སྒྲུང་དེབ«སྒེའུ་ཁུང»གི་དཔྱད་གླེང་དང་བརྩམས་ཆོས་གསར་པའི་ཞུ་དག་ཚོགས་འདུ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-09 08:45:24 ཀློག་གྲངས།:
       སྤྱི་ལོ༢༠༢༦ལོའི་ཟླ༢པའི་ཚེས༧ཉིན་གྱི་ཕྱི་དྲོར། ལི་ཐང་རྫོང་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་ལི་ཐང་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི་དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལི་ཐང་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཆོས་དབྱིངས་རྒྱ་མཚོའི་སྒྲུང་དེབ་ཐོག་མ«སྒེའུ་ཁུང»གི་དཔྱད་གླེང་དང་བརྩམས་ཆོས་གསར་པའི་ཞུ་དག་ཚོགས་འདུ་དེ་སི་ཁྲོན་ཁྲེང་ཏུའུ་ནས་འཚོགས།
       ཐེངས་འདིའི་ཚོགས་འདུའི་ཐོག་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རིག་གཞུང་ཆེད་མཁས་པ་དང་རྩོམ་པ་པོ། ན་གཞོན་ཤེས་ཡོན་པ་མང་པོ་གདན་གཅིག་ཏུ་འཛོམས་ནས། ཆོས་དབྱིངས་རྒྱ་མཚོའི་སྒྲུང་དེབ་ཐོག་མ«སྒེའུ་ཁུང»དང་བརྩམས་ཆོས་གསར་པའི་གསར་རྩོམ་གྱི་ལེགས་ཉེས་ཐད་ལ་དཔྱད་གླེང་ཞིབ་མོ་གནང་།
གཞོན་སྐྱེས་རྩོམ་པ་པོ་ཆོས་དབྱིངས་རྒྱ་མཚོས་གཏམ་བཤད་གནང་བཞིན་པ།
       དཔྱད་གླེང་ཚོགས་འདུའི་ཐོག་རྩོམ་པ་པོ་དང་རིག་གཞུང་ཆེད་མཁས་པ་ཚོས་ཆོས་དབྱིངས་རྒྱ་མཚོའི་སྒྲུང་དེབ«སྒེའུ་ཁུང»དང་བརྩམས་ཆོས་གསར་པ་དག་ནན་གྱིས་བཀླགས་ཤིང་། ལྷག་པར་དུ་སྒྲུང་གཏམ་བྱེ་བྲག«མི་མ་ཡིན»དང«ང་རང་སྨྱོན་པར་གྱུར་དོན» «ཀུན་ཏུ་རྒྱུ» «གདགས་སྲིབ» «རྨི་ལམ་ལ་གྱེས་བརྡ་གཏོང་མཁན»སོགས་ཀྱི་རྩོམ་རིག་གི་ཁྱད་ཆོས་དང་འབྲི་ཐབས། བརྗོད་སྙིང་སོགས་ཀྱི་ཐད་ལ་དཔྱད་གླེང་ཞིབ་མོ་གནངས་ཏེ། ཁོང་གིས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ངོས་ནས་གསར་རྩོམ་བྱེད་བཞིན་ཡོད་པ་དང་། བརྩམས་ཆོས་ཀྱི་བརྗོད་གཞི་ལ་བོད་ཀྱི་སྐྱེ་འཆིའི་ལྟ་དགོངས་དང་སྣོད་བཅུད་ཀྱི་ལྟ་དགོངས་འདུས་ཡོད་ལ། མིའི་འཚོ་བ་དང་འཚོ་བའི་དཀའ་སྡུག་དང་ཉེ་བས་བརྗོད་སྙིང་དེ་མིའི་ཐོག་ཏུ་འབབ་ཐུབ་ཡོད། ད་དུང་ཀློག་པ་པོ་ཚོར་འཆར་ཡན་གྱི་བར་སྟོང་སྤྲོད་ཐུབ་པ་མ་ཟད། བརྩམས་ཆོས་བརྒྱུད་ནས་རྩོམ་པ་པོ་རང་ཉིད་ཀྱི་སྣང་བརྙན་མཐོང་ཐུབ་པ་སོགས་མི་སྒེར་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ལྡན་ཞེས་གདེང་འཇོག་བྱས་ཤིང་། དེ་མིན་ཆོས་དབྱིངས་རྒྱ་མཚོའི་སྒྲུང་གཏམ་གསར་རྩོམ་གྱི་གྲུབ་འབྲས་དང་སྒྲུང་དེབ་དེ་དག་གིས་དཀར་མཛེས་ཁུལ་གྱི་རྩོམ་རིག་གསར་རྩོམ་གྱི་འཕེལ་རྒྱས་དང་། ནང་སྒོས་སུ་སྒྲུང་གཏམ་ཉུང་བ་དང་སྤུས་ཀ་ཞན་པ་སོགས་ཀྱི་གནས་བབ་བསྒྱུར་བཀོད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་གདེང་འཇོག་གང་ལེགས་གནང་བ་རེད།
ཚོགས་རའི་ཡུལ་དངོས།
       གཞན་ཡང་ཚོགས་འདུའི་ཐོག་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་དང་འབྲེལ་ཡོད་ལས་ཁུངས། རྩོམ་པ་པོའི་མཐུན་ཚོགས། དེ་མིན་ཆོས་དབྱིངས་རྒྱ་མཚོའི་དགེ་རྒན་དང་རྩོམ་གྲོགས་སོགས་ཀྱིས་ཡུལ་དངོས་དང་དྲ་ལམ་བརྒྱུད་ནས། ཁོང་གི་སྒྲུང་དེབ་ཐོག་མ«སྒེའུ་ཁུང»གི་དཔྱད་གླེང་དང་བརྩམས་ཆོས་གསར་པའི་ཞུ་དག་ཚོགས་འདུ་འཚོགས་པར་ཤིས་ཚིག་ཕུལ་བ་མ་ཟད། ཁོང་གི་རྩོམ་རིག་གསར་རྩོམ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་བརྩམས་ཆོས་མང་པོ་སྤེལ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུས།
ཚོགས་རའི་ཡུལ་དངོས།
       ཤེས་གསལ་ལྟར་ན། ཆོས་དབྱིངས་རྒྱ་མཚོ་གསར་རྩོམ་གྱི་ལམ་ཁར་ཞུགས་ནས་ལོ་ངོ་བཅུ་ལྷག་འགོར་ཞིང་། ཁོང་གིས་ནང་སྒོས་སུ་སྒྲུང་གཏམ་གསར་རྩོམ་ལ་འབད་པ་བླ་ལྷག་བྱས་ཏེ། ༢༠༡༨ལོ་ནས་བཟུང་སྒྲུང་གཏམ་བརྒྱ་ལྷག་གསར་རྩོམ་བྱས་ཡོད། ཐེངས་འདིར་ཁོང་གི་དཔེ་ཀློག་དང་གསར་རྩོམ་སོགས་ལ་འབད་བརྩོན་བྱས་པའི་གྲུབ་འབྲས་སུ་སྒྲུང་དེབ་ཐོག་མ«སྒེའུ་ཁུང»དཔར་དུ་བསྐྲུན་པ་དང་། བརྩམས་ཆོས་གསར་པ«མི་མ་ཡིན»དང«མི་ཕྱེད་ཀ»གཉིས་པར་སྐྲུན་གྱི་ལས་ལ་འབད་མུས་རེད།
ཚོགས་ཞུགས་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།