བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བདུན་པའི་མཇུག་འབྲས་གསལ་བསྒྲགས་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2026-08-07 08:35:53 ཀློག་གྲངས།:
       མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བདུན་པའི་མཇུག་འབྲས་སྤྱི་ཟླ8པའི་ཚེས6ཉིན་དངོས་སུ་ཁྱབ་བསྒྲགས་བྱས།
       རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ནི་བོད་ཀྱི་རྩོམ་པ་པོས་བོད་ཡིག་གི་ལམ་ནས་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་བྱ་གཞག་དར་རྒྱས་དང་གོང་འཕེལ་དུ་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བསམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པ་མཁོ་འདོན་བྱེད་པར་དམིགས་པ་ཡིན། དཔྱད་འདེམ་ཚོགས་པས“མི་དམངས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ”ཡི་ཁ་ཕྱོགས་བརྩི་སྲུང་བྱེད་པ། “མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་བྱེད་ཕྱོགས་ལེན་མཐར་ཕྱིན་བྱེད་པ། དབྱངས་རྟ་གཙོ་བོ་མཆོག་ཏུ་འཛིན་པ་དང་། སྣ་མང་རང་བཞིན་དར་སྤེལ་གཏོང་བ། ཁྲིད་ཕྱོགས་རང་བཞིན་དང་། དབང་གྲགས་རང་བཞིན། དྲང་བདེན་རང་བཞིན་བཅས་གཙིགས་སུ་བཟུང་ནས། བསམ་བློའི་ནང་དོན་གཏིང་ཟབ་པ་དང་མཛེས་དཔྱོད་ཀྱི་དོན་སྙིང་ཕུན་སུམ་ཚོགས་པའི་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམ་བྱས་པ་རེད། 
       ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་རྩོམ་ཡིག་སྤེལ་ཡུན་ནི2024ལོའི་ཟླ8པའི་ཚེས1ཉིན་ནས2026ལོའི7པའི་ཚེས30ཉིན་བར་ཏེ་བསྡོམས་པས་ལོ་ངོ་གཉིས་ཡིན། སྐབས་ཐོག་ཏུ་མཚོ་སྔོན་བོད་ཡིགས་ཚགས་པར་དང་ཀྲུང་གོ་བོད་ཀྱི་དྲ་བ། རྨ་ལྷོ་བོད་ཡིག་གསར་འགྱུར། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་སོགས་བོད་ཀྱི་སྨྱན་སྦྱོར་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས། འདིའི་རིང་དུ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཡུལ་གྲུ་སོ་སོ་ནས་སྒྲུང་ཐུང230ལྷག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ་མ་ཡིག་འབྱོར་བའི་སྔ་གཞུག་ལྟར«མཚོ་སྔོན་བོད་ཡིག་ཚགས་པར»སྟེང་བསྡོམས་པས་རྩོམ་ཡིག68སྤེལ། འགྲན་སྡུར་དེ་དྲང་བོ་དྲང་གཞག་ཡོང་རྒྱུར་འགན་ལེན་བྱ་ཆེད་དཔྱད་འདེམ་གོ་རིམ་ནན་མོ་བཟོས་ནས་རྩོམ་རིག་དཔྱད་བརྗོད་པ་དང་། རྩོམ་པ་པོ། སློབ་ཆེན་གྱི་དགེ་རྒན་ཆེན་མོ་སོགས་དཔྱད་འདེམ་པ་བདུན་གདན་ཞུ་བྱས་ཤིང་། ཁོང་ཅག་གིས་ནན་ཏན་གྱིས་ཐོག་མར་རང་རང་ས་ནས་དཔྱད་འདེམ་བྱས་པ་དང་། མཐར་གདན་གཅིག་ལ་འཛོམས་ཏེ་ཡུལ་དངོས་དཔྱད་འདེམ་བྱས་པ་བརྒྱུད་བྱ་དགའ་ཨང་དང་པོ་གཅིག་དང་། བྱ་དགའ་ཨང་གཉིས་པ་གཉིས། བྱ་དགའ་ཨང་གསུམ་པ་གསུམ་བཅས་བདམས་ཐོན་བྱུང་། བརྩམས་ཆོས་དེ་དག་གིས་རྩོམ་རིག་གི་ཕྱོགས་ནས་བོད་འབྲེལ་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་འཚོ་བ་ཞིབ་འབྲི་བྱས་ཡོད་པ་མ་ཟད། ཕུན་སུམ་ཚོགས་པའི་མི་སྒེར་གྱི་བརྩེ་སེམས་དང་ཐུན་མོང་མ་ཡིན་པའི་མཛེས་རིག་གི་མཐོང་རྒྱར་བརྟེན་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་དུ་རྒྱལ་ཡོངས་དང་སྒོས་སུ་བོད་འབྲེལ་ས་ཁུལ་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས། གྲོང་གསེབ་དར་སྤེལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྟོད་བསྔགས་བྱས་ཡོད་དོ། །

བྱ་དགའ་ཐོབ་པའི་མིང་ཐོ་གཤམ་ལྟར།

བྱ་དགའ་ཨང་དང་པོ།
       རྩོམ་པ་པོ། ནམ་མཁའ་བཀྲ་ཤིས།
       བརྩམས་ཆོས། «བྱ་དང་འཇོལ་མོ།»

བྱ་དགའ་ཨང་གཉིས་པ།
       རྩོམ་པ་པོ། དངོས་གྲུབ་རྡོ་རྗེ།
       བརྩམས་ཆོས། «མཁའ་རུ་འཐེན་པའི་འོད་དཀར།»

       རྩོམ་པ་པོ། ཀླད་ཀོར།
       བརྩམས་ཆོས། «སྐར་མ།»

བྱ་དགའ་ཨང་གསུམ་པ།
       རྩོམ་པ་པོ། བདེན་སྒྲུབ།
       བརྩམས་ཆོས། «ནེ་ཙོ།»

       རྩོམ་པ་པོ། ཆོས་དབྱིངས་རྒྱ་མཚོ།
       བརྩམས་ཆོས། «མི་མ་ཡིན།»

       རྩོམ་པ་པོ། མཛོད་རྒུ·ཏིང་འཛིན་འཕྲིན་ལས།
       བརྩམས་ཆོས། «མགོ་ཡི་ཞྭ་ལ་ཝ་ཟུར་ཡོད།»

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ནས།
2026ལོའི་ཟླ8པའི་ཚེས6ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།