༄༅། །སྒྲ་སྦྱོར་བམ་གཉིས་ཀྱི་གསལ་འགྲེལ་བཞུགས་སོ། །
རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-14 08:32:13
ཀློག་གྲངས།:

༄༅། །སྒྲ་སྦྱོར་བམ་གཉིས་ཀྱི་གསལ་འགྲེལ་བཞུགས་སོ། །
སྒྲིག་པ་པོ། སྒྲོལ་དཀར་ཚེ་རིང་།
དང་པོ། སྒྲ་སྦྱོར་བམ་པོ་གཉིས་པ་བཞུགས།
༄༅༅། །ན་མོ་བུདྡྷཱ་ཡ། བམ་པོ་དང་པོ། རྟའི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའི་འོན་ཅང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་རྙིང་རྗེད་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་བཙལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤག་དང་། མང་རྗེ་ལྷ་འོད་ལ་སོགས་པས་རྒྱ་ལས་གནང་མང་པོ་བཅད་དེ། རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་བློན་མན་ཆད་སོ་སོར་བྱ་དགའ་སྩལ་བའི་ལན་ལ། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨྨ་ཏཱ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨྨ་དང་། རནྡྲ་ཤཱི་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་དུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙཱརྱ་བོ་དྷི་སཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་གཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་གཱ་རྫུ་ན་དང་། བ་སུ་བནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ། མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱི་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས། བཙད་པོའི་སྤྱན་སྔར་བནྡེ་ཆེན་པོ་དཔལ་གྱི་ཡོན་ཏན་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ། རྗེ་བློན་གདན་འཛོམ་པ་ལ་ཞུས་ནས་དྷརྨ་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་པ། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག །དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམས་ལས་མི་བསྣོར་བ་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག །བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཅིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་པའམ། དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོར་ཞིང་སྒྱུར་ཅིག །རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག །སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག །གཽ་ཏ་མ་ལྟ་བུ་གཽའི་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀཽ་ཤི་ཀ་ལྟ་བུའི་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། པདྨ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག །གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག །ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག །གྲངས་ལ་རྒྱ་གར་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག །པ་རི་དང་། སམ་དང་། ཨུ་པ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་བའི་ཐབས་ནི། ཡོངས་སུ་ཞེའམ། ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་བཞིན་དུ་སྒྱུར་ཅིག །དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག །རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམས་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ། །འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ཞེས་དང་རྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཚད་ཙམ་དུ་བྱས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་འཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག །སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ། སྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །སྐད་ཀྱི་མིང་སྔོན་གཏན་ལ་མ་ཕབ་པ་དང་མིང་དུ་མ་ཐོགས་པ་ལས་ཐེག་པ་ཆེ་ཆུང་གི་གཞུང་དང་སྒྲའི་གཞུང་ལས་འབྱུང་བ་དང་སྦྱར་ཏེ་བཤད་པའི་དང་པོའོ།། །།

གཉིས་པ། སྒྲ་སྦྱོར་བམ་གཉིས་ཀྱི་བརྗོད་དོན་གོ་བདེར་བཀྲོལ་བ།
ཤིང་ཕོ་རྟའི་ལོ་ལ(སྤྱི་ལོ814)བཙན་པོ་ཁྲི་ལྡེ་སྲོང་བཙན་གང་ཉིད་ལྷ་ས་སྐྱིད་ཆུའི་ལྷོ་འགྲམ་ཚལ་སྣ་སྙི་ཕུའི་ཕོ་བྲང་འོན་ཅང་དོ་ན་བཞུགས། སྐབས་དེར་བོད་ཀྱི་ས་སྲུང་རྟ་དམག་ཁྲི་ཚོས་སྟོད་ལི་ཡུལ་དང་སྨད་རྒྱ་ནག་གི་ས་མཐའ་ཡན་ཆད་ཀྱི་རྒོལ་ངན་དཔུང་ཚོགས་བཅོམ། དེ་རྒྱུད་ཡུལ་ལུང་གི་བདེ་འཇགས་དཀྲུག་མཁན་རྐུན་ཇག་རྣམས་བཏུལ་བས། གར་ལོག་ནས་ཕོ་ཉ་མངགས་ཏེ་བོད་དང་འདུམ་འགྲིག་ཡོང་བར་ཞུས་པ་དང་། རྒྱ་བོད་ས་མཚམས་སུ་ཚོང་འགྲུལ་བྱེད་པའི་འདོད་ཚུལ་ལའང་རྒྱ་ནག་གོང་མ་ཞན་ཙུང(宪宗)གིས་གསན་དུ་བཞེད། ལོ་འདིར་ས་མཚམས་སུ་ཚོང་བྱས་ཏེ་རྒྱ་ལས་རྔ་མོང་དང་རྟ། བ་ལང་སོགས་གནང་མང་པོ་བྱུང་བ་རྣམས་བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤག་དང་མང་རྗེ་ལྷ་ལོད་ལ་སོགས་པས་བཙན་པོའི་ཕྱག་ཏུ་ཕུལ། བཙན་པོས་ཞང་བློན་མན་ཆད་སོ་སོར་བྱ་དགའ་བསྩལ།དེ་ལྟར་མཛད་པའི་ལོ་འདི་ལ། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ(རྒྱལ་བའི་བཤེས་གཉེན)དང་། སུརེནྟྲ་བོདྷི(ལྷ་དབང་བྱང་ཆུབ)དང་། ཤཱི་ལནྡྲ་བོདྷི(ཚུལ་ཁྲིམས་དབང་བོ་བྱང་ཆུབ)དང་། དཱ་ན་ཤཱི་ལ(སྦྱིན་པ་ཚུལ་ཁྲིམས)དང་། བོདྷི་མི་ཏྲ(བྱང་ཆུབ་བཤེས་གཉེན)དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ(རིན་ཆེན་གོ་ཆ)དང་། དྷརྨྨ་ཏཱ་ཤཱི་ལ(ཆོས་ཀྱི་ཚུལ་ཁྲིམས)དང་། ལོ་ཙཱ་བ་མཁས་པར་ཆུད་པར་ཛྙཱན་སེ་ན(ཡེ་ཤེས་ཚོགས)དང་། ཛ་ཡ་རཀྵི་ཏ(རྒྱལ་བས་བསྲུང)དང་། མཉྫུ་ཤྲི་ཝརྨྨ(འཇམ་དཔལ་གོ་ཆ)དང་། རཏྣེནྡྲ་ཤཱི་ལ(རིན་ཆེན་དབང་བོ་ཚུལ་ཁྲིམས)སོགས་པས་ཐེག་པ་ཆེ་ཆུང་ལས་བྱུང་བའི་ལེགས་སྦྱར་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ་གཏན་ལ་ཕབ་པའི་སྒྲ་འགྱུར་གཞུང་ལུགས་དེ་ལས་དུས་ནམ་ཡང་མི་བསྒྱུར་ཅིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་བསྩལ།
སྔོན་གྱི་ལྷ་སྲས་ཡབ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཨཱ་ཙཱརྱ་བོདྷི་སཏྭ(སློབ་དཔོན་བྱང་ཆུབ་སེམས་དཔའ)དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ(ཡེ་ཤེས་ལྷ་མཛོད)དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྡ(ཀུན་དགའ་བོ)ལ་སོགས་པས་ཆོས་ཀྱི་སྐད་སྔར་བོད་ལ་མ་གྲགས་པ་ལས་མིང་གསར་དུ་བཏགས་པ་མང་པོ་ཞིག་ཡོད་པ་དེ་རྣམས་ཀྱི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་ལས་བསྟན་པའི་དོན་དང་མི་མཐུན་པ་དང་། འགའ་ཤས་བྱཱ་ཀ་ར་ཎའི་བརྡ་སྤྲོད་ལུགས་དང་འགལ་བས་ན། མ་བཅོས་ན་མི་འགྲིག་པ་རྣམས་དག་ཏུ་བཅོས། བོད་རང་གི་སྐད་དུ་གོམས་སུ་འཇགས་པའི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་གཙོ་བོ་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་བསྟན་པ་དང་། མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་དབྱིག་གཉེན་གྱིས་ཇི་ལྟར་གསུང་པ། བྱཱ་ཀ་ར་ཎའི་བརྡ་སྤྲོད་གཞུང་ལུགས་ལས་ཇི་སྐད་དུ་འདྲེན་པ་བཅས་དང་སྒོ་ཀུན་ནས་བསྟུན་ཏེ། གསུང་རབ་ཀྱི་ཚིག་དོན་གོ་དཀའ་བ་དག་ཚིག་འབྲུ་ཕྲལ་ནས་སྒྲུབ་བྱེད་ཡང་དག་གི་སྒོ་ནས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པ་འགའ་བོད་སྐད་དུ་བསྒྱུར་ན་སྒྲ་དོན་ཁ་གསལ་གནད་འགྲོལ་བ་ཞིག་ཡོང་མི་ཐུབ་ཅིང་སྒྲ་རང་སོར་བཞག་ན་འཚམ་པ་ཡོད་པའི་རིགས་སྒྲ་བཙན་པར་བགྱིས་ཏེ་སྒྲ་སྒྱུར་བྱ། མིང་བརྡ་ཁ་ཅིག་བསྟན་དོན་ཇི་བཞིན་བོད་སྐད་ཀྱི་འགྲོ་ལུགས་དང་མཐུན་པར་བསྒྱུར་ན་ཡོངས་སུ་འཚམ་པ་ཡོད་རིགས་དོན་སྒྱུར་བཙན་པར་བགྱིས་ཏེ་མིང་དུ་བཏགས་པ་བཅས་བྱས་ཏེ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྤྱན་སྔར་བནྡེ་ཆེན་པོ་