༄༅། །བཀྲ་གོའི་དེབ་གསར«མདོ་སྨད་སྣང་རའི་སྟོང་དཔོན་གྱི་ལོ་རྒྱུས»པར་བསྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-07-17 08:30:17 ཀློག་གྲངས།:
       ཉེ་ལམ། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང«མཚོ་སྔོན་སྤྱི་ཚོགས་ཚན་རིག(བོད་ཡིག་པར་མ)»ཡི་རྩོམ་སྒྲིག་པ། ཞིབ་འཇུག་པ་གཞོན་པ་བཀྲ་གོའི་དེབ་གསར«མདོ་སྨད་སྣང་རའི་སྟོང་དཔོན་གྱི་ལོ་རྒྱུས»པར་བསྐྲུན་འགྲེམས་སྤེལ་བྱས་པ།

འགོ་བརྗོད།
 
འཛམ་གླིང་ལོ་རྒྱུས་རྒྱལ་སྤྱིའི་མཁའ་ལ་གསལ། །
གངས་ཅན་ལོ་རྒྱུས་ཤར་རིའི་ཕྲག་ནས་འཆར། །
རང་སྡེའི་ལོ་རྒྱུས་པདྨའི་དགའ་ཚལ་ཞིག །
མདོ་སྨད་འབུམ་རམས་བཀྲ་གོའི་ཕྱག་གིས་བསྐྲུན། །
       བོད་ཀྱི་ལོ་རྒྱུས་ཀྱི་འབུམ་རམས་པ་ཕྱི་ཚར་བཀྲ་གོ་ལགས་ཀྱིས་འབུམ་རམས་པའི་དམ་བཅའི་མཐའ་དཔྱད«མདོ་སྨད་སྣང་རའི་སྟོང་དཔོན་གྱི་ལོ་རྒྱུས་དྭངས་གསལ་ཤེལ་གྱི་མེ་ལོང»ཞེས་པ་འདི་ནི། ཁོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་ལོ་རྒྱུས་རིག་པའི་འབུམ་རམས་པའི་ཡོན་ཚད་ལ་སྦྱོང་བརྩོན་གནང་བའི་སྐབས་སུ་འཛམ་གླིང་ས་གནས་སོ་སོའི་གོམས་སྲོལ་ལ་བརྟག་ནས་རང་སྡེའི་ལོ་རྒྱུས་རང་གིས་བཤད་པ་ནི་ཧ་ཅང་རིན་ཐང་ཅན་ཞིག་ཡིན་པར་མཐོང་སྟེ་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་དེ་རང་གི་རང་སྡེའི་ལོ་རྒྱུས་ལ་ཞིབ་འཇུག་དང་འདས་དོན་གྱི་སྣང་བརྙན་བསྐྱར་གསོ་གནང་རྒྱུའི་དགོངས་འཆར་བདེ་བླག་ཏུ་གྲུབ་པའི་ཞིབ་འཇུག་གི་འབྲས་བུ་ཞིག་རེད།
       ས་གནས་ལོ་རྒྱུས་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་འདིའི་དགེ་མཚན་འགའ་ཞིག་གླེང་བར། དེང་རབས་སྤྱི་ཚོགས་ཡར་རྒྱས་དང་འབྲེལ་ནས་གོ་ལའི་ཁྱོན་ཡོངས་ཀྱི་རིག་གནས་གཅིག་གྱུར་འགྲོ་བཞིན་པའི་སྐབས་འདིར། རང་ཡུལ་གྲོང་སྡེ་སོ་སོའི་ལོ་རྒྱུས་རྣམས་མི་རིང་བར་འཇའ་ཚོན་གྱི་རྗེས་སུ་ཡལ་ངེས་པའི་སྣང་ཚུལ་ལ་དམིགས་བསལ་དུ་དོ་སྣང་ཆེན་པོ་བྱས་ཏེ། རང་གི་མེས་པོ་རྣམས་ཀྱི་མཛད་རྗེས་ལོ་རྒྱུས་ལ་ཞིབ་འཇུག་གནང་ཞིང༌། ཕྱི་རབས་གཞོན་ནུ་རྣམས་ཀྱི་སྤྱན་ལམ་དུ་སྣང་རའི་སྟོང་དཔོན་གྱི་ལོ་རྒྱུས་སྣང་བརྙན་སླར་ཡང་བསྐྱར་བཞེངས་བྱེད་ཐུབ་པ་བྱུང་བ་དང་གཅིག །རྒྱ་བོད་ཡིག་ཆ་སྣ་ཚོགས་ཀྱི་ནང་དུ་ཁ་འཐོར་དུ་གནས་པའི་དཔྱད་གཞིའི་ཡིག་ཆ་རྣམས་དང༌། རྒྱུན་ཆད་ལ་ཉེ་བའི་ཡུལ་མི་རྒན་པོ་དག་གི་ངག་རྒྱུན་རིན་ཐང་བྲལ་བའི་རིགས་རྣམས་མྱུར་སྐྱོབ་བྱས་པས། མི་རིགས་ཤིག་གི་ཡུལ་སྡེའི་ལོ་རྒྱུས་ཀྱི་ཚེ་སྲོག་རིང་དུ་བཏང་ཐུབ་པ་དང་གཉིས། དེང་དུས་བོད་ཀྱི་རིག་གཞུང་ཞིབ་འཇུག་པ་རྣམས་ལ་ཐོབ་མི་ཐུབ་པའི་གྲོང་སྡེ་ཁག་གི་ངག་རྒྱུན་ལོ་རྒྱུས་རྣམས་བཅར་འདྲི་བྱས་ཏེ་ཡིག་ཐོག་ཏུ་བཀོད་ཐུབ་པ་བྱུང་བས་སླད་ནས་སྣང་རའི་སྟོང་དཔོན་གྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་རྣམས་ལ་རིན་ཐང་བྲལ་བའི་ནོར་བུ་ཞིག་བྱུང་བ་དང་གསུམ། དེང་དུས་ཨ་མདོ་ཕྱོགས་སུ་སྡེ་བ་སོ་སོའི་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་ཁ་འཐོར་དུ་སོང་སྟབས་དོན་ཆུང་འགའ་ཙམ་གྱི་ལོ་རྒྱུས་བཙལ་དགོས་ནའང་ཡིག་ཆ་མང་པོ་མ་བཀླག་པར་རྙེད་མི་ཐུབ་པར་གྱུར་པའི་ཚེ། ཁོང་གིས་ངལ་བ་བརྒྱ་ཕྲག་མང་པོ་བརྒྱུད་ནས་དུས་རབས་རིམ་བྱུང་གི་མཁས་པའི་རྣམ་ཐར་དང་། རྒྱ་བོད་ཀྱི་ཡིག་ཆ་མང་པོ་བཀླགས་ཤིང་། ཡུལ་མི་བགྲེས་སོང་རྣམས་ལ་བཅར་འདྲི་བྱས་ཏེ་ཕྱོགས་མཐའ་དག་ནས་གཅིག་བསྡུས་བྱས་པའི་དཔྱད་གཞི་རྣམས་ཕྱོགས་བསྒྲིགས་དང་ཞིབ་འཇུག་བྱས་ནས་ཨ་མདོའི་ཡུལ་དུ་སྔོན་མེད་རང་སྡེའི་ལོ་རྒྱུས་ཀྱི་མེ་ཏོག་གསར་དུ་བཞད་པ་དང་བཞི། མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་དང༌། ཡུལ་དབུས་ནས་རིང་དུ་སོང་བའི་གྲོང་སྡེ་རྣམས་སུ་འཚར་ལོངས་བྱུང་བའི་རང་རིགས་གཞོན་ནུ་རྣམས་ལ་རང་རང་ཡུལ་གྱི་ཕ་མེས་ཀྱི་མཛད་རྗེས་བརྩད་ཞིབ་བྱེད་ཅིང་། ཡུལ་དེའི་ཐུན་མིན་གྱི་རིག་གནས་རྣམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུའི་ལས་ལ་སྐུལ་སློང་གི་ནུས་པ་ལྡན་པ་དང་ལྔ་པོ་འདི་དག་ནི་བསྟན་བཅོས་འདིའི་རིན་ཐང་དང་ཁྱད་ཆོས་ཡིན། དེ་ནས་དཔྱད་རྩོམ་འདི་ཉིད་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་གྱི་རྒན་དང་གཞོན་གསུམ་ལ་ཕན་འབྲས་ཆེ་བར་མཐོང་སྟབས། མྱུར་དུ་པར་སྐྲུན་དང་འགྲེམས་སྤེལ་གནང་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ།
ཞེས་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ༢༠༢༦ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ཁྲེང་ཏུའུ་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས།

འགོ་བརྗོད་རྨ་ལུང་སྔོན་མོ།
 
       སློབ་བུ་འབུམ་རམས་པ་ཕྱི་ཚར་བཀྲ་གོ་ལགས་ཀྱིས་བརྩམས་པའི«མདོ་སྨད་སྣང་རའི་སྟོང་དཔོན་གྱི་ལོ་རྒྱུས་དྭངས་གསལ་ཤེལ་གྱི་མེ་ལོང»ཞེས་པ་པར་བསྐྲུན་གྱི་འཕྲིན་གསར་འབྱོར་བར་སྤྲོ་བ་འཕེལ། བོད་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་དུ། སྟོང་པོན་སྟོང་ཅུང་བོད་ལས་བསྐོས་པ། ཞེས་སྟོང་དཔོན་ལ་སྟོང་པོན་ཞེས་བཀོད་ཡོད། དེ་ནི་སྲིད་འཛིན་ལམ་ལུགས་ཁྲོད་དུ་དཔོན་སྣ་ཕྲ་མོའི་གྲས་སུ་གཏོགས་ཤིང༌། ཐོབ་ཐང་ལ་ཐབས་ར་གན་ཆུང་ངུ་སྩལད་པའི་སྲོལ་འདུག །དེར་བརྟག་ན་དུས་སྐབས་དེ་དག་ཏུ་བོད་པ་སྟོང་དཔོན་དུ་བཞུགས་པའི་ལོ་རྒྱུས་བྱུང་བར་མ་ཟད། སྟོང་དཔོན་གྱི་ལམ་ལུགས་འདིར་ལོ་རྒྱུས་ཀྱི་ཕུ་ཐག་རིང་པོ་ཡོད་པ་རྟོགས་ཐུབ། ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བའི་དུས་སྐབས་སོ་སོར་སྟོང་དཔོན་གྱི་དབང་ཚད་སོགས་ལ་ཐུན་མིན་གྱི་ཁྱད་ཆོས་ཡོད་སྲིད་པ་དེ་དག་ལ་ཞིབ་ཏུ་འཇུག་པར་དཀའ་ཁག་ངེས་ཅན་ཡོད་པ་ནི་བསམས་ན་ཤེས་པ་ཞིག་རེད། ཡིན་ན་ཡང་སྣང་རའི་སྟོང་དཔོན་ནི་མདོ་སྨད་གཅན་ཚ་རྫོང་ཁོངས་ཀྱི་ཡིན་ཞིང་། དེའི་དར་རྒུད་ཀྱི་ལོ་རྒྱུས་རྩོམ་པ་པོ་བཀྲ་གོ་ལགས་ནི་གཅན་ཚ་རྫོང་ནས་སྐྱེས་ཤིང་ཡུལ་དེ་ནས་འཚར་ལོངས་བྱུང་བའི་ཤེས་ཡོན་ཅན་ཞིག་ཡིན་ལ། དཔྱད་པ་འདིར་འཇུག་པའི་ལས་ཀ་ནི་འབུམ་རམས་པའི་སློབ་སྦྱོང་གནང་སྐབས་དང་འབུམ་རམས་ཕྱི་ཚར་ལ་ཞུགས་པའི་གནས་སྐབས