«སྐུ་འབུམ་དགོན་པའི་དཔར་ཤིང་དཀར་ཆག»པར་དུ་བསྐྲུན་པ།

རྩོམ་པ་པོ།:ཁྲི་སྐལ་བཟང་བརྩོན་འགྲུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-07-13 08:40:28 ཀློག་གྲངས།:
       ཉེ་ལམ། སྐུ་འབུམ་བྱམས་པ་གླིང་གི་དཔར་གྱི་ལྷ་ཁང་ངོ་མཚར་རིན་ཆེན་གླིང་དང་རྒྱུད་པ་གྲྭ་ཚང་སོགས་སུ་བཞུགས་སུ་གསོལ་བའི་པར་ཤིང་དཀར་ཆག«ཆོས་སྡེ་ཆེན་པོ་སྐུ་འབུམ་དགོན་པའི་པར་ཤིང་དཀར་ཆག»ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།

པར་སྐྲུན་གསལ་བཤད།
ཁྲི་སྐལ་བཟང་བརྩོན་འགྲུས།
       ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནི་མདོ་སྨད་ཙོང་ཁའི་ཡུལ་གྱི་ཟི་ལིང་གྲོང་ཁྱེར་ནས་སྤྱི་ལེ་ཉེར་ལྔའི་མཚམས་ཀྱི་རུ་གསར་གྲོང་རྡལ་གྱི་ས་པད་མ་འདབ་བརྒྱད་ཀྱི་དཀྱིལ་དུ་ཆགས་ཡོད་ལ། འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་སྐུའི་མཚན་དཔེའི་མེ་ཏོག་བཞད་ས་དང་། དཔལ་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་པའི་ཆོས་སྡེ་ཆེན་པོ་དྲུག་གི་ཡ་གྱལ་ཡང་ཡིན། དགོན་སྡེ་ཕྱག་བཏབ་པ་ནས་ད་ལྟའི་བར་ལོ་ངོ་བཞི་བརྒྱ་ལྔ་བཅུའི་ལོ་རྒྱུས་ལྡན་ཞིང་མཁས་བཙུན་བཟང་གསུམ་གྱི་སྐྱེས་ཆེན་མང་དུ་འཁྲུངས་པས་བསྟན་པ་འཛིན་སྐྱོང་ལ་མཛད་རྗེས་ཤིན་ཏུ་ཆེ་ལ། དགོན་སྡེ་རང་གི་རིག་གནས་སྒྱུ་རྩལ་དང་། རྨད་བྱུང་བཟོ་བཀོད་སོགས་ཀྱི་སྙན་པའི་གྲགས་པ་ས་སྟེང་ལ་ཁྱབ་ཡོད། ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ཆོས་སྡེ་ཆེན་པོ་འདི་ལ་གྲྭ་ཚང་ཆེན་པོ་བཞི་སྟེ། མཚན་ཉིད་གྲྭ་ཚང་དཔལ་ལྡན་བཤད་སྒྲུབ་གླིང་དང་རྒྱུད་པ་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང་། སྨན་པ་གྲྭ་ཚང་གསོ་རིག་དར་རྒྱས་གཞན་ཕན་གླིང་། དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང་བཅས་བསླབ་གནས་དང་སྡེ་ཁག་མི་འདྲ་བའི་སློབ་གླིང་ཆེན་པོ་སྟེ་གྲྭ་ཚང་ཆེན་པོ་བཞི་བྱུང་ལ། གྲྭ་ཚང་དེ་དག་གིས་རང་རང་གི་སློབ་གཉེར་གྱི་བསླབ་བྱའི་དགོས་མཁོར་དམིགས་ནས་གྲྭ་ཚང་རང་རང་ལ་སློབ་དེབ་ཁང་ལྟ་བུའི་པར་ཁང་ཆེན་པོ་རེ་བསྐྲུན་ཡོད།
དེབ་ཀྱི་དཀར་ཆག
       སྐུ་འབུམ་གདན་རབས་ཁག་དང་རྣམ་ཐར་ཆོས་འབྱུང་སོགས་ད་ཡོད་ཀྱི་ཡིག་རྙིང་རྣམས་ལ་དཔྱད་ན། སྐུ་འབུམ་དུ་པར་ཤིང་དང་པར་གྱི་བཟོ་རྩལ་རིག་གནས་ནི། དུས་རབས་བཅུ་བདུན་པའི་དུས་འགོར་སྐུ་འབུམ་ཁྲི་ཆེན་དང་པོ་ཆོས་རྗེ་འོད་ཟེར་རྒྱ་མཚོས་སྐུ་འབུམ་བཤད་སྒྲུབ་གླིང་བཙུགས་པ་ནས། གྲྭ་ཚང་རང་གི་སློབ་གཉེར་གྱི་དགོས་མཁོར་དམིགས་ཏེ་རིམ་གྱིས་ཆོས་སྤྱོད་དང་གཞུང་ཆེན་པོའི་དཔེ་ཆ་པར་དུ་བརྐོས་ཏེ་དར་རྒྱས་སུ་བྱུང་བར་མངོན། ཕྱིས་བུམ་པར་ངག་དབང་ཆོས་ཀྱི་ཉི་མ་སྐུ་འབུམ་ཁྲི་ཆེན་ཞེ་དགུ་བར་བཞུགས་སྐབས་ཁྲི་ཆེན་ཉིད་དང་སྐབས་དེའི་ཚོགས་ཆེན་ཞལ་ངོ་དང་བླ་བྲང་ཕྱག་མཛོད། སྤྱི་སོ་ཆེན་པོའི་སྡེ་བ་རྣམ་གཉིས། ཚོ་དྲུག་གི་གྲྭ་རྒན་བཅས་གྲོས་མཐུན་གྱི་སྒོ་ནས་སྐུ་འབུམ་རང་དུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པར་དུ་འཁོད་རྒྱུའི་བཀོད་ཁྱབ་གསེར་ཏོག་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་དང་སྟག་མཚེར་བློ་བཟང་མཁས་གྲུབ་ཉི་མ་རྣམ་གཉིས་ལ་གནང་། དེ་ནས་མེ་ཕག་ཕྱི་ལོ1827ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་གསེར་ཏོག་ཚང་དང་སྟག་མཚེར་ཚང་རྣམ་གཉིས་དོ་དམ་ཁུར་ལེན་གྱི་བདག་པོར་བཞུགས་ཤིང་། སྐྱབས་རྗེ་ཆེ་ཤོས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ་དང་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ། དཀའ་བཅུ་ཚུལ་ཁྲིམས་རབ་རྒྱས་སོགས་ཞུ་དག་པ་དང་། དབུ་ལྷ་འབྲི་མཁན་ལྷ་བཟོ་རབ་འབྱམས་པ་བློ་བཟང་འཕྲིན་ལས། པར་ཡིག་འབྲི་མཁན་དགེ་སློང་འཇམ་དབྱངས་རིན་ཆེན་དང་དགེ་སློང་དགེ་འདུན་དར་རྒྱས་སོགས་དང་། པར་དུ་རྐོ་མཁན་དགེ་སློང་བསྟན་པ་ཡར་འཕེལ་དང་བསྟན་འཛིན་ཡར་འཕེལ། བསྟན་འཛིན་རྒྱ་མཚོ་སོགས་ཀྱིས་འབད་རྩོལ་ལྷུར་བཞེས་གནང་སྟེ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་བ་པར་དུ་བསྒྲུབས་པ་དང་། དེ་དང་ལྷན་དུ་སྐྱབས་རྗེ་གསེར་ཏོག་ཧོ་ཐོག་ཐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་ནས་རང་གི་སྒར་བའི་ཟུར་གཅིག་སྐུ་འབུམ་གཞུང་ལ་ཕུལ་གནང་མཛད་དེ་པར་ཁང་གསར་བཞེངས་དང་བཅས་ཆུ་འབྲུག་ཕྱི་ལོ1832ལོར་ད་ལྟའི་དཔར་གྱི་ལྷ་ཁང་ངོ་མཚར་རིན་ཆེན་གླིང་འདི་ཉིད་ཟུར་དུ་ཕྱེས་པར་བཤད། དེ་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་འཛིན་གྲྭ་སོ་སོའི་བསླབ་གཞི་ལ་གཙོ་བོར་དམིགས་ནས་བཀའ་དང་བསྟན་བཅོས་མང་པོ་དང་ཐུན་མོང་གི་རིག་གནས་སོགས་ཀྱི་པར་ཤིང་མང་པོ་མུ་མཐུད་དུ་རྒྱ་བསྐྱེད་དང་གསར་སྐྲུན་མཛད་པས། ད་ལྟ་པར་ཁང་ཆེན་མོ་འདིར་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གཙོས་མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིས་བསྡུས་པའི་གཞུང་ཆེན་པོ་དང་།འཕགས་བོད་མཁས་གྲུབ་དམ་པའི་གསུང་འབུམ་དང་གསུང་རྩོམ། གསོ་རིག་དང་སྐར་རྩིས། ལོ་རྒྱུས། སྙན་ངག སྡེབ་སྦྱོར། སུམ་རྟགས་དག་གསུམ། གཏམ་རྒྱུད་སོགས་རིག་ཚན་དུ་མའི་དཔེ་ཆའི་པར་ཤིང་འབོར་ཆེན་བཞུགས་ལ། བོད་ཁུལ་གྱི་གནའ་བོའི་པར་ཁང་ཆེན་མོ་བདུན་གྱི་གྲས་སུའང་འདྲེན་ནོ། །
       རྒྱུད་པ་གྲྭ་ཚང་གི་པར་ཁང་དུས་ནམ་ཞིག་ལ་གསར་འཛུགས་གནང་ཚུལ་གདན་རབས་སོགས་སུ་མི་གསལ་ཡང་། འདི་ཡང་ལོ་ངོ་བརྒྱ་ཕྲག་གི་སྔོན་ནས་ཡོད་པར་ངེས། པར་ཁང་འདི་རྒྱུད་པ་གྲྭ་ཚང་རང་གི་སློབ་གཉེར་གྱི་ཆེད་དུ་བསྐྲུན་པ་ཡིན་པས་པར་ཤིང་མང་ཆེ་བ་སྔགས་རྒྱུད་སྡེའི་གཞུང་དང་གྲྭ་ཚང་རང་གི་ཆོས་སྤྱོད་དང་ཆོ་གའི་སྐོར་ཡིན་ལ། གཞན་མདོ་ཕྱོགས་དང་ཐུན་མོང་གི་རིག་གནས་སོགས་ཀྱི་པར་ཤིང་ཡང་བཞུགས།
       སྨན་པ་གྲྭ་ཚང་གི་པར་ཁང་ནི་སྨན་པའི་དེབ་ཡིག«དྭངས་གསལ་མེ་ལོང»ལས། མེ་ལུག་ཕྱི་ལོ1907ལོའི་ཟླ་ལྔ་བའི་ཚེས་ཉེར་བཞིའི་ཉིན་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནས་ཉིད་ཀྱི་གསུང་འབུམ་གྱི་པར་ཤིང་མང་པོ་དང་ཀུན་དགའ་རྭ་བ། པར་དུ་མ་བརྐོས་པའི་མ་དཔེ་དང་པར་གཞི་སྣ་ཚོགས་སྨན་པ་གྲྭ་ཚང་དུ་སྤྱི་འཇོག་མཛད་པ་དང་།པར་ཁང་གི་བདག་གཉེར་དང་སྒྲིག་ལམ་སྐོར་སོགས་ཚོགས་འདུས་ལྷན་རྒྱས་ཐུན་མོང་དང་གསེར་ཏོག་སྒར་བ་བཅས་ནས་གྲོས་མཐུན་གྱི་ཡི་གེ་བཞག་ཚུལ་ལ་གཞིགས་ན། སྨན་པ་གྲྭ་ཚང་གི་པར་ཁང་དེ་གསེར་ཏོག་ཚང་གིས་བདག་རྐྱེན་སྦྱར་ཏེ་སྐབས་དེར་རྒྱ་ཆེ་རུ་བསྐྱེད་པར་ངེས། གཞན་གྲྭ་ཚང་རང་གི་དཔལ་ལྡན་རྒྱུད་བཞིའི་སྦྱར་བྱང་དུ་གྲྭ་ཚང་གི་ཁྲི་ཐོག་བཅུ་བ་ཟི་ན་ལྷ་རམས་པ་བསོད་ནམས་བསྟན་འཛིན་གྱིས་མེ་འབྲུག་ཕྱི་ལོ1796ལོར་ལྷག་བསམ་དད་པས་རྒྱུད་བཞི་པར་དུ་བསྐྲུན་པར་མཛད་ཚུལ་ལ་བསམས་ན། དེའི་སྔོན་དུ་གྲྭ་ཚང་རང་ལ་ཆོས་སྤྱོད་དང་རྒྱུད་བཞི་སོགས་ཀྱི་པར་ཤིང་སྣ་ཚོགས་ཤིག་བཞུགས་པར་ངེས།པར་ཁང་འདི་ཡང་སྨན་པ་གྲྭ་ཚང་གི་ཆེད་དུ་བསྐྲུན་པ་ཡིན་པས་པར་གཞི་གཙོ་བོ་སྨན་པ་གྲྭ་ཚང་རང་གི་བསླབ་གཞི་དཔལ་ལྡན་རྒྱུད་བཞི་དང་དྲི་མེད་ཤེལ་ཕྲེང་ནས་བཤད་པའི་སྨན་གྱི་འཁྲུངས་དཔེའི་སྐོར་དང་། གཞན་རྒྱུད་སྡེའི་ཆོ་ག་དང་གསུང་འབུམ། རྩིས་དཀར་ནག་དང་ཐུན་མོང་རིག་གནས། ལོ་རྒྱུས་དང་ལེགས་བཤད། ཆོ་ག་སྣ་ཚོགས་སོགས་ཀྱི་པར་ཤིང་མང་དུ་བཞུགས།
       དུས་འཁོར་གྲྭ་ཚང་གི་པར་ཁང་ཡང་དུས་ནམ་ཞིག་ལ་བཙུགས་པ་མི་གསལ་ཡང་། ས་འབྲུག་ཕྱི་ལོ1868ལོའི་རྒྱ་སོག་གི་དུས་འཁྲུག་སྐབས་གྲྭ་ཚང་གི་པར་ཤིང་མང་པོ་མེར་བསྲེགས་པའི་གཏམ་འདུག་པ་དང་། དེང་ཡང་པར་ཤིང་མི་བཞུགས་པའི་དུས་འཁྲུག་སྔོན་གྱི་དུས་འཁོར་ཆོ་གའི་དཔེ་རྙིང་སོགས་མཐོང་རྒྱུ་འདུག་པ་ལ་གཞིགས་ན་གྲྭ་ཚང་རང་དུ་པར་ཁང་སྔོན་ཞིག་ནས་ཡོད་པར་བསམ། འདི་ཡང་གྲྭ་ཚང་གཞན་གསུམ་དང་འདྲ་བར་པར་གཞི་གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་གཞུང་གི་ཆོ་ག་དང་རྒྱུད་གཞུང་། རྩིས་དཀར་ནག་བཅས་དུས་འཁོར་གྲྭ་ཚང་རང་གི་བསླབ་གཞིའི་ཡིག་ཆའི་སྐོར་ཡིན་ལ། གཞན་གསུང་འབུམ་དང་ཐུན་མོང་རིག་གནས་ཀྱི་སྐོར་སོགས་ཆོས་ཚན་མང་དུ་བཞུགས། གྲྭ་ཚང་འདི་བཞིའི་པར་ཁང་ལས་གཞན་ཨ་ཀྱཱ་སྒར་བ་དང་ཆེ་ཤོས་སྒར་བ། གསེར་ཏོག་སྒར་བ་སོགས་སུ་ཡང་སྒར་བ་རང་གི་བླ་སྤྲུལ་དང་མཁས་པ་གཞན་དག་གི་གསུང་འབུམ་པར་ཤིང་མང་དུ་བཞུགས་ལ། སྤྱི་བསྡོམས་གནང་བ་ལྟར་ན་ད་ལྟ་སྐུ་འབུམ་བྱམས་པ་གླིང་དུ་གྲྭ་ཚང་བཞི་དང་སྒར་བ་བཅས་སུ་ཁྱོན་བསྡོམས་པར་ཤིང་དྲུག་ཁྲི་དྲུག་སྟོང་བརྒྱད་བརྒྱ་གོ་གཅིག༦༦༨༩༡བཞུགས་པའོ། །
