བླ་གཡོག་གྲོང་ཚོར་བསྐྱོད་པའི་མཐོང་ཐོས།
རྩོམ་པ་པོ།:གཟི་མིག་དགུ་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-06-30 08:30:45
ཀློག་གྲངས།:
བླ་གཡོག་གྲོང་ཚོར་བསྐྱོད་པའི་མཐོང་ཐོས།
བླ་གཡོག་གྲོང་ཚོ་ནི་སྣང་རྫོང་སྐྱེམས་སྟོང་ཤང་གི་སྲིད་འཛིན་གྲོང་ཚོ་ཞིག་སྟེ། ད་ལྟ་གླ་གཡེར་གྲོང་ཚོ་ཟེར།(来义村)
གཟི་མིག་དགུ་པ།
གཅིག
ལོ་དེའི་ཟླ་བ་དྲུག་པའི་དབྱར་གནང་སྐབས། དབུས་ཕྱོགས་སུ་སྤྲིན་ཚོགས་ཀྱིས་བསྐྱུར་བའི་ཉིན་བྱེད་དེས་ཞོགས་པ་ནས་དགོང་མོའི་བར་ངལ་དུབ་ཁོ་ནས་སྐྱིད་ཆུའི་མགོ་རྔ་འདེད་བཞིན་འདུག ཁོ་བོས་ཉི་མའི་སྐྱོ་ངལ་ལ་ཡི་མ་རངས་པའི་དབུགས་རིང་རེ་རེས་ཉིན་མོ་དགོང་ལ་སྐྱེལ་ཞིང་མཚན་མོ་ཞོགས་ལ་དེད་ནས་དབྱར་གནང་གི་དུས་ཚོད་ཕྱེད་ཙམ་གོ་མེད་ཚོར་མེད་ངང་འདས་པའི་ཉིན་ཞིག་ལ། རྟག་ཏུ་རྩོམ་རིག་གི་སྦྲང་ཆར་འཇོ་སའི་དྲྭ་ཚོམས་དེ་རུ་ཟླ་དྲུག་པའི་ཚེས་བདུན་ནས་བཅོ་ལྔའི་བར«བོད་ལྗོངས་རྩོམ་རིག»དང«སྤང་རྒྱན་མེ་ཏོག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ»བཅས་དུས་དེབ་གསུམ་གྱི་རྩོམ་སྒྲིག་པ་གཙོས་པའི་ལྗོངས་ཕྱི་ནང་གི་རྩོམ་པ་པོ་ཉི་ཤུ་ལྷག་དྭགས་པོ་ཁོག་གི་རིག་གནས་འཚོལ་བསྡུར་སྣང་རྫོང་དུ་ལྗོངས་རྒྱུ་གནང་འཆར་ཡོད་པའི་གསལ་བརྡ་འབྱོར། ཡིད་སེམས་གཏིང་ནས་བསླུ་བར་མཁས་པའི་རིག་གནས་ཡུལ་སྐོར་གྱི་གསལ་བརྡ་དེ་ནི་ན་ཆུང་མ་ཞིག་གི་ཟུར་མིག་ལྟར་འཛུམ་མདངས་དང་བཅས་ཏེ་བདག་བློར་ཡང་ནས་ཡང་དུ་འཛུལ། དེ་ལྟར་སྙིང་དུ་སྡུག་པའི་རྩོམ་རིག་གི་གཞོན་ནུ་མ་ཞིག་བག་མར་བསུ་རྒྱུའི་སྐལ་བར་གཡོལ་འགྲོ་བ་ནི། དོན་དུ་རྩོམ་རིག་དང་གཉེན་དོན་གཏམ་པའི་སྤོབས་པ་ཡོངས་སུ་བྲལ་བའི་མདོ་མེད་འཁྱམ་པོ་ཚོའི་ཁ་སྟབས་ལས། འཚོ་བའི་ཟབ་སར་རྩོམ་རིག་གི་བརྩེ་བས་བརླན་པའི་ཁྱིམ་གཞིས་ཤིག་སྐྱོང་འདོད་པའི་སྟག་ཤར་གྱི་སྣང་བརྙན་མིན་པ་ཅིའི་ཕྱིར་མི་རྟོགས། དེར་བརྟེན། ད་ཐེངས་ཀྱི་ན་ཆུང་མ་དེར་གཉེན་དོན་གཏམ་རྒྱུའི་གྲོས་ཕུགས་ནི། ཤེས་རང་ལ་ཡོད་ཀྱང་བློ་མིར་དྲིས་ཞེས་པའི་གཏམ་དཔེ་དང་ལྡོག་ཟླར་ལངས་ཏེ་རང་ཐག་རང་གིས་བཅད་པ་ཡིན། རིང་པོར་མ་ཐོགས་པར་རྩོམ་རིག་གི་བག་སྟོན་དེའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོ་ཡང་ཚེས་ལ་ཉེ། འདི་ལྟར་རྩོམ་རིག་གི་བུ་མོར་གཉེན་དོན་གཏམ་པའི་སྐལ་བ་ཐོབ་པ་ནི་ལས་དབང་གི་བཀོད་སྒྲིག་ཡིན་ཆོག་ལ། སྟེས་དབང་སྟབས་ལེགས་ཀྱིས་འཕྲད་པའི་ལས་འཕྲོ་ལྷག་མ་ཞིག་ཡིན་ཡང་སྲིད། གང་ལྟར་རྩོམ་རིག་གིས་བསླུས་པའི་སེམས་འགྱུ་ཕྲ་མོ་དེ་ལ་རྟག་ཏུ་དངོས་ཐོབ་དང་བརྒྱུད་ཐོབ་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་གསོགས་འཇོག་དགོས་པའི་གཏན་ཚིག་རི་འདྲ་བ་ནི་དེ་སྔོན་སློབ་གཉེར་སྐབས་སུ་དགེ་རྒན་བཀའ་དྲིན་ཅན་ཚོས་གནང་མྱོང་བ་དང་། ཁྱད་པར་དུ་ད་ཐེངས་ཀྱི་གཉེན་འཕྲོད་དེ་ཉིད་ཀྱང་མི་རྣམས་མཛངས་ཤིང་ས་བཅུད་ཆེ་ལ་རིག་གནས་གཏེར་གྱིས་ཕྱུག་པའི་དྭགས་པོ་ཁོག་ཏུ་ཡོད་པ་མ་ཟད། གཉེན་སྒྲིག་དེའི་སྔ་ཕྱི་བར་གསུམ་དུ་རྩོམ་རིག་གསར་རྩོམ་གྱི་མྱོང་བ་ཟབ་ཅིང་ལོ་རྒྱུས་ཀྱི་དགེ་ཐོན་ལ། དམངས་སྲོལ་རིག་གནས་ཀྱི་ནོམ་པ་ཆེ་བའི་སྨྱུག་ཐོགས་པ་ཁྱུ་གཅིག་དང་ལྷན་དུ་བག་སྟོན་ལ་རོལ་ཆོག་པ་སོགས་རྟེན་འབྲེལ་གྱི་ཆ་ལག་ཀུན་ནས་འཛོམས་པས་དགའ་བ་འབུམ་གྱིས་ལས་སྐལ་དེའི་ཐག་སྣེ་དམ་དུ་འཇུས་པ་ཡིན།

གཉིས།
དེ་ལྟར་དྭགས་པོར་ལུས་པའི་རྩོམ་རིག་གི་ན་ཆུང་མ་དེར་གཉེན་དོན་གཏམ་ཆེད། སྤྱི་ཟླ་དྲུག་པའི་ཚེས་བདུན་ཉིན་གྱི་ཞོགས་པར་བྱིན་རླབས་ཀྱི་ཚན་ཁ་འབར་བའི་དབུས་ཕྱོགས་ལྷ་ལྡན་གྲོང་ལ་མེ་འཁོར་གྱི་དུང་བརྡའི་རམ་འདེགས་དང་ལྡང་སྟེ། གྱེས་ཕྱག་འབུལ་བཞིན་བོད་ལྗོངས་ཀྱི་ལྷོ་ཕྱོགས་སུ་བཞུད་འགོ་བརྩམས། ཡར་ཀླུང་གཙང་པོ་ནི་བདག་བློར་ཆགས་པའི་ལོ་རྒྱུས་ཀྱི་ཆུ་འགོ་གཙང་ཤོས་དེ་ཡིན་ཆོག་ལ། གནས་མཆོག་ལྷོ་ཁ་ནི་མེས་པོ་ཚོའི་རྣམ་ཤེས་ཀྱི་ས་བོན་འཐོར་སའི་ཕ་ཡུལ་ངོ་མ་དེ་ཡིན་ཆོག བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་དྭགས་ཀོང་ཉང་གསུམ་ནི་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དུ་གནས་པའི་གནས་མཆོག་ཁྱད་པར་བ་ཞིག་སྟེ། མིག་སྔར་བོད་ཀྱི་ལོ་རྒྱུས་ཐོག་རིག་གནས་རྔམ་མཐུག་ཅིང་མི་རྣམས་བློ་གྲོས་ལྡན་ལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ཀྱང་ཡིན། གནས་དེར་ཐེངས་གཅིག་བགྲོད་རྒྱུ་བྱུང་བ་ཡང་བསོད་ནམས་བགོ་སྐལ་གྱིས་སྨིན་པའི་འབྲས་བུ་ཁྱད་པར་བ་ལས་ཐ་སྙད་ཙམ་པོ་ཞིག་གིས་འགྲེལ་བར་དཀའ་བའི་གནས་སུ་ལྷག རི་བོས་རི་བོ་གཡོལ་ཞིང་ཆུ་བོས་ཆུ་བོ་དེད་པའི་ཡར་ཀླུང་ཁོག་གི་ལ་ལུང་ཇི་སྙེད་ཅིག་ཡུད་ཀྱིས་བརྒལ་ཏེ་དྭགས་པོ་སྣང་རྫོང་དུ་འབྱོར་དུས། རང་ཉིད་དང་ལས་འཕྲོས་བལྟམས་པའི་རྩོམ་རིག་གི་ཆུང་མ་དེའི་རིགས་རུས་ཆོ་འབྲང་དང་མི་གཤིས་སེམས་ཁམས། ཐ་ན་བྱད་བཞིན་དང་སྐྱེ་གཟུགས། རྣམ་འགྱུར་ཚུན་ལ་རྟོག་འཆར་བྱེད་འགོ་བརྩམས་ཏེ་མིག་ཟུང་ཡང་ཡང་བཙུམ་དུས། སྐབས་རེ་དྭགས་པོ་གླང་འདུན་གཞིས་ཀ་ནས་འཁྲུངས་ཤིང་མཚན་བཟང་དཔེ་བྱད་ལྡན་པའི་ལྷ་ཡི་སྲས་མོ་ལྟ་བུའི་ན་ཆུང་མ་ཞིག་ཡིད་དུ་འཁོར་ཡོང་ལ། ལན་རེ་འཁྲུངས་གཞིས་གཡུ་ཡི་གཞོང་པའི་ཚལ་དུ་ཞི་ལྷོད་བབ་གསུམ་གྱི་ངང་ཚུལ་དང་ལྡན་པའི་མཛངས་མ་ཞིག་སེམས་ཀྱི་གཏིང་ནས་མཇལ་ཡོང་། ཡང་སྐབས་རེ་བོད་ཀྱི་གསོ་རིག་ལོ་རྒྱུས་ལ་མཛད་རྗེས་བླ་ན་མཐོ་བའི་ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་སྐྱེམས་པ་ཚེ་དབང་རྣམ་གཉིས་ཀྱི་དབང་ལུང་མན་ངག་ཐོབ་ཅིང་འགྲོ་བའི་ནད་རིགས་འཇོམས་པའི་གཟུགས་བཟང་ལྷ་རྗེ་མ་ཞིག་ཀྱང་ངང་གིས་དྲན་ཡོང་། དེ་བཞིན་ལ་ཐོག་མཛངས་མཚོ་ནས་སྐུ་ཁྲུས་གསོལ་ཞིང་ལྷ་གུང་ཐང་གི་སྤང་ལྗོངས་ནས་ལུག་ཁྱུ་བསྒུལ་བའི་འབྲོག་མོ་རྣལ་མ་ཞིག་གི་མཛུམ་མདངས་ཀྱང་མངོན་ཡོང་ལ། ཀོང་རྫི་རོང་གི་གདོད་མའི་ནགས་ཚལ་བརྒྱུད་ནས་ཡོང་ཞིང་མཆིམས་ལྷ་རི་བོའི་འཁྱགས་རོམ་བརྒལ་ཏེ་དམའ་བའི་གྲོག་རོང་ནས་ནགས་ཚལ་གྱི་མཛེས་སྡུག་བཀླགས་ཤིང་མཐོ་བའི་གངས་རི་དང་སྤང་ལྗོངས་ཀྱི་ངོ་མཚར་མཇལ་གྱིན་ཡོང་བའི་དྭགས་པོ་ཁོག་གི་གཟུགས་བཟང་ན་ཆུང་མ་ཇི་སྙེད་ཅིག་ཀྱང་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་ཤར་བ་མ་ཟད། ངོ་མཚར་རྨད་དུ་བྱུང་བའི་སླེབས་རིའི་བང་སོ་དང་ལོ་ངོ་སྟོང་གི་སྟར་སྡོང་སོགས་ཡོངས་སུ་གྲགས་པའི་ཡུལ་སྐོར་ས་ཚིགས་དེ་དག་གི་སྣེ་ཤན་མ་ཤེས་མཛངས་དང་ལྡན་པ་སོགས་ཡང་སྙིང་སུ་ཞིག་དང་ལས་འཕྲོ་ཡོད་མེད་ལ་རྟོག་འཆར་དང་བཅས་ཁོ་བོའི་ཚོར་ཤེས་ཀྱི་ཉ་མོ་ཡར་ཀླུང་གཙང་པོའི་རླབས་ཀྱིས་བསྒུལ་རིམ་བཞིན་དུ་དྭགས་པོ་སྣང་རྫོང་རིག་གནས་ཡུལ་སྐོར་ཅུད་ཀྱི་སྣེ་ཤན་འོག་ཉིན་གཉིས་ཙམ་རིང་གོང་གསལ་གྲགས་ཆེ་བའི་ཡུལ་ལུང་ཁག་རིམ་བཞིན་མཇལ་སྐལ་ཐོབ་པས་སྔར་བོད་ཀྱི་ལོ་རྒྱུས་སུ་སྲོང་བཙན་སྒམ་པོའི་དུས་ནས་དབུས་གཙང་རུ་བཞིར་བགོས་པའི་གཡོ་རུའི་ནང་ཁུལ་གྱི་དྭགས་པོ་ཞེས་པའི་རིགས་རུས་ཀྱི་མི་ཚོ་ཞིག་གཞིས་ཆགས་སའི་ལུང་པ་དེར་དགའ་དད་མོས་གསུམ་གྱི་འདུ་ཤེས་ཤིག་འགོག་མེད་དུ་ཡིད་ཀྱི་ཟབ་སར་ལྷུང་དོན་ཡང་ས་གནས་དེའི་སྣོད་བཅུད་དང་འབྲེལ་བའི་ལོ་རྒྱུས་རིག་གནས་ཀྱིས་བདག་ལ་བཞག་པའི་ཐོག་མའི་བག་ཆགས་དེ་ཡིན་ཤས་ཆེ།
གསུམ།
དེ་ལྟར་རང་ཉིད་ཀྱི་ལས་འཕྲོའི་བགོ་སྐལ་དུ་སྨིན་པའི་གཟུགས་བཟང་ན་ཆུང་མ་དེ་གང་དུ་ཡོད་མེད་ལ་དོགས་སློང་སྟོང་གི་བར་གསེང་རེ་རེ་བཞིན་ཉུལ་ནས་ཡོང་བས། ད་གཟོད་ཁོ་བོ་དང་ལས་འཕྲོའི་མདུད་པ་ཐེབས་པའི་ན་ཆུང་མ་དེ་ནི་གོང་གསལ་རྟོག་འཆར་གྱི་ཀློང་དུ་ཡོད་པའི་གཟུགས་བཟང་མ་སུ་ཡང་མ་ཡིན་པར། དྭགས་པོ་སྣང་རྫོང་གི་སྐྱེམས་སྟོང་ཤང་སྲིད་གཞུང་ནས་བར་ཐག་སྤྱི་ལེ17.5བརྒྱུད་མཐར་ལུང་གཞོང་དེའི་ཉིན་ངོས་ཀྱི་རི་སུལ་དུ་མཚོ་འཕགས་སྨི3733ཙམ་ཡོད་པའི་ས་མ་འབྲོག་ཁུལ་གྱི་བླ་གཡོག་གྲོང་དུ་ཡོད་པ་རྟོགས། མི་ཚེའི་ཁྲོད་ཀྱི་དོན་དག་མང་པོ་ཞིག་ལ་ཆེད་དུ་དོ་སྣང་བྱེད་རིན་གང་ཡང་མེད་ལ། བྱས་ཀྱང་དགོས་པ་མ་མཆིས། འོན་ཏེ། གཉེན་དོན་གཏམ་པ་ནི་མི་ཚེའི་ལེའུ་གསར་པ་ཞིག་འགོ་བཙུགས་པ་ཡིན་པས་ཁོ་བོས་རང་གི་གཏན་གྲོགས་དེའི་འཚོ་བའི་ཁོར་ཡུག་དང་རིག་གནས་སེམས་ཁམས། རིགས་རུས་ཆོ་འབྲང་། ཐ་ན་ལང་ཚོ་དང་ན་ཚོད་སོགས་ཚུན་ལ་རྒྱུས་མངའི་ཆེད་དུ་བཅར་འདྲི་བྱེད་འགོ་བརྩམས། ད་ལྟའི་མི་རྣམས་ཀྱིས་ཁོང་གི་ཕ་ཡུལ་དེར་གླ་ཡེར་དང་བླ་ཡེར། ལྷ་ཡུལ། གླ་གཡེར། བླ་གཡོག་ཅེས་མིང་འབོད་ཚུལ་ཅི་རིགས་ཡོད་ཀྱང་། རྒན་རབས་ཕལ་ཆེ་བས་བླ་གཡོག་གྲོང་ཚོ་ཞེས་འབོད་སྲོལ་འདུག དེའི་རྒྱུ་མཚན་ནི། བླ་གཡོག་ཅེས་སྔ་དུས་སུ་བླ་མའི་གཡོག་པོར་གོ་བ་སྟེ། བོད་རྙིང་པའི་སྐབས་སུ་གྲོང་ཚོ་དེ་དབུས་ཀྱི་ཚེ་སྨོན་གླིང་གི་ཁྲལ་དུད་ཡིན་པས་མིང་དེ་ལྟར་ཐོགས་ཚུལ་གྱི་ངག་རྒྱུན་མ་ཉམས་པར་གནས་འདུག དེ་ནི་རང་གི་གཉེན་འཕྲོད་དེ་སྐྱེམས་སྟོང་ཡུལ་ཚོའི་བླ་གཡོག་གྲོང་དུ་ཡོད་པ་གཏན་འཁེལ་བྱུང་བའི་ལེའུ་ཐོག་མ་དེ་རེད། གྲོང་ཚོ་དེར་ད་ཡོད་ཁྱོན་དུད་ཚང་བདུན་ཅུ་དོན་ལྔ་དང་དེའི་ནང་དུ་བོད་རིགས་དང་རྒྱ་རིགས་གཉེན་སྒྲིག་བྱས་པའི་དུད་ཚང་གསུམ། བོད་རིགས་དང་ལྷོ་པ་རིགས་གཉེན་སྒྲིག་བྱས་པའི་དུད་ཚང་གཉིས་བཅས་ཁྱོན་མི་གྲངས་ཉིས་བརྒྱ་སུམ་ཅུ་ཡོད་པའི་རང་རྒྱལ་གྱི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་མཐའ་མཚམས་ཀྱི་གྲོང་ཚོ་ཞིག་ཡིན་པ་མ་ཟད། མི་རིགས་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས། སྤེལ་རེས་སོགས་མཛའ་མཐུན་མཉམ་གནས་དང་བརྩེ་བ་ཟབ་མོས་འཚོ་བས་ན། ཁོང་གི་ཕ་ཡུལ་འདི་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ་ཞིག་ཡིན་པ་ངང་གིས་རྟོགས། དེ་ནས་རིམ་བཞིན་གྲོང་ཚོ་དེར་རྒྱུས་ལོན་བྱས་པ་བརྒྱུད། དེར་ད་ཡོད་ངལ་ནུས་ཡོད་པའི་མི་གྲངས་བརྒྱ་དང་བཅུ་གཅིག་དང་། ཏང་ཡོན་སུམ་ཅུ་སོ་བདུན་གྱི་ནང་ནས་གྲ་སྒྲིག་ཏང་ཡོན་གཅིག ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་ཉི་ཤུ་རྩ་བདུན་དང་མི་གྲངས་ལྔ་བཅུ་ང་གསུམ་བཅས་ཡོད་པ་ལས2018ལོའི་ཟླ12པར་གྲོང་ཚོ་དེ་ཕྱོགས་ཡོངས་ནས་དབུལ་ཞྭ་ཕུད་ཟིན་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ཡིན་པ་ཡང་ག་ལེར་ཤེས་རྟོགས་བྱུང་། སྦྲུལ་ནག་གྱེན་དུ་ནུད་འདྲའི་རྒྱལ་ལམ219ཡི་ཟུར་གྱི་རི་གྲོང་དེར། ཁང་ཁྱིམ་གྲལ་སྟར་འགྲིག་ཅིང་ཁམས་གཙང་ལ། རྒྱང་ནས་བལྟས་ན་ཀུན་རྟོག་འཆར་ཡན་གྱི་ཀློང་དུ་འཁྲིད་ཅིང་མི་མ་ཡིན་གྱིས་བཞེངས་པའི་ཞིང་ཁམས་ཁྱད་པར་བ་ཞིག་ཡིད་ལ་སྤྲོས་པ་དེས། རང་བྱུང་ཁོར་ཡུག་དང་མིས་བཟོས་ལག་རྩལ་གཉིས་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་སོང་སྟེ། ཕྱོགས་བཞིའི་སྐྱེ་བོའི་མིག་ཡིད་ཀྱི་དགའ་སྟོན་ལ་ཐིམ་པར་བྱེད་ལ། ཉེ་བར་བཅར་ན། འཆར་འགོད་ལེགས་ཤིང་སྤུས་ཚད་ལྡན་པ། ཁམས་གཙང་བ། སྤྱོད་སྒོ་ཆེ་བ། འགྲོ་འོང་བདེ་བ་སོགས་དགེ་མཚན་དུ་མས་ཕྱུག་པའི་བླ་གཡོག་གྲོང་ཚོ་འདི་ནི། སྤྱི་ལོ2018ལོའི་ཟླ6པར་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར(广东省惠州市)གྱི་བོད་སྐྱོར་ལས་དོན་རུ་ཁག་སྐབས་བརྒྱད་པའི་ཤུགས་ཆེའི་རོགས་སྐྱོར་འོག་མ་དངུལ་སྒོར་ཁྲི5015བཏང་ནས་བསྐྲུན་པ་ཞིག་སྟེ། ད་ལྟ་གྲོང་མིའི་སྡོད་ཁང56ཡོད་པ་དེ་དག