དཔལ་གྱི་ཡོན་ཏན་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་པའི་རྗེ་བློན་ཞལ་འཛོམས་པ་ལ་ཞུས་ནས་དམ་ཆོས་བསྒྱུར་བའི་ཐབས་ཤེས་དང་། རྒྱ་གར་གྱི་སྐད་བསྒྱུར་ནས་བོད་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ་བཙན་པོས་བཀས་བཅད། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་གསུངས་པའི་རྒྱན་སྡུད་ཀྱི་ཕྲད་དེ་ནས་གོང་དུ་སྨྲས་པའི་བྱཱ་ཀ་ར་ཎའི་ལུགས་ལས་ཇི་སྐད་འདྲེན་པ་དང་ཡང་བསྟུན་ཞེས་པའི་དོན་དེ་ཤུགས་སུ་བསྟན་ཡོད།
རྒྱ་གར་སྐད་ཀྱི་གོ་རིམ་བཞིན་བོད་སྐད་དུ་བསྒྱུར་ནས་བརྗོད་དོན་མ་འཁྲུལ་བ་དང་། རྗོད་བྱེད་ཚིག་གི་སྦྱོར་བ་འབྲེལ་ཆགས་ཤིང་གོ་བདེ་བ་ཡོང་ན་ཚིག་གི་གོང་འོག་མ་དཀྲུགས་པར་ཐད་སོར་སྒྱུར་ཅིག །གལ་ཏེ་རྗོད་བྱེད་ཚིག་གི་གོང་འོག་དཀྲུགས་ནས་བོད་སྐད་དུ་འཇུག་བདེ་བ་དང་གོ་བ་སྐྱེད་སླ་བ་ཞིག་ཡོང་ན། ཚིགས་བཅད་རྐང་པ་བཞིའམ་དྲུག་གང་རུང་གི་ཤོ་ལོ་ཀ་འདི་གའི་ནང་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག །རྐྱང་པ་སྟེ་ཚིག་ལྷུག་མ་དག་གི་བརྗོད་བྱ་རེ་ཞིག་རྫོགས་མཚམས་ཡན་ཆད་དུ་བརྗོད་བྱའི་དོན་དང་ཚིག་འགྲོས་གཉི་ག་སྐབས་བསྟུན་གང་ལ་འཚམ་པར་བསྣོར་ཏེ་སྒྱུར་ཅིག །རྒྱ་གར་གྱི་སྐད་དུ་ཚིག་དོན་གཅིག་ལ་མིང་གི་རྣམ་གྲངས་མང་པོ་དྲང་རྒྱུ་ཡོད་པའི་རིགས་དེ་སྒྱུར་བྱེད་ཚིག་གི་གོང་འོག་དང་བསྟུན་ནས་གང་ཞིག་འཕྲོད་པ་དེ་བཞིན་དུ་མིང་ཐོགས་ཤིག །
གོོ་ཏ་མ་ཞེས་པའི་གོོའི་སྒྲ་དེ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པའི་དོན་གྱི་རྣམ་གྲངས་མང་པོར་འཇུག་པ་དང་། ཀོོ་ཤི་ཀ་ལྟ་བུའི་སྒྲ་དེས་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། པདྨ་ལ་དགའ་བ་དང་། བྱ་འུག་པ་དང་། མཛོད་ལྡན(གཉྫི་རའམ་སེའུ་འབྲུའི་ཤིང)སོགས་ལ་འཇུག་པ་ལྟ་བུ་ཚིག་གཅིག་གིས་དོན་གྱི་རྣམ་གྲངས་མང་པོ་ཞིག་བསྟན་པས། བསྒྱུར་པའི་མིང་ཚིག་གཅིག་ལ་དོན་གྱི་རྣམ་གྲངས་མང་པོ་དེ་ལྟ་བུ་གཅིག་ཏུ་བསྡུ་ཐུབ་ཐབས་མེད་ཅིང་། ཚིག་དོན་གཅིག་ཁོ་ནར་བསམས་ཏེ་བསྒྱུར་ན་ཡང་རྒྱུ་མཚན་ཆེན་པོ་མི་ལྡན་པས་ན། མིང་ཚིག་དེ་རྣམས་མ་བསྒྱུར་བར་རྒྱ་གར་གྱི་སྐད་རང་སོར་བཞག་པ་ལས་འོས་མེད། གང་ལ་ཡང་སྦྱོར་དུ་རུང་བའི་ཚིག་གཅིག་བྱུང་ན་དོན་གྱི་སྦྱོར་བ་གཅིག་ཁོ་ནར་མ་གཞོལ་བར་སྤྱི་འབྱམས་སུ་འཇུག་ནུས་པར་གྱིས་ཤིག །ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཏོག་སོགས་པའི་མིང་སྒྱུར་བའི་ཚེ་ན། ཡིད་གོལ་བ་སྟེ་དོན་གྱི་གོ་བ་འཁྲུལ་ཉེན་ཆེ་ཞིང་བརྗོད་པའང་མི་བདེ་བ་དང་། རགས་པ་ཆེ་ལོང་ཙམ་དུ་བསྒྱུར་བའི་དབང་དུ་བྱས་ཀྱང་དོན་དངོས་གནད་དུ་འཁེལ་མིན་ཆ་མ་རྟོགས་པས། དེ་ལས་མིང་གི་འགོར་ཡུལ་ཞེས་པའམ། མེ་ཏོག་ཅེས་པ་སོགས་མིང་གི་འགོ་ལ་སྐབས་བསྟུན་གྱི་ཚིག་ཐོལ་དུ་བསྣན་པ་ལས་མིང་དངོས་དེ་རྒྱ་གར་སྐད་མ་བསྒྱུར་བར་སོར་བཞག་བྱས་ན་དགའ།
གྲངས་ཀའི་སྐོར་ལ་རྒྱ་གར་གྱི་སྐད་སྲོལ་བཞིན་དུ་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་པ་དེ་དགེ་སློབ་ཉིས་བརྒྱ་ལྔ་བཅུ་ཞེས་སུ་བསྒྱུར་ན་དོན་དང་མི་འགལ་ལ་བོད་ཀྱི་སྐད་ལུགས་དང་ཡང་མཐུན་ཞིང་གོ་བདེ་བ་ཡོང་བས། གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་འགྲོ་ལུགས་དང་མཐུན་པ་བཞིན་དུ་སྒྱུར་ཅིག །རྒྱ་གར་སྐད་ཀྱི་པ་རི་དང་། སམ་དང་། ཨུ་པ་ཞེས་པ་ལྟ་བུ་ལ་སོགས་པ་ནི་རྗོད་ཚིག་སྦྲེལ་བའི་ཕྲད་དུ་གྱུར་པ་དང་། ཚིག་ཉམས་འདོན་བྱེད་ཀྱི་རྒྱན་དུ་འབྱུང་བ་ཡིན་པ་དེ་དག་སྒྱུར་བའི་ཚེ་ན། དོན་དང་མཐུན་ཞིང་ཚིག་སྦྱོར་གནད་ལ་འཕྲོད་པའི་ཐབས་ནི། པ་རི་ལ་ཡོངས་སུ་དང་། སམ་ལ་ཡང་དག་པ། ཨུ་པ་ལ་ཉེ་བ་ཞེས་སྒྲ་དོན་ཇི་བཞིན་དྲང་ཐད་དུ་སྒྱུར་ཅིག །
བསྒྱུར་བྱའི་མ་ཡིག་གི་བརྗོད་དོན་ལ་ལྷག་པར་སྙེགས་པ་མེད་པ་སྟེ་དེ་ལས་འཕྲོས་པའི་གོ་དོན་གཞན་ལ་མི་འཇུག་པ་རྣམས་བོད་སྐད་དུ་སྒྱུར་དུ་ཚིག་གི་ལྷད་ཀྱིས་ཏེ་ཚིག་འཐོལ་པ་སྣོན་མི་དགོས་པར་བསྟན་བྱའི་དོན་བཞིན་དུ་བསྒྱུར་བར་བྱ། རྣམ་གྲངས་སུ་གཏོགས་པའི་མིང་རྣམས་སྟབས་ཅིག་ཏུ་མ་འདོམས་ན་བོད་སྐད་དུ་སྤྱིར་གྲགས་ཆེ་བ་དང་ཚིག་ཏུ་གང་བདེ་བར་མིང་གདགས་སོ། །འདོམས་ན་རྣམ་གྲངས་སོ་སོར་བཏགས་པའི་མིང་གི་གོ་དོན་ཇི་བཞིན་དུ་མིང་ཐོགས་ཤིག །
སངས་རྒྱས་དང་། བྱང་ཆུབ་སེམས་དཔའ། ཉན་ཐོས་ལ་སོགས་པར་ཞེ་སའི་ཚིག་གི་མཐོ་དམན་སྦྱོར་སྐབས། སངས་རྒྱས་བཅོམ་ལྡན་འདས་ལ་མཚན་དང་ཡོན་ཏན་གྱི་རྣམ་གྲངས་ཅི་ཙམ་ཡོད་པ་རྒྱས་པར་བརྗོད་དགོས་པ་དང་། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པར་ཚིག་སྦྱོར་རྒྱས་སྡུད་འབྲིང་པོ་མན་ཆད་བབ་དང་བསྟུན་ནས་སྦྱོར་བ་སྟེ། སྔོན་ལྷ་སྲས་ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་རྒྱ་གར་དང་བོད་ཀྱི་མཁན་པོ་དང་ལོ་ཆེན་པཎྜི་ཏ་རྣམས་འཚོགས་ནས«དྷརྨ་དཀོན་མཆོག་སྤྲིན»དང«ལངྐར་གཤེགས་པའི་མདོ»སྒྲ་འགྱུར་གཏན་ལ་ཕབ་པའི་ལུགས་བཞིན་སྦྱར་དགོས།
