ་མི་ལས་མཐོ། མིག་ཟུང་ཆེ་ལ་སྙོམས།”[4]
       བྷོན་བ་ལོ་ཏྀ(M. Bonvalot)ཡིས་ཀྱང་ལོབ་ནོར་བ་རྣམས་ཀྱི་སྣ་གུག་གུག་ཡིན་པ་དང་། བོད་མིའི་ཁྲོད་དུའང་སྣ་གུག་གུག་ཅན་མང་དུ་ཡོད་པ་བྲིས་ཡོད།
       གནའ་བོའི་ལོབ་ནོར་ས་ཁུལ་གྱི་རྔོན་པ་རྣམས་ཁོ་ཚོ་གཞིས་ཆགས་སའི་རི་རྒྱུད་ཀྱི་ལྷོ་ཕྱོགས་སུ་དུས་རྒྱུན་འགྲོ་བཞིན་པ་ཐག་ཆོད་ཡིན་ལ། ཁོ་ཚོས་ཡུལ་དེ་དག་གི་མི་རྣམས་ལ་སོ་སོའི་ལུང་པའི་དུར་འདེབས་ལུགས་སྲོལ་སྐོར་གླེང་མྱོང་ཡོད་ངེས།[6] དེ་བས་སྀ་ཏེན་གྱིས་པར་བླངས་པའི་བེམ་པོ་དེ་ནི་གཅིག་བྱས་ན་སྐབས་འདིའི་ཡིག་ཆར་འཁོད་པ་ལྟར་དུ་དུར་དུ་སྦས་ཡོད་ལས་ཆེ།
ཁྲིན་ཏན་ཆིན་གྱིས་བྲིས།

རྩོམ་ཁུངས། F.W.ཐཱོ་མ་སྀས་བརྩམས། གཡུ་རྔོག་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་ཅིང་མཆན་བཏབ། «ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་གནའ་བོའི་དམངས་ཁྲོད་རྩོམ་རིག» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ལོ། ཤ༨༩-༩༣ལས་དྲངས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།