རྡོ་རྩིགས་ལ་ཨར་འདམ་དང་ལྕགས་རྩིབ་བླུགས་ཏེ་སྲ་འཐས་སུ་བཏང་བའི་ཁར། ནང་དུ་པང་གཅལ་བསྒྲིགས་ཤིང་དཀར་རགས་བྱུག་སྟེ་གྱང་རས་སྦྱར་བ། ཤེལ་ཁང་དང་སྒོ་ར་སོགས་ཀྱང་ཆ་འགྲིག་ཡོད་པ་བཅས་བོད་རྒྱ་གཉིས་ཀྱི་བཟོ་བཀོད་ཟུང་དུ་འབྲེལ་བའི་ཁྱད་ཆོས་ལྡན་ལ། དུད་ཚང་སོ་སོའི་མི་གྲངས་མི་འདྲ་བར་གཞིགས་ནས་ཁང་པའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་བརྒྱ་དང་བརྒྱ་དང་སུམ་ཅུ། བརྒྱ་དང་བརྒྱད་ཅུ་བཅས་ཁག་གསུམ་གྱི་ལམ་ནས་འཛུགས་སྐྲུན་བྱས་འདུག་ཅིང་། དེ་དག་གི་ནང་དུ་རང་འབབ་ཆུ་ཀ་ལ་དང་གསང་སྤྱོད། རྒྱལ་ཁབ་གློག་དྲྭ་དང་སྐུད་མེད་དྲྭ་བ་སོགས་གྲོང་ཁྱེར་གྱི་ཁང་པའི་ཆ་རྐྱེན་ཡོད་ཚད་འཛོམས་པའི་ཁར་ལྕགས་ཐབ་བཀོལ་ནས་འབུད་ཤིང་བེད་སྤྱོད་ཆོག་པ་ནི་ས་གནས་ཀྱི་གནམ་གཤིས་དྲོ་གྲང་དང་མཐུན་ཞིང་། འཚོ་བའི་གོམས་གཤིས་ཀྱི་དགོས་མཁོ་དང་མཚམས་པ་སོགས་མཐོང་བ་ཙམ་གྱིས་འཛུགས་སྐྲུན་དེའི་འཆར་འགོད་ཀྱང་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཐུགས་བཞེས་ཟབ་མོ་གནང་ཡོད་པའི་དྲོ་སྐྱིད་ཅིག་སྟེར་ཡོང་། ཁོར་ཡུག་ཁྱད་པར་བ་ཞིག་ཏུ་འབྱོར་དུས་ཡུལ་དང་ཡུལ་ཅན་འཕྲད་པའི་བརྩེ་བའི་གསང་གཏམ་རེ་རེས་སྨྱུག་ཐོགས་པའི་ཡིད་སེམས་གཏིང་ནས་བསྒུལ་ཐུབ་པའི་ཤོད་ཚུལ་དེ་བདེན་པར་འཁུམ་འདུག་སྟེ། དེ་ཡང་ཁོ་བོ་འདི་རུ་བསླེབས་པ་ནས་བཟུང་། རིང་ནས་ལས་འཕྲོས་བལྟམས་པའི་ན་ཆུང་མ་དེ་དང་ཁོང་གི་ཕ་ཡུལ་གྱིས་བདག་ཡིད་ཡོངས་སུ་བསྒུལ་ནས་མཐོང་ཐོས་ཅི་རིགས་ཡིག་ལམ་དུ་འགོད་རྒྱུར་བྲེལ། རེད། ད་ལྟ་ཁོང་གི་ཕ་ཡུལ་གྱི་རི་གྲོང་ཆུང་ཆུང་དེ་ནི་བོད་ལྗོངས་ཀྱི་ལྷོ་ནུབ་མཚམས་སུ་གནས་པའི་ས་མ་འབྲོག་ཁུལ་ཞིག་ཡིན་པ་དང་གནས་དེར་ཞིང་འབྲོག་གཉིས་ཀྱི་ཐོན་ཁུངས་འབེལ་ཞིང་སྲོལ་རྒྱུན་ལྟར། དབྱར་དགུན་གྱི་མཚེར་ས་སྤོས་ཏེ་སྡོད་ཆོག་པའི་ཆ་རྐྱེན་འཛོམས་པོ་ཞིག་ཀྱང་རེད། སྡོམ་རྩིས་བྱས་པར་གཞིག་ན་གྲོང་ཚོ་འདིར་རྨོ་ཞིང་རྒྱ་ཁྱོན་ལ་ཁྱོན་མུའུ435.39ཡོད་ཅིང་དེ་ནི་རང་རྒྱལ་གྱི་ས་སེར་མཐོ་སྒང་གི་ས་ཞིང་ལྟར་སྐས་རིམ་གྱི་དབྱིབས་སུ་གྲུབ་པས་རྒྱང་ནས་བལྟས་ན་རང་བྱུང་གོ་སྒྲིག་གིས་ཆེད་དུ་གྲོང་ཚོ་དེའི་ཁོར་ཡུག་ལ་མཛེས་རྒྱན་སྤྲས་པ་དང་ཀུན་ནས་མཚུངས། རྩྭ་ཐང་རྒྱ་ཁྱོན་ལ་ཁྱོན་མུའུ42652.962ཡོད་པ་དེ་ནི་ཕལ་ཆེར་སྔོ་ཁེབས་ཀྱིས་སྡེ་ཚན་དུ་གྱུར་ཞིང་བྲག་རོང་དང་གཙང་པོ། གངས་འཁྱག་སོགས་ཀྱིས་མ་བསླད་པར་མཚོ་འཕགས་སྨི་སུམ་སྟོང་ཡན་ཡོད་པའི་འབྲོག་སྡེ་གནས་སྡོད་བྱེད་སའི་སྤང་ལྗོངས་ལ་གཞིར་བཞག་སྟེ་རྩིས་པ་མིན་ནམ་སྙམ། དེ་བཞིན་ནགས་ཚལ་གྱི་རྒྱ་ཁྱོན་ལ་ཁྱོན་མུའུ73025བཅས་ཟིན་པ་དང་མིག་སྔར་ཕྱུགས་རིགས་ཀྱི་མགོ་གྲངས་ཉིས་སྟོང་ལ་ཉེ་བ་ཟིན་གྱི་ཡོད་པས་ཡུལ་འདིའི་ཞིང་འབྲོག་པའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་འབྲོག་ལས་ཐོན་རྫས་དང་ཞིང་ལས་ཐོན་རྫས། དེ་བཞིན་དབྱར་རྩྭ་དགུན་འབུ་དང་ངལ་ནུས་ཕྱིར་གཏོང་གི་ཡོང་འབབ། སྤྱི་ཕན་ནགས་ཚལ་སྲུང་སྐྱོང་གི་ཁ་གསབ་དང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའ་བཅས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་གྲངས་དངུལ་དང་གྲོང་མིའི་མཉམ་གཉེར་ཚོང་ལས་ཀྱི་ཡོངས་འབབ་སོགས་ཀྱིས་སྤྱི་ལོ2021ལོར་སླེབས་སྐབས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར29314.1ཟིན་པ་དང་། དེའི་ནང་དངུལ་སྨར་ཁོ་ནའི་ཡོང་འབབ་ལ་མི་རེར་སྒོར19933.6ཙམ་ཟིན་ཏེ་འབྱོར་འབྲིང་གི་ལམ་ཆེན་དུ་སྐྱོད་བཞིན་པའི་རང་རྒྱལ་གྱི་ཆེས་མཛེས་པའི་དཔེ་སྟོན་གྲོང་ཚོ་ཞིག་ཀྱང་རེད་འདུག

བཞི།
ཁོ་པ་བླ་གཡོག་གྲོང་དུ་ཉིན་གཉིས་ཙམ་བསྡད་དེ། གྲོང་ཚོའི་ཧྲུའུ་ཅི་སྐལ་བཟང་ལགས་དང་ཤང་གྲོང་ཆེད་ལས་མི་སྣ་ཆོས་སྒྲོན་ལགས། དེ་བཞིན་གྲོང་ཚོའི་ཀྲུའུ་རེན་ཁྱི་ཕུག་བཅས་ལ་གྲོང་ཚོ་དེའི་འཕོ་འགྱུར་གཙོ་བོར་འཛིན་ཏེ་སྣ་ཟིན་སྤུ་ཟིན་གྱིས་བཅར་འདྲི་གང་མང་ཞུས་པ་ཡིན་རུང་། ཁོ་པར་མཚོན་ན་དེ་སྔོན་བཅར་འདྲིའི་ལས་དོན་ལ་ཆ་རྒྱུས་དབེན་པས་གང་ཞིག་ནས་འགོ་བརྩམས་ཏེ། ཇི་ལྟར་འདྲི་དགོས་པ་དང་གནད་དོན་གང་ཞིག་གནད་དུ་བཟུང་སྟེ་ཡིག་ལམ་དུ་འབེབ་དགོས་པ་སོགས་ལ་དཀའ་ངལ་འཕྲད་ཀྱང་རྩོམ་འབྲིར་དངོས་ཐོབ་དང་རྒྱུད་ཐོབ་ཀྱི་རྒྱུ་ཆ་གང་ཡིན་རུང་འདོར་ལེན་དགོས་པའི་རེ་བ་གཞིར་བཟུང་ཡིག་ལམ་དུ་འབེབ་ཅི་ཐུབ་བྱས་པ་ཡིན། དེ་ཡང་། ཁོང་རྣམ་པས་གསུངས་དོན། “ཉེ་བའི་ལོ་ཤས་རིང་། བླ་གཡོག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྐྱེམས་སྟོང་ཤང་གི“གཅིག་གསུམ་གཅིག”①གི་ཏང་འཛུགས་སྐྱོང་ལས་དོན་གྱི་བསམ་ཕྱོགས་གཞིར་བཟུང་ནས་དམངས་ཡོངས་ལ་ཡོང་འབབ་འཕར་ཤུགས་ཆེ་བའི་ཕྱུག་འགྱུར་ཐབས་ལམ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བླ་གཡོག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ། རྒྱལ་ལམ219བསྐྲུན་པའི་གོ་སྐབས་བཟང་པོར་དམ་འཛིན་གང་ལེགས་གནང་ནས། གྲོང་ཚོའི་ངལ་ནུས་མི་སྣ་སྒྲིག་འཛུགས་ཀྱིས་ལས་ཀར་ཞུགས་སུ་བཅུག་སྟེ་ངལ་རྩོལ་ཡོང་འབབ་མང་དུ་བཏང་བ་དང་། རྒྱལ་ལམ219འཛུགས་སྐྲུན་ནང་གྲོང་མི་བརྒྱ་ཆ70ལྷག་ཙམ་ཧུར་ཐག་གིས་ཞུགས་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར7000ལྷག་ཙམ་ཟིན་ཡོད་པ་མ་ཟད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཀྲི་པུའུ་ཡི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་མུས་ཡིན་པ་ཡང་གསུངས་བྱུང་། དེ་དག་ལས་ད་ཡོད་ཞིབ་ཕྲའི་ཐོན་ལས་ལ2016ལོར་དབུལ་པོའི་དུད་ཚང་གི་གསོ་ཚགས་རྣམ་གྲངས་དུད་ཚང་སོ་སོར་བགོས་པས་དབུལ་པོའི་དུད་ཚང་རང་ཁ་རང་གསོ་བྱུང་བའི་རྨང་གཞིའི་འོག2017ལོར་ཁྱོན་དྲོད་ཁང་ཆེ་མོའི་རྣམ་གྲངས་བདུན་ཡོད་པ་དང་མ་དངུལ་སྒོར་ཁྲི42བཏང་ཞིང་། དེ་དག་ནི་མིག་སྔར་གཉིས་ལྡན་དུད་སྦྲེལ་གྱིས་དོ་དམ་དང་གཉེར་སྐྱོང་བྱེད་མུས་སུ་མཆིས། དེ་བཞིན2018ལོར་གཞུང་ཕྱོགས་ནས་སླར་ཡང་མཛོ་མོ་གསོ་ཚགས་བྱེད་པའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི50བཏང་སྟེ་ཕྱུགས་རིགས་མགོ་གྲངས75ཡོད་པའི་ནང་མགོ་གྲངས30དབུལ་ཕོངས་དང་མཐའ་འཁོར་གྱི་གྲོང་ཚོ་གཞན་དག་ལ་མཉམ་སྡེབ་གསོ་ཚགས་བྱས་པར་ཁྱོན་མཛོ་མོ45དང་། 2019ལོར་གྲོང་ཚོའི་མཉམ་སྡེབ་ཀྱི་མཛོ་མོ་གསོ་སྤེལ་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི50བཏང་སྟེ་ཁྱོན་བསྡོམས་ཕྱུགས་རིགས་མགོ་གྲངས75དང་། 2020ལོར་སླེབས་སྐབས་འདས་པའི་ལོ་གཉིས་ཀྱི་མཉམ་སྡེབ་གསོ་ཚགས་རྣམ་གྲངས་བསྡུ་སྒྲིག་བྱས་པ་བརྒྱུད་ཕྱུགས་རིགས་མགོ་གྲངས120ཟིན་པ་དེའི་ནང་ནས112འགན་གཙང་ལེན་མཁན་དུད་ཚང་སོ་སོར་སྤྲད་པ་མ་ཟད། ལོ་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཆེད་ནོར་རེ་ནས་སྒོར800དང་སྒོར500བཅས་གྲོང་ཚོར་ཕྱིར་སྤྲོད་ཅིང་། དེ་དག་གི་ཁེ་སྤོགས་བགོ་འགྲེམ་བྱས་པ་དང་། དེ་ལས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ལ་སྒོར56000ཙམ་ཟིན་གྱི་ཡོད་འདུག 2019ལོའི་འབྲུ་སྣུམ་ལས་སྣོན་བཟོ་གྲྭའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི40བཏང་ཡོད་པ་དང་། དེ་ཡང་གཙོ་བོ་གྲོང་ཚོ་དེ་གའི་མང་ཚོགས་ལ་སྟབས་བདེ་ཡོང་བ་དང་ཕན་པ་ཐོབ་པའི་མ་དངུལ་ཁག་གསུམ་ལ་བགོས་ནས། གསུམ་ཆ་གཅིག་དོ་དམ་མི་སྣའི་གླ་ཕོགས་ལ་བེད་སྤྱོད་པ་དང་། གསུམ་ཆ་གཅིག་གློག་རིན་སྤྲོད་པ། གསུམ་ཆ་གཅིག་སྒྲིག་ཆས་ཉམས་བཟོ་དང་འཐུས་སྒོ་མ་ཚང་བའི་སྒྲིག་ཆས་གཞན་དག་ཁ་སྣོན་བྱེད་པའི་ཐད་སྤྱོད་བཞིན་པ་མ་ཟད། དེ་བཞིན་དུ་སྣང་རྫོང་འོད་ཟེར་ཁུལ་གསར་དུ་ཚོང་ཁང་གི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི500ཙམ་བཏང་ཡོད་ཅིང་། དེ་ནི་གོང་རིམ་སྲིད་གཞུང་ནས་མ་དངུལ་སྒོར་ཁྲི250དང་བླ་གཡོག་གྲོང་གི་གྲོང་མི་ཚོས་རང་གྲབས་ཀྱིས་སྒོར་ཁྲི250བཏང་སྟེ་འཛུགས་སྐྲུན་བྱས་པ་ཞིག་རེད་ཅེས་གསུངས། མིག་སྔར་དེའི་ཁུལ་གྱི་ཁང་པ་ཚང་མ་གཞན་ལ་བོགས་མར་བཏང་བས་ལོ་རེའི་ཡོང་འབབ་སྒོར་ཁྲི20ཙམ་ཟིན་གྱི་ཡོད་པ་སོགས་ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་ལས་རང་ཉིད་དང་གཉེན་འཕྲོད་བྱུང་སའི་གྲོང་ཚོ་འདིའི་འཕེལ་རྒྱས་ནི་མིག་སྔར་སྐྱེམས་སྟོང་ཤང་གི་མདུན་གྲལ་དུ་ཡོད་ཅིང་། དེའི་འཕེལ་རྒྱས་ཀྱི་རྩ་བ་ཕལ་ཆེ་བ་འབྲེལ་ཡོད་གྲོང་ཨུད་དང་བཅའ་སྡོད་ལས་བྱེད་པ། ཤང་གྲོང་ཆེད་ལས་མི་སྣའི་ཚགས་དམ་པའི་འཆར་གཞི་དང་། ཁ་གསལ་བའི་གཏོང་སྤྲོད། ཕུགས་རྒྱང་རིང་བའི་བསམ་བློ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁར་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་དང་གཏན་ནས་ཁ་བྲལ་ཐབས་མེད་པ་ཡང་ངང་གིས་རྟོགས།
ལྔ།
གྲོང་ཚོ་དེར་ཡོད་པའི་ཤང་གྲོང་ཆེད་ལས་མི་སྣ་ཆོས་སྒྲོན་ལགས་ནི་སྐྱེམས་སྟོང་ཤང་སླེབས་གྲོང་ཚོ་ནས་ཡིན་ཞིང་། སྐྱེམས་སྟོང་ཁུལ་ལ་རྒྱུས་མངའ་ཧ་ཅང་ཆེ་བའི་ཁར། ཕ་ཡུལ་འཛུགས་སྐྲུན་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་གྱི་བུད་མེད་འཇོན་ནུས་ཅན་ཞིག་ཀྱང་རེད་འདུག རྣམ་ཀུན་ཁོང་གིས་གྲོང་ཚོའི་འགོ་ཁྲིད་ཚན་པའི་རྒྱུན་ལྡན་གྱི་ལས་ཀར་རོགས་རམ་ཧུར་ཐག་བྱེད་བཞིན་ཡོད་པ་མ་ཟད། ཏང་གི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་དམངས་ཕན་སྲིད་ཇུས། ནད་རིམས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ། དེ་བཞིན་བཅའ་ཁྲིམས་དང་གློག་འཕྲིན་གྱི་ཁ་བསླུས་ལ་སྔོན་འགོག་བྱེད་ཐབས་སོགས་མང་ཚོགས་ལ་ཐད་ཀར་ཕན་འབྲས་ཆེ་བའི་ཤེས་བྱ་ཅི་རིགས་སྒྲོག་འགྲེལ་གནང་བའི་ཞོར་དུ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ཏང་ཡོན་ལས་བྱེད་པ་བཅས་ལ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་བྱང་ཚད་མཐོར་འདེགས་སློབ་ཚན་འཁྲིད་པ་བཅས་ནི་ཁོང་གིས་རྒྱུན་ལྡན་གྱི་ལས་ཀར་ངོས་འཛིན་གནང་བ་ལས་ཁོང་ནི་བླ་གཡོག་གྲོང་ཚོའི་མི་དམངས་ཀྱི་དགེ་རྒན་བཟང་པོ་ཞིག་རེད་ཟེར་ཡང་མི་འགྲིག་པ་གཏན་ནས་མེད། ཁོང་ལ2022ལོར་བླ་གཡོག་གྲོང་ཚོ་འདི་ཉིད་སྣང་རྫོང་གི་ཁྱད་ལྡན་ཡུལ་སྐོར་གྲོང་ཚོ་ཞིག་བསྐྲུན་ཐུབ་པར་འབད་བརྩོན་གྱིས་གོམ་སྟབས་རྗེས་མའི་འཆར་གཞི་འདི་ལྟར་འདུག་སྟེ། དུས་རབས་གསར་པའི་ཁ་ཕྱོགས་དང་ས་ཁོངས་ཧྲིལ་པོ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གནས་བབས་དང་བསྟུན་ཏེ། དྭགས་པོ་སྣང་རྫོང་འདི་ཡུལ་སྐོར་རྣམ་གྲངས་ཐད་འཕེལ་རྒྱས་གཏོང་བར་ཆ་རྐྱེན་མང་པོ་འཛོམས་ཡོད་པ་དེ་དག་རྨང་གཞིར་བྱས་ནས། བླ་གཡོག་གྲོང་ཚོ་ནི་རྒྱལ་ལམ219ཡི་ཉེ་འགྲམ་དུ་གནས་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ཡིན་པས་རྒྱལ་ལམ་219བརྒྱུད་དེ་ཕེབས་མཁན་ཚོས་གྲོང་ཚོའི་མཛེས་ལྗོངས་མཐོང་སླ་བའི་ཁར། མཛེས་སྡུག་ཡིད་དབང་འཕྲོག་པའི་སྡོད་ཁང་གི་རྣམ་པ་དང་ཆ་རྐྱེན་ཕུན་སུམ་ཚོགས་པ་བཅས་ཀྱིས་ཡུལ་སྐོར་བའི་ཡིད་སེམས་དབང་མེད་དུ་འགུག་ཐུབ་པ་དང་གཅིག གྲོང་ཚོ་འདི་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་མི་རིགས་མཐུན་སྒྲིལ་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ཡིན་པས། མིག་སྔར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དམིགས་བཀར་བཅར་འདྲི(焦点访谈)དང་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་སུ་ཐེངས་མང་འགོད་མྱོང་བས་ཀུན་གྱིས་དོ་ཁུར་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་གཉིས། ཡུལ་འདིར་ཐོན་ཁུངས་ཕུན་སུམ་ཚོགས་ལ། ས་རྒྱུ་ལེགས་ཤིང་ཡུལ་ལྗོངས་མཛེས་པ། མི་རྣམས་ལས་ལ་བརྩོན་ཞིང་ཕྱི་ཐག་རིང་བ། ཨ་ཅེ་རྒྱ་བཟའི་གླུ་གཞས་རྒྱུན་འཛིན་པ་དང་འཁེལ་འཐག་ལག་ཤེས་པ། འབྲོག་པའི་ཆས་གོས་རྒྱུན་འཛིན་པ། རྫི་བོ་ལྷ་གསོལ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་བཅས་རིག་གནས་ཕུན་སུམ་ཚོགས་པོ་ཡོད་རྐྱེན། སྐབས་བསྟུན་གྱིས་ས་ཁུལ་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་གཏོང་ཆོག་པ་དང་གསུམ། ཡུལ་སྐོར་བའི་ཐུགས་འདུན་སྐོང་ཆེད་ཁྱིམ་ཚང་མགྲོན་ཁང་གཉེར་ཏེ། བླ་གཡོག་གྲོང་གི་འཚོ་བར་ཉམས་ལེན་བྱེད་ཕྱོགས་ཐད་ཞིང་འབྲོག་པའི་རྒྱན་གོས་གྱོན་ནས་རྟ་བཞོན་ཏེ་པར་ལེན་བྱེད་པ། དཀར་གསུམ་སོགས་འབྲོག་པའི་ཐོན་རྫས་ཀྱི་རོ་བཅུད་མྱོང་བ། གཡག་རྭར་འབེན་རྩེད་དང་མདའ་རྩལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་ལ་གཟིགས་པ། མཚན་མོའི་སྒོར་གཞས་ལ་ལྟ་བ། ས་གནས་ཀྱི་ཞིམ་ཟས་ལ་རོལ་བ། འབྲོག་པའི་སྦྲ་ནག་དང་གེ་སར་མདའ་མོ། མཚལ་རྡོ། འབྲོག་པའི་ཐོན་རྫས་བཤམས་སྟོན་ཁང་དང་མཐའ་མཚམས་ཏང་འཛུགས་ཚོགས་ཁང་ལ་ལྟ་སྐོར་བྱེད་པ། དེ་བཞིན་གནས་མཆོག་ཙ་རིར་རྒྱང་མཇལ་དང་ཨ་ཅེ་རྒྱ་བཟའི་གླུ་གཞས་མྱོང་རོལ་བྱེད་པ་སོགས་བླ་གཡོག་གྲོང་ཁོངས་ཀྱི་ཕན་ནུས་ལྡན་པའི་ཡུལ་སྐོར་འཕེལ་རྒྱས་ལ་ཁ་ཕྱོགས་གང་ཐུབ་བཅས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རང་བཞིན་གྱི་གྲོང་སྡེ་གསར་པ་ཞིག་བསྐྲུན་རྒྱུར་འབད་པ་དང་ཆབས་ཅིག་འབྲི་གཡག་དང་མཛོ་མོ་གསོ་སྤེལ་རྣམ་གྲངས་གོང་འཕེལ་བཏང་ནས། ད་ཡོད་ཀྱི་ནོར་གནག་དང་རྟོལ་ལེ་གསོ་སྤེལ་ལ་བརྟེན་ནས་མུ་མཐུད་དུ་གསོ་སྤེལ་གྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། གསོ་སྤེལ་ལས་སྣོན་མཉམ་ལས་ཁང་བཙུགས་ཏེ། ཀུང་སིའི་མཚོན་རྟགས་ཐོ་འགོད་བྱས་ནས་དེ་འབྲེལ་གྱི་སྤུས་གཙང་ཐོན་རྫས་འཚོང་གང་ཐུབ་བྱེད་པ། དཔེར་ན། མར་དང་ཕྱུར་བ། ཤ་སྐམ་སོགས་ལས་སྣོན་ཞིབ་མོ་བྱས་ནས་འབྲེལ་ཡོད་ཐོན་རྫས་གསར་སྤེལ་བྱས་ན། ད་གཟོད་གྲོང་ཚོ་འདི་ཙམ་མ་ཟད་གྲོང་ཚོ་གཞན་ལ་ཡང་ནོར་གནག་དང་མཛོ་སོགས་གསོ་སྤེལ་བྱེད་པར་ཤུགས་ཀྱིས་སྣེ་ཁྲིད་ནུས་པ་ཡོང་ལ། ཤིང་འབྲས་འདེབས་འཛུགས་རྣམ་གྲངས་ལ་འཕེལ་རྒྱས་གཏོང་ཕྱིར་ཚན་རྩལ་རིག་གཅིག་མཁས་དབང་གདན་དྲངས་ནས་ཡུལ་དངོས་ཀྱི་ས་རྒྱུའི་ཁྱད་ཆོས་དང་གནམ་གཤིས་དྲོ་གྲང་། ཐོན་ཁུངས་སོགས་སྒོ་ཀུན་ནས་ཞིབ་འཇུགས་དཔྱིས་ཕྱིན་པ་གནང་མཐར། སྟར་སྡོང་དང་ཁམ་སྡོང་། ཀུ་ཤུའི་སྡོང་པོ་སོགས་ས་གཤིས་དང་འཕྲོད་པའི་འབྲས་ལྡན་ཤིང་རིགས་འདེབས་འཛུགས་བྱེད་རྒྱུ་མ་ཟད། ད་ཡོད་ཀྱི་ཚལ་འདེབས་སའི་དྲོད་ཁང་ཆེ་མོ་དེ་ཡང་མི་སྒེར་ལ་འགན་གཙང་སྤྲད་དེ། ཕན་འབྲས་ཐོན་པའི་དོ་དམ་གང་ལེགས་ཀྱིས་བླང་བྱ་ནན་མོ་འདོན་རྒྱུ་དང་ཆབས་ཅིག་གྲོང་ཚོའི་བུད་མེད་རྣམས་ཀྱི་འཇོན་ནུས་སྔོགས་འདོན་ལ་རྒྱབ་སྐྱོར་ཡོང་ཕྱིར། ཁམ་བུ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཆེ་རུ་བཏང་ནས་ཁམ་བུའི་ཐོན་ཚད་མང་དུ་བཏང་རྒྱུ། ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་འཐུད་གྱི་ཐོན་ལས་གཉེར་སྐྱོང་གི་ཡོང་འབབ་མང་དུ་གཏོང་རྒྱུ། མང་ཚོགས་རྣམས་བག་འཁུམ་གྱི་ལྟ་བ་རྙིང་པར་དུས་དང་འཚམ་པའི་འགྱུར་བ་གཏོང་ཕྱིར་སྔར་བས་སྐུལ་འདེད་གཏོང་བ་དང་སྦྱོང་བརྡར་དངོས་ནང་ཞུགས་ཏེ་རང་གི་ནུས་རྩལ་ཆེ་རུ་གཏོང་བ་བཅས་ཡོང་འབབ་ཀྱི་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་བ། དེ་བཞིན་དུ་བླ་གཡོག་རང་གི་ཁྱད་ལྡན་ཐོན་རྫས་ལས་སྣོན་བཟོ་གྲྭ་འཛུགས་རྒྱུའི་རྨང་གཞི་བཏིང་སྟེ། ཚགས་ཤ་སྐམ་པོ་དང་འབྲི་མར། གནག་ཕྱུག་གི་རྭ་ཅོ་སོགས་ལས་སྣོན་བྱེད་པ་ཚུན་སྣེ་མང་ཅན་གྱི་ཚོང་ཟོག་ཇི་སྙེད་ཅིག་ལས་གཏོད་བྱས་ནས་ནང་ས་དང་བོད་ལྗོངས་ཀྱི་ཁྲོམ་རྭར་བཏོན་ཏེ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་ཐབས་ལམ་ཕུན་སུམ་ཚོགས་པ་ཞིག་ཆགས་ཐུབ་པ་བྱེད་རྒྱུའི་ཆོད་སེམས་དང་འཆར་གཞི་འདི་དག་ཞིབ་པར་ཉན་ཏེ་ཟིན་བྲིས་བཏབ་པས་ཁོ་བོར་བློ་སྒོ་ཕྱེས་པ་མ་ཟད། རི་ཆུ་སྟོང་ཕྲག་གིས་ཆོད་པའི་རང་གི་ཕ་ཡུལ་དཀར་ཤོད་ཀྱི་རྣམ་པ་དང་འཕེལ་རྒྱས་ལ་འདི་འདྲའི་ནུས་ལྡན་གྱི་ཐོན་ལས་གསར་སྤེལ་ཐུབ་མཁན་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་རེ་སྨོན་ཞིག་ཀྱང་ཡིད་ཀྱི་གཏིང་ནས་འཕྱོ་ཡོང་།