       དེ་ལྟའི་སྐུ་འབུམ་བྱམས་པ་གླིང་གི་པར་ཁང་བཞི་གཙོས་པར་ཤིང་གང་ཡོད་ཀྱི་དཀར་ཆག་གི་དེབ་ཅིག་བསྒྲིག་ན། སྤྱི་ཚོགས་ལས་རིགས་སོ་སོའི་རྒྱ་ཆེའི་ཀློག་པ་པོ་དང་། ལྷག་པར་རིག་གནས་ལས་རིགས་ཁྲོད་ཀྱི་དཔྱོད་ལྡན་མཁས་པ་དག་གིས་སྐུ་འབུམ་དགོན་པ་རང་ལ་སྔར་ལས་ངེས་ཟིན་དང་། རིག་རྫས་སྲུང་སྐྱོབ་དང་ཞིབ་འཇུག་གི་གསོས་སྨན་དུ་འགྱུར་བར་བསམས་ནས། ད་རེས་དགོན་པའི་དོ་དམ་ཁང་གི་འགོ་གཙོ་སྐྱབས་རྗེ་ར་ཁོ་བློ་བཟང་བསྟན་པའི་དབང་ཕྱུག་ཚང་དང་དགོན་པའི་སློབ་གཉེར་ཀྲུའུ་རིན་བློ་བཟང་མཐར་ཕྱིན་རྣམ་གཉིས་ཀྱི་བཀའ་བཀོད་འོག་ངེད་རྩོམ་སྒྲིག་ཁང་གིས«སྐུ་འབུམ་བྱམས་པ་གླིང་གི་པར་ཤིང་དཀར་ཆག»ཅེས་པའི་དེབ་འདི་གསར་དུ་བསྒྲིགས་པ་ལགས།
       དེབ་འདི་ལོ་སྔོན་མ་སྟེ་ཤིང་འབྲུག་ཕྱི་ལོ2024ལོའི་ནང་སྐུ་འབུམ་པར་ཁང་ཆེན་མོའི་འགན་འཛིན་བོང་སྟག་སྐལ་བཟང་མཁྱེན་རབ་སོགས་ཀྱིས་བསྒྲིགས་པའི«སྐུ་འབུམ་དཔར་ཁང་ངོ་མཚར་རིན་ཆེན་གླིང་དུ་པར་ཤིང་གང་བཞུགས་ཀྱི་དཀར་ཆག་ཀུན་གསལ་མེ་ལོང»ཞེས་པའི་དེབ་ཀྱི་རྨང་གཞིའི་སྟེང་གྲྭ་ཚང་གཞན་གསུམ་གྱི་པར་ཤིང་གང་ཡོད་དང་། གཞན་སྐུ་འབུམ་ཨ་ཀྱཱ་སྒར་བ་དང་ཆེ་ཤོས་སྒར་བ་སོགས་སུ་བཞུགས་པའི་གསུང་འབུམ་པར་ཤིང་སོགས་ཁ་སྣོན་མཛད་ནས། སྐུ་འབུམ་བྱམས་པ་གླིང་དུ་ད་ཡོད་ཀྱི་པར་ཤིང་ཡོད་དོ་ཅོག་གི་མཚན་ཐོ་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཀར་ཆག་རྒྱས་ཤོས་ཤིག་ཡིན་ལ།ང་ཚོས་དེང་གི་དཀར་ཆག་གི་སྒྲིག་གཞི་ལྟར་ཀློག་པ་པོ་དག་གིས་གཟིགས་བདེ་བའི་ཆེད་དུ་གྲྭ་ཚང་བཞིའི་པར་ཤིང་གང་ཡོད་ཀྱི་ཚད་གཞི་དང་པར་གྱི་གྲངས་ཀ། ཆོས་ཚན་རེའི་དེབ་ཀྱི་རྩོམ་པ་པོ་དང་། གསུང་འབུམ་དག་གི་མཛད་པ་པོའི་མཛད་རྣམ་ཉུང་བསྡུས་བཅས་ཅུང་ཞིབ་གསལ་གྱི་སྒོ་ནས་བྲིས་ཏེ་བསྒྲིགས་ཡོད།
       དེབ་འདི་རྩོམ་སྒྲིག་གི་ལས་གཞིའི་ཁྲོད་ང་ཚོ་རྩོམ་སྒྲིག་པ་དག་ལ་དཔེ་སྒྲིག་གི་ཉམས་མྱོང་ཞན་པ་དང་། ལས་ཀའི་དུས་ཡུན་ཐུང་བ་སོགས་ཀྱི་དབང་གིས་དཔེ་སྐྲུན་དང་ཞུ་དག་གི་ཐད་ཆད་ལྷག་དང་ནོར་སྐྱོན་མང་དུ་འབྱུང་སྲིད་པས། དེ་ལུགས་རྒྱ་ཆེའི་ཀློག་པ་པོ་དང་དཔྱོད་ལྡན་དག་ལ་བཟོད་གསོལ་དང་བཅས་ཕྱིས་འབྱུང་ཡོ་བསྲང་ལ་སྨན་པའི་དགོངས་འཆར་འཛེམ་ཟོན་མེད་པ་གནང་བར་ཞུ།

ཞེས་བོད་རབ་རྒྱན་ཤིང་སྦྲུལ་ཕྱི་ལོ༢༠༢༥ལོའི་ཧོར་ཟླ༤པའི་ཚེས༡༥ཉིན། ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་སྐུ་འབུམ་བྱམས་པ་གླིང་ནས་བྲིས་པའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།