«ཨ་ལྕེ་ལྷ་མོའི་དགེ་སློབ་རྒྱུན་འཛིན་དང་གནའ་བོའི་དབྱངས་རྟ་གསར་པའི་འོད་སྣང»

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-06-01 09:10:23 ཀློག་གྲངས།:
       ཟླ6ཚེས22ཉིན་གྱི་ཕྱི་དྲོར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ75འཁོར་བའི་ལོ་རྒྱུས་ཀྱི་དུས་བཟང་ལ། “སྐལ་བཟང་མེ་ཏོག་”ཅེས་པའི་འཁྲབ་སྟོན་དུས་ཚིགས་ཏེ། «ཨ་ལྕེ་ལྷ་མོའི་དགེ་སློབ་རྒྱུན་འཛིན་དང་གནའ་བོའི་དབྱངས་རྟ་གསར་པའི་འོད་སྣང»ཞེས་བརྗོད་བྱར་བྱས་པའི་བྱིས་པའི་ལྷ་མོའི་སྒྱུ་རྩལ་སློབ་གསོའི་གྲུབ་འབྲས་འཁྲབ་སྟོན་དེ། བོད་ལྗོངས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་འཚོགས་པ་རེད།
       ཐེངས་འདིའི་རིག་གནས་ཀྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་བྱེད་སྒོའི་དམིགས་ཡུལ་ནི། བོད་ཞི་བས་བཅིངས་འགྲོལ་བཏང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བགྲོད་ལམ་ལ་ཕྱིར་མིག་དང་དྲན་གསོ་ཟབ་མོ་ཞུ་བ་དང་ཆབས་ཅིག དུས་རབས་གསར་པའི་བོད་ལྗོངས་ཀྱི་ཕུལ་དུ་བྱུང་བའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གང་ལེགས་མངོན་པར་བྱ་རྒྱུ་དེ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྒྱུ་རྩལ་སློབ་གསོའི་གྲུབ་འབྲས་འཁྲབ་སྟོན་གྱི་སྟོན་མོ་འདི་ནི་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་ཆེད་ལས་མཛུབ་ཁྲིད་གནང་ཞིང་། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས།) དེ་བཞིན་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བ་ཞིག་ཡིན། དེ་ཡང་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་སྒྱུ་རྩལ་པ་རྣམས་དང་རྣམ་གླིང་རྫོང་ལོ་ཆུང་བྱིས་པའི་ལྷ་མོ་ཚོགས་པས་མཉམ་རུབ་ཀྱིས་འཁྲབ་སྟོན་གྱི་འགན་ཁུར་བ་ཞིག་ཡིན་པ་རེད།
       འཁྲབ་སྟོན་གར་སྟེགས་ཐོག རྔ་སྦུག་མཉམ་དཀྲོལ་གྱི་སྒྲ་དབྱངས་སྙན་ཞིང་བརྗིད་པ་དང་བསྟུན་ནས། ལེའུ་ཆེན་པོ་གསུམ་གྱི་ལམ་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཨ་ལྕེ་ལྷ་མོའི་རིག་གནས་ཀྱི་འབྱུང་རྩ་དང་མཚར་སྡུག་གི་ལོ་རྒྱུས་ཟབ་མོ་རྣམས་གསོན་ཉམས་དོད་པོའི་ངང་འཁྲབ་སྟོན་བྱས་ཡོད། ཨ་ལྕེ་ལྷ་མོའི་སྒྱུ་རྩལ་པ་རྒན་རབས་རྣམས་ཀྱིས་ཁབ་ཤུལ་སྐུད་སྣོན་ཀྱི་ངང་ནས་ཤུལ་འཛིན་པ་ཚོར་དམར་ཁྲིད་དང་ལག་ལེན་གྱི་དཔེ་སྟོན་མཛད་པ་ལས། ལོ་ཆུང་བྱིས་པའི་སློབ་མ་རྣམས་ཀྱི་གདེང་ཚོད་ལྡབ་འགྱུར་གྱིས་འཕེལ་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པའི་ལྷ་མོའི་སྒྱུ་རྩལ་གྱི་ཉམས་འགྱུར་འདི་ཉིད་བྱང་ཆུབ་པོའི་སྒོ་ནས་གཟིགས་མོ་བ་རྒན་དར་གཞོན་གསུམ་གྱི་སྤྱན་སྔར་བཤམས་པ་རེད། ལྷག་པར་དུ་གཟིགས་མོ་བའི་མིག་དབང་དབང་མེད་དུ་འཕྲོག་པ་ཞིག་ནི། ལོ་ཆུང་འཁྲབ་སྟོན་པ་ཚོས་སྲོལ་རྒྱུན་གྱི་རྔོན་པའི་འབག་དང་། རྒྱལ་པོ། བློན་པོ། དེ་བཞིན་མཁའ་འགྲོའི་ཆས་གོས་མཚར་དུ་དངར་བ་ལེགས་པར་སྤྲས་ཏེ། ཞུམ་པ་མེད་པའི་ངང་ནས་ལྷ་མོའི་རྣམ་ཐར་གྱི་འགྱུར་ཁུག་སྙན་ཞིང་འཇེབས་པ་དག་གྱེར་འདོན་བྱས་པས། གྲེ་འགྱུར་གྱི་ཁུག་པ་རེ་རེས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འགུག་པར་བྱས། ལྷག་དོན་རྔོན་པའི་ས་འདུལ་དང་རྒྱ་གླུའི་བྱིན་འབེབས་སོགས་ཨ་ལྕེ་ལྷ་མོའི་སྲོལ་རྒྱུན་གྱི་གར་སྟབས་དང་རྡོག་བྲོ་འཆམ་སྟངས་རྣམས་སྒྱུ་རྩལ་གྱི་ཆུ་ཚད་མཐོན་པོའི་སྒོ་ནས་འཁྲབ་སྟོན་བྱས་པས། མེས་པོའི་ཁྲག་རྒྱུན་ལས་མཆེད་པའི་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་ཞིག་མངོན་པར་བྱས།
       དེ་ལྟར་ལོ་རྒྱུས་ཀྱི་མཐུག་ཚད་དང་ལང་ཚོའི་གསོན་ཤུགས་རབ་ཏུ་རྒྱས་པའི་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་འདིའི་རྣམ་ཐར་སྙན་མོ་དང་གར་སྟབས་མཛེས་པོའི་ཐོག་ནས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་ཉིད་གངས་ལྗོངས་ས་མཐོར་གཅིག་རྒྱུན་གཅིག་འཛིན་སྒོས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པ་དང་། མི་རབས་ནས་མི་རབས་བར་མ་ཉམས་པར་རྒྱུན་འཛིན་ཐུབ་ཅིང་འབྱུང་འགྱུར་གྱི་མདུན་ལམ་ཡངས་པའི་ངང་ཚུལ་དེ་དག་གསོན་ཉམས་དོད་པོའི་ངང་ར་སྤྲོད་དང་མཚོན་པར་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།