དྲུག
བཅར་འདྲིའི་སྐབས་ཞག་གཉིས་ཀྱི་བར་གསེང་དུས་ཚོད་བཀོལ་ཏེ་བླ་གཡོག་གྲོང་གི་རང་བྱུང་ཁོར་ཡུག་ལ་ཉམས་ཞིབ་ཀྱི་ཚུལ་དུ་གང་སར་བསྐྱོད་པས། རི་གྲོང་དེ་ནི་ཉིན་སྲིབ་ཕྱོགས་གཉིས་སུ་གྱེས་པའི་ལུང་གཞོང་ཞིག་གི་ཉིན་ངོས་སུ་གནས་ཤིང་། གཡས་གཡོན་ཚང་མར་སྐས་རིམ་ཅན་གྱི་ཞིང་ཁ་བཏབ་ཡོད་པ་དང་དེའི་མཐའ་འཁོར་དུ་རི་སྐྱེས་ཁམ་སྡོང་དང་སྟར་སྡོང་། ལྕང་མ། གླང་མ། སེ་བ། ཚེར་མའི་ཕུང་པོ་སོགས་མིང་ཐོགས་པ་དང་མ་ཐོགས་པའི་ཤིང་རིགས་སྣ་ཚོགས་ཀྱིས་བསྐོར་ཞིང་སྣུམ་ཚོན་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པའི་མཛེས་རིས་ཤིག་དང་ཀུན་ནས་མཚུངས་ལ། སྲིབ་ཏུ་གཅན་གཟན་གྱི་མཆེ་བ་མཁའ་ལ་གཙིགས་འདྲའི་བྲག་རི་མཐོ་པོ་ཞིག་འགྱིང་ཡོད་ཅིང་དེའི་ཕར་ནང་ནི་སྐྱེམས་སྟོང་ཤང་ཤེལ་རི་ཁ་གྲོང་ཚོ་ཞེས་པ་དེ་རེད་འདུག ཉིན་སྲིབ་ཀྱི་རྩི་ཤིང་དེ་དག་གི་གསེབ་ནས་ཁུ་བྱུག་དང་ཅོ་ཀ འཇོལ་མོ། པུ་ཤུད། སྐྱ་ཀ་སོགས་ཀྱི་སྐད་སྙན་གང་སར་ཐོས་རྒྱུ་ཡོད་པའི་ཁར། ཡུལ་མིའི་ཤོད་ཚུལ་ལ་ད་དུང་བྱ་གླག་དང་གོ་བོ། རྒོད། འུག་པ། ཁྭ་ཏ། ཕོ་རོག་བཅས་འདབ་ཆགས་དང་། ཤྭ་གནའ་གླ་གསུམ་དང་འཕར་སྤྱང་གཡི་གསུམ། སྤྲེའུ་དང་དོམ། དྲེད་མོང་། ཨོག་དཀར། ཕྱི་བ། ཨ་བྲ་སོགས་སྲོག་ཆགས་ཀྱི་རིགས་ཧ་ཅང་མང་པོ་འཚོ་གནས་བྱེད་ཀྱི་ཡོད་པ་ལས། ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ངང་གིས་མངོན་ཡོང་། གུས་པ་བླ་གཡོག་ཏུ་སྐྱོད་པའི་དུས་ཚིགས་དེར་ཆར་ཆུ་དང་ཉི་འོད་ཡོངས་སུ་འཛོམས་ཤིང་བསིལ་དྲོད་སྙོམས། བསིལ་རླུང་གི་རེག་བྱ་འཇམ་པོས་རྟག་ཏུ་ལུས་ལ་བྱིལ་བྱིལ་བྱེད། ཞོགས་པ་དང་ས་སྲོད་ཀྱི་དུས་མཚམས་འགར་སྨུག་སྤྲིན་གྱ་གྱུས་རི་སྐེད་དང་རི་འདབས་བསྐོར་ཏེ་རིམ་བཞིན་མཁའ་ལ་འཕགས་པའི་ངང་ཚུལ་དེས། ཁོ་བོར་འཇིག་རྟེན་ལས་འདས་པའི་ཞིང་ཁམས་གཞན་ཞིག་ལ་འཆར་ཡན་ཡང་ཡང་བྱེད་དུ་བཅུག དགོང་མོ་ལུང་ཆུང་དེའི་ཆུ་འགྲམ་བརྒྱུད་དེ་སོང་བས། དར་ལྗང་གི་ཁ་བཏགས་ཐུར་དུ་བརྐྱངས་འདྲའི་ན་ཁ་ཡིད་དུ་འོང་བ་འགའ་མཐོང་ཞིང་དེར་ལུ་གུའི་མེ་ཏོག་དང་། དགོ་ཧོ་མེ་ཏོག སེར་ཆེན་མེ་ཏོག་སོགས་ཀྱི་མགོ་ལྕོག་ལྡེམ་བཞིན་བསིལ་རླུང་འཇམ་པོའི་རམ་འདེགས་ཀྱིས་མེ་ཏོག་གི་དྲི་བསུང་སྣ་རྩར་འཐུལ་བ་ཙམ་གྱིས་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་གི་ལོངས་སྤྱོད་ཡོད་ཚད་ལ་མྱོང་རོལ་ཐེངས་གཅིག་བྱས་པའི་ཚོར་སྣང་ཞིག་ཀྱང་སྟེར་འོང་།

ཉིན་གཉིས་པའི་སྔ་དྲོ་གྲོང་ཚོའི་ཀྲུའུ་རེན་ཁྱི་ཕུག་ལགས་ཀྱི་སྣེ་ཤན་འོག་བླ་གཡོག་གྲོང་གི་མཛེས་སྡུག་ལ་རྒྱང་མཇལ་བྱེད་ཕྱིར་རླངས་འཁོར་ལ་ཞུགས་ཏེ་དུས་ཡུན་ཆུ་ཚོད་ཕྱེད་ཙམ་རིང་རི་ལམ་གྱ་གྱུ་མ་དེ་བརྒྱུད་ནས་གྱེན་ལ་འཛེགས། ལམ་འགྲམ་གཡས་གཡོན་དུ་ཤུག་པ་དང་སྟག་མ། བ་ལུ་དང་སྐྱེར་པ། སེ་བ་སོགས་གང་སར་སྐྱེས་འདུག་ལ། སྟག་མ་དང་བ་ལུ། སེ་བ་བཅས་ཀྱི་མེ་ཏོག་དག་ནི་མུ་ཏིག་གི་ཕྲ་རྒྱན་བཏབ་པ་ལྟར་ཟིལ་པའི་ཁྲོད་ནས་ཀེམ་ཀེམ་དུ་གཡོ་ཞིང་ལྷེམ་ལྷེམ་དུ་འཚེར་བཞིན་འདུག རི་རྩེར་འབྱོར་དུས་གླང་པོ་ཆེ་འཕྲེད་དུ་ཉལ་འདྲའི་རི་ཚོགས་ཇི་སྙེད་ཅིག་མཐོང་ཞིང་། ས་རྒྱུས་ཡོད་པ་ཚོས་བལྟས་ན་དེ་དག་གི་དབུས་ནས་ཀོང་སྟོད་དྭགས་ལ་སྒམ་པོ་དང་གནས་ཆེན་ཙ་རི་སོགས་ཀྱང་རྒྱང་མཇལ་བྱེད་ཐུབ། བླ་གཡོག་གྲོང་ཚོ་ནི་སྐས་རིམ་ཅན་གྱི་ཞིང་གྲོང་དང་སྣུམ་གནག་གི་གཞུང་ལམ་ཟུར་དུ་དེ་བས་མངོན་པར་གསལ་ཞིང་མཛེས་སྡུག་གི་ཀློང་དུ་སྟིམ་པས། ད་གཟོད་དྭགས་པོ་བླ་གཡོག་གྲོང་ཚོ་འདི་ནི་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་སུ་ལྷིང་འཇགས་ངང་གནས་པའི་ཁྱད་ལྡན་ཡུལ་སྐོར་གྲོང་ཚོ་ཞིག་བསྐྲུན་པར་ཆ་རྐྱེན་མཐའ་དག་འཛོམས་འདུག་སྙམ་པའི་སྣང་བ་ཞིང་ངང་གིས་སྟེར་ཡོང་། རི་འབུར་དེ་ནས་ཐད་དུ་ལྟ་དུས། ཁ་ལྷོ་ཤར་དུ་ཕྱོགས་པའི་ཉིན་ལུང་ཁ་གྱེས་པ་ལྟ་བུ་ཞིག་ཡོད་པ་དེ་ནི་བླ་གཡོག་གྲོང་གི་དབྱར་མཚེར་ཡིན་འདུག གནས་དེར་ཕྱུགས་རིགས་རྣམས་ཅི་འགར་རྒྱུ་ཞིང་དེ་དག་གི་ངུར་རྒྱང་དང་རྫི་བོའི་གླུ་སྐད་སོགས་གང་སར་ཐོས་རྒྱུ་ཡོད་པ་ལས། གནའ་ཉམས་ཀྱིས་ཕྱུག་པའི་འབྲོག་སྡེའི་འཚོ་བ་ཞིག་ཡིད་ཀྱི་ཟབ་སར་འདྲེན་པར་བྱེད་ཅིང་། ལུང་པ་དེའི་རི་རྩེར་སྤྱི་ཟླ་དྲུག་པར་ཡང་གངས་འཁྱགས་ཀྱི་དབུ་རྨོག་གསོལ་ཞིང་རི་སྐེད་རྫ་སྤང་འདྲེས་མ། རི་མ་འདབས་སུ་རྩི་ཤིང་ནགས་ཚལ་གྱིས་བརྒྱན་པ་དེར་སྨྲས་པ།
གངས་ཀྱི་དབུ་རྨོག་བཞེས་པའི་ལྷུན་པོའི་མགུལ། །རྫ་སྤང་མཚམས་ནས་འབྲི་མོའི་ངུར་རྒྱང་དང་། །
རྫི་བོས་གླུ་ལེན་འདབ་ཆགས་གསུང་སྙན་གྱིས། །
གདོད་ནས་ཆགས་པའི་འབྲོག་སྡེ་ཕྱུག་མོ་ཡི། །
ཉམས་མཚར་སྟོང་གིས་སྐྱེ་རྒུའི་ཡིད་དབང་བརྐུ། །
བདུན།