སྐད་གསར་བཅད་གཏན་ལ་ཕབ་པའི་སྒྲ་འགྱུར་གྱི་སྲོལ་དེ་རྣམས་བསྒྱུར་གྲྭ་སོ་སོ་ནས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་ལས་རང་འཚམས་ཀྱིས་བཟོ་བཅོས་བྱེད་པ་དང་མིང་གསར་དུ་འདོགས་པ་གཏན་ནས་བྱ་མི་རུང་། གལ་ཏེ་བསྒྱུར་གྲྭ་སོ་སོ་ནས་སྔར་མ་གྲགས་པ་མིང་དུ་གསར་འདོགས་དགོས་པ་བྱུང་ཚེ། གསར་མིང་འོལ་ཚོད་དུ་མ་བཏགས་པར་ཆོས་ཀྱི་གཞུང་དུ་བསྟན་པའི་གོ་དོན་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་འདྲེན་པ་བསམ་གཞིག་ལེགས་པར་བྱས་ཏེ་ཆོས་ཀྱི་སྐད་དེ་བོད་སྐད་དུ་ཇི་ལྟར་བཏགས་ན་དོན་ལ་གནས་པ་ཡོང་བར་གཏན་ཚིགས་ཡང་དག་གི་སྒོ་ནས་དཔྱད་པའི་རང་སོ་སོའི་འཆར་སྒོ་དེ་བཙན་པོའི་ཕོ་བྲང་དུ་ཐུབ་པའི་བསྟན་འཛིན་མཁས་གྲུབ་རྣམས་ཀྱི་མདུན་ས་དང་སྒྲ་འགྱུར་ཞུ་ཆེན་འཚོགས་པའི་གྲལ་དུ་ཕུལ་ནས་བཀས་བཅད་གཏན་ལ་ཕབ་རྗེས་ད་གཟོད་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །
གསང་སྔགས་ཀྱི་རྒྱུད་ཟབ་མོ་རྣམས་ནི་གང་བྱུང་དུ་ཕྱིར་འཁྱར་མི་རུང་བར་གསང་བ་བྱེད་དགོས་པ་ཡིན། སྣོད་དུ་མ་འགྱུར་བའམ་ཡུལ་དུ་མི་འཚམ་པ་རྣམས་ལ་གསང་སྔགས་བཤད་ཅིང་བསྟན་དུ་མི་རུང་། བར་སྐབས་གསང་སྔགས་ཀྱི་ཆོས་བསྒྱུར་བ་དང་ཉམས་སུ་ལེན་མཁན་བྱུང་བ་ཡོད་ཀྱང་གསང་སྔགས་ཀྱི་དོན་ལྡེམ་པོ་ངག་ལས་འཁྱོག་ཏུ་བཤད་པའི་གོ་བ་དཔྱིས་ཕྱིན་པ་མ་ལོན་པར་སྒྲ་ཇི་བཞིན་ཐད་སོར་བསྒྱུར་ནས་གོ་བ་ལོག་པ་དང་ཉམས་ལེན་འཆོལ་བ་ཡང་བྱུང་ཡོད། ད་ལན་སྔགས་རྒྱུད་ཀྱི་ནང་ནས་དོན་ཟབ་ཅིང་གོ་དཀའ་བ་ཁག་གཅིག་ཀྱང་བོད་སྐད་དུ་བསྒྱུར་འདུག་པར་སྨྲ་བས། སླད་ཕྱིན་ཆད་གཟུངས་སྔགས་དང་། སྔགས་རྒྱུད་དག་གོང་ནས་བཀའ་བསྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་ཟབ་མོ་གསང་སྔགས་ཀྱི་རྒྱུད་དང་གཟུངས་སྔགས་ཀྱི་ཚིག་ཐུ་བས་བསྒྱུད་དུ་མི་གནང་ངོ་། །འདི་ནི་ཆོས་ཀྱི་མིང་སྔར་གཏན་ལ་མ་ཕབ་པ་དང་མིང་དུ་བཏགས་པ་རྣམས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་བསྟན་པ་དང་། བརྡ་སྤྲོད་ལུགས་ལས་ཇི་ལྟར་དྲངས་པ་བཞིན་དུ་སྒྲ་འགྱུར་བྱེད་ལུགས་གསལ་བར་བཤད་པའི་བམ་པོ་དང་པོའོ། །
མཆན།
སྒྲ་སྦྱོར་བམ་གཉིས་ཀྱི་བརྗོད་དོན་གོ་བདེར་བཀྲོལ་བ་འདི་འཕྲིན་ལས་ཆོས་གྲགས་ལགས་ཀྱིས་བརྩམས་པའི«བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས»(འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། ཤ221~227)ལས་ཁོལ་དུ་ཕྱུང་ནས་བཀོད་པ་ཡིན་ལ། དཀྱུས་ཀྱི་ཟླ་ཁྱིམ་ནང་བཀོད་པའི་སཾ་བོད་ཤན་སྦྱར་གྱི་མཚན་རྣམས་ཁྲི་བསམ་གཏན་ལགས་ཀྱིས་བརྩམས་པའི«སྒྲ་སྦྱོར་བམ་གཉིས་ཀྱི་བཀས་བཅད་ཀྱི་ཚིག་འགྲེལ་མདོར་བསྡུས»(ཁྲི་བསམ་གཏན་གྱིས་བསྒྲིགས། སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད། [C] ལན་ཇུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤ5~12)ལས་དྲངས་ཤིང་། ཁ་བྱང་སྒྲིག་མཁན་གྱིས་སྦྱར་བའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号