གྲོང་ཚོ་དེའི་རིག་གནས་བྱེད་སྒོའི་ཐང་ཆེན་གཡས་ངོས་ཀྱི་གྱོང་ལྡེབས་སུ “བླ་མེད་རྩ་ཆེའི་རྒྱལ་ཁོངས་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་བྱེད”ཅེས་པ་རྒྱ་བོད་ཤན་སྦྱར་གྱི་ཡིག་འབྲུ་ཆེན་པོ་འགའ་བཀོད་ཡོད་པའི་གཤམ་དུ་བླ་གཡོག་གྲོང་གི་གནའ་དེང་འཕོ་འགྱུར་མཚོན་པའི་དངོས་བྲིས་རི་མོ་ཡིད་དུ་འོང་བ་དེས་ལོ་རྒྱུས་ཀྱི་ཤུལ་ལམ་རིང་མོར་ཕྱིར་འདང་ཡང་ཡང་དང་དྲན་པའི་གཏིང་ནས་ད་ལྟའི་འཚོ་བ་གསར་པར་བསྟོད་གླུ་ལེན་པའི་འདུ་ཤེས་ཤིག་ཀྱང་སྐྱེ་རུ་བཅུག དེ་ཡང་ད་ལྟ་གྲོང་ཚོ་འདིར་མཐའ་མཚམས་ཏང་འཛུགས་རིག་གནས་བྱེད་སྒོའི་ཚོམས་ར་ཆེན་པོ་ཞིག་བསྐྲུན་ཡོད་ཅིང་དེར་རྟག་ཏུ་བླ་གཡོག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་དབུ་ཁྲིད་དང་ཏང་ཡོན་རྣམས་ཀྱིས་སྐྱེམས་སྟོང་ཤང་ཏང་ཨུད་ཀྱི“གཅིག་གསུམ་གཅིག”གི་ཏང་འཛུགས་སྐྱོང་ལས་ཀའི་དགོངས་ཕྱོགས་ལྟར། གྲོང་གསེབ་དར་རྒྱས་གཏོང་བར་བཀོད་འདོམས་དང་ལྷག་པར་དུ་རུ་འདྲེན་པ་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་སྐོར་གྱི་སྲིད་ཇུས་ཏང་ཡོན་དང་མང་ཚོགས་ལ་བརྒྱུད་བསྒྲགས་ཀྱིས་ཚང་མར་ཏང་དང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་གཞི་དང་འཐབ་ཇུས་ཤེས་རྟོགས་བྱེད་དུ་བཅུག་པ་དང་དུས་མཚུངས་གྲོང་གསེབ་དར་རྒྱས་གཏོང་བའི་བྱེ་བྲག་གི་བྱ་སྤྱོད་སྤེལ་མཁན་དང་། ལག་ལེན་བྱེད་མཁན་གྱིས་གཞི་རིམ་ཏང་རྩ་འཛུགས་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་ངང་མཆིས། ཐེམ་དུད་ང་དྲུག་ལས་གྲུབ་པའི་གྲོང་ཚོ་དེར་ད་ལྟ་གྲོང་མིའི་འཕྲོད་བསྟེན་ཞབས་ཞུ་ཁང་གཅིག་དང་སྨན་པ་གཉིས། དེ་བཞིན་སྦྲག་སྲིད་ཁང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཞབས་ཞུ་ས་ཚིགས། གྲོང་ཚོའི་བུ་བཅོལ་ཁང་། རིག་གནས་ཐང་ཆེན། ཚོགས་ཁང་། ཡིག་པར་རྒྱག་ས། རྒྱ་ཟོག་ཚོང་ཁང་། གད་སྙིགས་དབོར་འདྲེན་གྱི་རླངས་འཁོར་སོགས་གྲོང་སྡེར་དགོས་པའི་ཆ་རྐྱེན་ཡོད་ཚད་འཛོམས་ལ། གྲོང་ཨུད་ཀྱིས་དམངས་ཡོངས་ལ་དགོངས་ནས2022ལོ་ནས་བཟུང་གྲོང་མི་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དངུལ་ཡང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ནས་འགན་ལེན་ཐུབ་རྒྱུར་འབད་བརྩོན་གནང་བཞིན་འདུག མིག་སྔར་སྤྱི་ལོ2000ལོ་ནས་བཟུང་གྲོང་ཚོ་དེའི་སློབ་ཆེན་སློབ་མ་རེ་ལ་དམངས་སྒོར500ཡི་འཚོ་བའི་ཁ་གསབ་སྤྲོད་ཐུབ་པ་གནང་ཞིང་ད་ཡོད་གྲོང་ཚོ་དེར་སློབ་ཆེན་མཐར་ཕྱིན་ཏེ་ལས་ཀར་ཞུགས་ཟིན་པ་དང་སློབ་ཆེན་དུ་སྐྱོད་བཞིན་པ་བཅས་ཁྱོན་མི40ལྷག་འདུག ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ལགས་ཀྱི་ཐོག་མའི་ཕ་ཡུལ་ནི་ཆབ་མདོ་སྨར་ཁམས་ནས་ཡིན་ཞིང་ཁོང་བླ་གཡོག་གྲོང་དུ་འབྱོར་ནས་མི་ལོ་སུམ་ཅུར་ཉེ་བའི་རིང་ཏང་གི་ཡང་དག་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་རང་ནུས་གང་ཡོད་ཀྱིས་བླ་གཡོག་གྲོང་གི་མི་དམངས་ལ་ཞབས་འདེགས་ཞུས་པས། རྒྱ་ཆེའི་མི་དམངས་ཀྱིས་འདེགས་འཇོག་ཚད་མཐོ་པོ་གནང་གི་འདུག་ལ། 2002ལོ་ནས་བཟུང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས་ཏེ། ད་བར་ལོ་ངོ་འདི་དག་རིང་བླ་གཡོག་གྲོང་གི་འཕེལ་རྒྱས་ལ་སྣེ་ཁྲིད་ནུས་པ་འདོན་མུས་སུ་མཆིས། ད་ལྟ་ཁོང་གི་བུ་ཆེ་བ་བློ་བཟང་ཚེ་རིང་ཤིས་ཨན་གྲོང་ཁྱེར(西安市)ཁྲལ་དོན་ཅུད་དུ་ལས་ཀ་བྱེད་བཞིན་པ་དང་བུ་ཆུང་བ་བློ་བཟང་རྒྱ་མཚོ་ཀོང་ཏུང་ཞིང་ཆེན་ཧོ་ཧྲང་ཆུས(广东省火山区)ཀྱི་ཏང་གི་སློབ་གྲྭའི་དགེ་རྒན་གྱི་ལས་ཀ་བྱེད་བཞིན་ཡོད་པ་ལས། ད་གཟོད་ཧྲུའུ་ཅི་སྐལ་བཟང་ལགས་ནི་རང་གི་བུ་ཕྲུག་ལ་སློབ་གསོ་གཏོང་བར་ཐོས་རྒྱ་ཆེ་ཞིང་མིག་རྒྱང་རིང་བའི་ཁྱིམ་བདག་བཟང་པོ་ཞིག་ཡིན་པ་ནི་དེ་བས་སྨོས་མ་དགོས་པ་ཞིག་རེད།
བརྒྱད།
འུན་ཤིང་ཀོང་ཇོའི་གླུ་གཞས་ནི་བཙན་པོའི་དུས་ནས་ས་དེར་དར་ཞིང་འུན་ཤིང་ཀོང་ཇོ་ཡང་སྣང་རྫོང་སྐྱེམས་སྟོང་ཤང་བླ་གཡོག་གྲོང་ཚོར་ཕེབས་མྱོང་བའི་ངག་རྒྱུན་ཞིག་ཀྱང་ད་ལྟའི་བར་གྲགས། ཁོང་གི་གླུ་གཞས་རྣམས་ཡུལ་དེའི་མི་དམངས་ཀྱིས་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་ཚུལ་དུ་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་ཤིང་། ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་པའི་གླུ་གཞས་དེ་ནི་མི་གཅིག་གིས་ཉིན་མཚན་བདུན་རིང་བླངས་ཀྱང་རྫོགས་མཐའ་མེད་པའི་གཏམ་རྒྱུད་ཡོད་ཀྱང་། ལོ་ན་རྒས་པའི་རྒྱུན་འཛིན་པ་དག་ཚེ་ལས་འདས་རྗེས་ད་ཡོད་རྒྱུན་འཛིན་ཐུབ་པའི་གླུ་སྣ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ནི་རྩ་ཆེའི་རིག་གནས་དར་སྤེལ་ཡོང་ཕྱིར་སྲུང་སྐྱོང་བྱས་ཏེ། བོད་ལྗོངས་ལྷོ་ནུབ་ཀྱི་ཉང་ཆུ་གཙང་པོའི་མངོན་མིན་རིག་གནས་ཤུལ་བཞག་དངོས་མང་གཤམ་སྟོན་ཁང་དུ་བཞག་ཡོད་པ་དང་། རྨོ་བོ་པདྨ་ཆོས་སྒྲོན་ལགས་ནི་ད་ཡོད་བླ་གཡོག་གྲོང་གི་འུན་ཤིང་ཀོང་ཇོའི་གླུ་གཞས་རྒྱུད་འཛིན་པ་གཅིག་པུ་དེ་ཡིན་ཞིང་མིག་སྔར་ཁོང་གིས་བླངས་པའི་གླུ་སྣ་བརྒྱ་ལྷག་བསྡུས་པའི་དེབ་གཅིག་ཀྱང་སྣང་རྫོང་རིག་གནས་ཡུལ་སྐོར་ཅུད་ཀྱིས་ཕྱོགས་བསྒྲིགས་གནང་མུས་སུ་མཆིས། དེ་བཞིན་བླ་གཡོག་གྲོང་ལ“རྫི་པ(བོ)ལྷ་གསོལ་དུས་ཆེན”ཞེས་དུས་ཆེན་ཁྱད་པར་བ་ཞིག་ཡོད་ཅིང་། དེའི་སྐབས་སུ་ཡུལ་མི་རྣམས་ལ་ཡུལ་དེའི་མེས་པོ་ནས་བརྒྱུད་པའི་འབྲོག་པའི་གྱོན་ཆས་དམིགས་བསལ་བ་ཞིག་གྱོན་རྒྱུ་ཡོད་དེ། གཡག་ཀོ་ལས་བཟོས་པའི་ཞྭ་མོ་ཞོལ་རྩིད་ཀྱིས་བཀྲིས་པ་དེར་ཡུལ་སྐད་དུ་མགོ་ཞྭ་ཞེས་འབོད་སྲོལ་འདུག དེ་མིན་གཅན་གཟན་དང་རྒྱ་གོ་རའི་པགས་པ་སོགས་གང་རུང་གིས་བཟོས་པའི་གོས་དང་དོར་མ། ལྷམ་སོགས་གྱོན་ཆས་ཆ་ཚང་བ་ཞིག་ཡོད་པ་དེ་ནི་དུས་ཆེན་སྐབས་སུ་མ་གཏོགས་གྱོན་སྲོལ་མེད། ལོ་ལྟར་བོད་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ཉིན་ནི། བླ་གཡོག་གྲོང་ཚོའི་ལོ་གཅིག་དུས་གཅིག་གི་འབྲོག་པའི་དུས་ཆེན་ཚེས། ཉིན་དེར་གྲོང་མི་ཡོངས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་དུས་ཆེན་ལ་རོལ་བར་བྱེད། དུས་ཆེན་དེའི་སྐབས་སུ་གོ་རིམ་ལྡན་ལ་གནའ་སྲོལ་མ་ཉམས་པའི་ངང་ནས་ཞོགས་པ་སྔ་པོ་ནས་ལངས་ཏེ་སྐྱེས་ལྷ་ཐ་བ་ཆོས་རྒྱལ་དང་ཞིང་ལྷ་ཞིང་བཟའ་ལྷ་མོ། ཕྱུག་ལྷ་རི་ལུང་གངས་བཙན། ཡུལ་ལྷ་ཕག་པ་ལག་དཀར་བཅས་ལ་བསང་མཆོད་ཕུལ་རྗེས། རིམ་བཞིན་གཡག་རྒྱུག་འགྲན་པ་དང་གཡག་རྭར་འབེན་རྩེད་བྱེད་པ། རྫི་གླུ་ལེན་པ། ཆང་དང་འོ་མ་མཐུང་བ་སོགས་ཞིང་འབྲོག་གཉིས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་དང་རྩེད་འཇོར་ལོངས་སྤྱོད་བྱེད་ཞོར་གནམ་འོག་གི་བྱ་བ་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་བཅས་མཚན་མོ་སྒོར་གཞས་འཁྲབ་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོར་རོལ་བ་ནི་ཡུལ་དེའི་ཞིང་འབྲོག་མི་དམངས་རྣམས་ལོ་གཅིག་དུས་གཅིག་གི་ཆེས་གྲ་རྒྱས་ཤིང་དགོད་སྒྲས་ཁེངས་པའི་ལྷན་འཛོམས་ཀྱི་ཉིན་མོ་ཁྱད་པར་བ་དེར་ཡོངས་གྲགས་སུ“རྫི་པ(བོའི)ལྷ་གསོལ་དུས་ཆེན”ཞེས་སྣང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་དུས་ཆེན་རྩ་ཆེན་ཞིག་ཀྱང་ཡིན་འདུག མི་རིགས་གང་འདྲ་ཞིག་ཡིན་རུང་ཐུན་མིན་གྱི་རིག་གནས་ཤིག་དགོས་ངེས་རེད་ལ། རིག་གནས་དེ་དག་ནི་མཛེས་སྡུག་ལྡན་པའི་རང་རྒྱལ་གྱི་རིག་གནས་ལྡུམ་རྭའི་ནང་གི་མེ་ཏོག་མཚར་སྡུག་ཅན་ཞིག་ཀྱང་ཅི་ལ་མིན། དེ་ལ་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་བྱེད་པ་ནི་མཛེས་སྡུག་ལྡན་པའི་མེས་རྒྱལ་གྱི་རིག་གནས་ལྡུམ་རྭ་སྲུང་སྐྱོང་བྱས་པ་དང་གཉིས་སུ་མེད་པས། དྭགས་པོ་བླ་གཡོག་གྲོང་གི་མི་དམངས་ནི་རང་རྒྱལ་གྱི་ལྷོ་ནུབ་ས་མཚམས་སུ་ཁུ་སིམ་སིམ་ངང་མེས་རྒྱལ་གྱི་རིག་གནས་སྲུང་སྐྱོང་གནང་མཁན་ཞིག་རེད་ཅེས་བརྗོད་པར་འདོད། ལོ་ངོ་བདུན་ཅུའི་གོང་དབུལ་འཕོངས་ཉམ་ཐག་གིས་རང་བྱུང་ཁམས་ཆེན་མོའི་བཀོད་སྒྲིག་ཁོ་ནར་བརྟེན་པའི་རི་གྲོང་ཞིག་ད་ཆ་འདི་ལྟར་བདེ་སྐྱིད་ཀྱི་འཚོ་བ་གསར་པར་ལོངས་སུ་སྤྱོད་བཞིན་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་དབུ་ཁྲིད་དང་བོད་སྐྱོར་ལས་དོན་རུ་ཁག་གི་སྒེར་སེམས་མེད་པའི་བྱམས་བརྩེའི་རོགས་རམ། མི་རིགས་ཁག་གི་མི་དམངས་ཚོས་སེམས་ཤུགས་གཅིག་ཏུ་སྒྲིལ་བའི་འབད་འཐབ་ཀྱི་འབྲས་བུ་ཞིག་ཡིན་པ་དེ་བས་སྨོས་མ་དགོས་པ་རེད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་བཟུང་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བས། ན་ནིང་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང་། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི་རྟེན་འབྲེལ་གཉིས་འཛོམས་ཀྱི་ལོ་དེར་བླ་གཡོག་གྲོང་ཚོའི་གྲོང་མི་ཚོས་རང་གིས་གསར་རྩོམ་བྱས་པའི་ཟློས་གར་དེ་སྤྲོ་སྣང་དང་སྙན་འཇེབས་ཀྱི་གླུ་དབྱངས་ཁྲོད་མི་དམངས་ཡོངས་ལ་ཕུལ་ཏེ། ཏང་གི་བཀའ་དྲིན་མཚོན་པ་བྱས་འདུག འདི་ལྟར་རང་ཉིད་ལས་འཕྲོས་བལྟམས་པའི་བླ་གཡོག་གྲོང་གི་གནས་ཚུལ་ཁག་སྣ་ཟིན་སྤུ་ཟིན་གྱིས་ཟིན་ཐོ་འདེབས་ཁུལ་ཞུས་ཀྱང་། ད་དུང་གང་ཞིག་ལུས་སོང་བའི་འཕྲེང་སེམས་ཀྱི་རླབས་རྒྱུན་ནི་སྔར་བཞིན་བླ་གཡོག་གྲོང་གི་སྣོད་བཅུད་ཁོ་ནར་ཆགས་ཏེ། ཕྱིར་མིག་གི་མདའ་མོ་ཡང་ཡང་འཕེན་བཞིན་རྡོག་ཐོན་གྱི་ཟིན་ཐོ་དབུས་ཕྱོགས་སུ་བཀོད་རུང་། ཚིགས་བཅད་འདི་འདྲ་ཞིག་ཅིའི་ཀྱང་དྭགས་པོར་འཇོག་འདོད་དེ།དྭགས་པོ་སྐྱིད་པའི་ལུང་པ། །གླང་གཞིས་བཟོ་བཀོད་ལེགས་པ། །
དེ་ལ་སྲུང་སྐྱོབ་ཡག་པ། །འཁྲུངས་གཞིས་གཡུ་ཡི་གཞོང་པ། །
ངོ་མཚར་གཏམ་གྱིས་ཕྱུག་པ། །སྟར་སྡོང་འབྲས་བུ་སྨིན་པ། །
དེ་ཡི་ཐོན་སྐྱེད་ལེགས་པ། །ཟུར་ལུགས་སྨན་སྣ་ཡག་པ། །
སྐྱེམས་ཤོག་བཟོ་རྩལ་ལེགས་པ། །སླེབས་རི་བརྗིད་ཉམས་ལྡན་པ། །
བང་སོའི་ལོ་རྒྱུས་རིང་བ། །ལ་ཐོག་སྨན་སྤོས་ཞིམ་པ། །
སྣང་རྫོང་སྐྱིད་པའི་ལུང་པ། །སྐྱེམས་སྟོང་དེ་ལས་སྐྱིད་པ། །
དེ་ལས་བླ་གཡོག་སྐྱིད་པ། །རྫི་པ་ལྷ་གསོལ་དུས་ཆེན། །
ལོ་རྒྱུས་ཡུན་རིང་ལྡན་པ། །དེ་ལ་གཟབ་མཆོར་ལེགས་པ། །
མཚར་རྡོ་རིན་ཐང་ཆེ་བ། །རྩི་ཤིང་སྨན་སྣ་འཛོམས་པ། །
ཐོན་ཁུངས་ཕུན་སུམ་ཚོགས་པ། །སྡོད་ཁང་བཟོ་བཀོད་ལེགས་པ། །
འཚོ་བའི་ཆ་རྐྱེན་ཡག་པ། །མི་རྣམས་སེམས་རྒྱུད་བཟང་བ། །
མ་འོངས་འཆར་གཞི་ལེགས་པ། །ཀུན་གྱི་མིག་དཔེར་འོས་པ། །
བསྔགས་བརྗོད་མེ་ཏོག་གཏོར་རོ། །
༢༠༢༢ལོའི་ཟླ་བ༨པར།
བླ་གཡོག་གྲོང་ཚོ། སྣང་རྫོང་སྐྱེམས་སྟོང་ཤང་གི་སྲིད་འཛིན་གྲོང་ཚོ་ཞིག་སྟེ། ད་ལྟ་གླ་གཡེར་གྲོང་ཚོ་ཟེར། (来义村)
རྩོམ་ཁུངས། ༢༠༢༢ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་འཕར་མ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号