་རྣམས་སུ་དབུ་ཚུགས་ཏེ་དུས་ཡུན་ཅུང་ཙམ་རིང་པོའི་ནང་ལེགས་གྲུབ་བྱུང་བ་ཞིག་ཡིན་པས། དུས་ཐུང་ཙམ་དང་བྲེལ་འཚུབ་ཀྱི་ངང་ནས་སྤེལ་ཅི་ཐུབ་བྱས་པའི་རྩོམ་ཡིག་ལྟ་བུ་ཞིག་མ་ཡིན་པར་རིག་གཞུང་དཔྱད་གླེང་ཐད་ཀྱི་རིན་ཐང་ཆེན་པོ་ལྡན་པའི་དཔྱད་རྩོམ་ཞིག་ཡིན་པ་ཞོར་ནས་ཤེས་ཐུབ།
       མདོ་སྨད་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ངོ་མ་དེ་ཤེས་དགོས་ན། མདོ་སྨད་ཀྱི་སྟོང་དཔོན་ཚོའི་ལོ་རྒྱུས་དང་དེ་དག་ལ་སྤྱི་ཚོགས་ཀྱི་གནས་སྐབས་མི་འདྲ་བའི་ནང་དུ་དགེ་སྐྱོན་གྱི་ཆ་ཇི་འདྲ་ཡོད་པ་གསལ་འབྱེད་བྱེད་པ་ནས་མགོ་ཚུགས་དགོས། དེ་ནི་བོད་ཀྱི་ལོ་རྒྱུས་ལ་སྤྱི་བྱེ་བྲག་གཉིས་སུ་དབྱེ་བའི་ཁྲོད་ནས་ས་གནས་ཀྱི་ལོ་རྒྱུས་བྱེ་བྲག་པ་ཡིན་ལ། བོད་ཀྱི་སྤྱིའི་ལོ་རྒྱུས་དེ་ཉིད་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་བའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་རེད། དེ་ལྟ་བུའི་ལོ་རྒྱུས་བྱེ་བྲག་པ་མང་པོ་བསགས་པ་མེད་ན་བོད་ཀྱི་ལོ་རྒྱུས་ཞེས་པ་དེའང་སྤྱི་བཤད་ཙམ་དུ་འགྱུར་སྲིད།
       རང་རེ་མདོ་སྨད་ཀྱི་ལོ་རྒྱུས་ཐད་དུ«མདོ་སྨད་ཆོས་འབྱུང»དང་། «མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན»དང་རྣམ་ཐར་ལྟ་བུ་ཡོད་མོད་ཀྱང་དེ་དག་གི་ཁྲོད་ནས་སྟོང་དཔོན་གཅིག་གི་ཁྱིམ་རྒྱུད་ཀྱི་དར་རྒུད་ཆེད་དུ་བྱས་ནས་བཀོད་པ་འདི་ལྟ་བུ་མཐོང་དཀོན། དེའི་ངོས་ནས་དཔྱད་ན་སློབ་བུ་བཀྲ་གོ་ལགས་ཀྱི་དཔྱད་རྩོམ་འདི་ནི་མདོ་སྨད་ཀྱི་སྟོང་དཔོན་གཅིག་གི་ལོ་རྒྱུས་བྱེ་བྲག་པ་ཞིག་ཡིན་ཡང་སྐབས་དེའི་བོད་པའི་ལོ་རྒྱུས་ལ་དཔྱོད་པར་མེད་དུ་མི་རུང་བའི་མེ་ལོང་ལྟ་བུར་གྱུར་ཡོད། འདི་ལྟ་བུ་རྩོམ་པའི་དུས་སུ་ངོ་སོར་ལྟོས་པའི་རྩོམ་དུ་མི་འགྱུར་བར། རྒྱུགས་ཟེར་ན་གཤིན་རྗེ་འཕྲང་དང༌། རྒྱོབ་ཟེར་ན་ཨ་ཕོའི་མགོ་ཟེར་བ་ལྟར་ལེགས་ཉེས་ཀྱི་ཆ་ལ་ཕྱོགས་ཞེན་མེད་པར་འགོད་ཐུབ་པ་ཞིག་ཡིན་དགོས། དེ་ལྟར་བྱུང་ན་ཕྱི་འདོམས་ཀྱི་མེ་ལོང་དུ་འགྱུར་སྲིད་ལ། ཕྱི་རབས་ཀྱི་མིག་ལྟོས་ཟེར་བའང་དེ་འདྲའི་རྩོམ་ལ་བཤད་པ་ཡིན་པས་རྩོམ་པའི་གནས་སྐབས་སུ་དེ་འདྲར་མཉམ་འཇོག་བྱེད་རྒྱུ་གལ་ཆེ།
       སྤྱིར་བཤད་ན་རྩོམ་འདིའི་འགོ་མཇུག་ཞིབ་ཕྲ་ཀློག་པའི་གོ་སྐབས་མ་འཛོམས་ཀྱང་རྩོམ་གྱི་འགོ་བརྗོད་ནས་རྩོམ་གྱི་སྒྲིག་རིམ་སོགས་ཞིབ་ཕྲའི་གནས་ཚུལ་བཀོད་པ་མང་དུ་ཡོད་པ་དེས་རྩོམ་འདིར་རིན་ཐང་ལྡན་པ་ཤེས་ཐུབ་པར་མ་ཟད། འདི་ནི་མདོ་སྨད་ཀྱི་ཡུལ་བྱེ་བྲག་པའི་ལོ་རྒྱུས་གསལ་སྣང་དུ་འགྱུར་བར་དགེ་བའི་འོད་སྣང་ལྡན་པའི་དཔྱད་རྩོམ་ཞིག་ཡིན་ནོ་ཞེས་བདག་གིས་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་བར་སྤོབས།
ཞེས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་མིང་འཛིན་པ་ཁ་སྒང་བཀྲ་ཤིས་ཚེ་རིང་དུ་འབོད་པས་གྲོང་ཁྱེར་ལན་གྲུའི་གཞུང་ཤག་ནས༢༠༢༦ལོའི་ཟླ༥པའི་ཚེས༢༠ཉིན་འཕྲལ་མར་བྲིས་པ་དགེ་གྱུར་ཅིག །

སྔོན་འགྲོ།
 
       ལོ་རྒྱུས་རིག་པ་ནི་སྤྱི་ཚོགས་ཚན་རིག་གི་ཆར་གཏོགས་པའི་རིག་ཚན་གལ་ཆེན་ཞིག་ཡིན་ཏེ། ལོ་རྒྱུས་ནི་འཇིག་རྟེན་བྱ་གཞག་ཡོད་ཚད་ཀྱི་སྤང་བླང་གི་རྣམ་གཞག་གསལ་པོར་སྟོན་པའི་མེ་ལོང་ལྟ་བུ་ཞིག་ཡིན་པས། ལོ་རྒྱུས་ཤེས་ན་འདས་སོང་གི་ཉམས་མྱོང་དང་བསླབ་བྱ་སྡུད་ལེན་བྱས་ནས་མ་འོངས་ལས་དོན་ཡོད་ཚད་དྲང་ལམ་དང་ལེགས་ལམ། མྱུར་ལམ་དུ་དགོད་ཆོག་པའི་ཕན་ཡོན་བླ་མེད་ལྡན་པས་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་པ་དང་མཁས་པ་རྣམ་པས་རིག་ཚན་འདིར་གལ་པོ་ཆེ་ལ་ནན་ཏན་དུ་སློབ་སྦྱོང་དང་དོ་སྣང་བྱས་ནས་སྤམ་མཐོའི་གླེགས་བམ་མང་དུ་བརྩམས་ཡོད། ཡིན་ནའང༌། བོད་རང་ལ་མཚོན་ན་ལོ་རྒྱུས་སྤྱི་དོན་ཙམ་མ་གཏོགས། བྱེ་བྲག་གི་ས་གནས་ལོ་རྒྱུས་བྲིས་པ་ཧ་ཅང་ཉུང་བར་མ་ཟད། དོ་སྣང་བྱེད་མཁན་ཡང་མང་པོ་མེད་པས་ད་ལྟའི་གནས་བབ་འདིའི་ངང་ལ་སོང་ཚེ་ལོ་ངོ་བཅུ་ཕྲག་དུ་མའི་རྗེས་ལ་རང་སོ་སོའི་ཕ་མེས་ཀྱི་འབྱུང་ཁུངས་དང་ཡུལ་ལུང་གི་འདས་སོང་ལོ་རྒྱུས་ཅི་ཡང་མི་ཤེས་པར་གཞན་གྱིས་ཅི་བཤད་བདེན་པར་འཛིན་དགོས་པའི་སྐྱོ་གར་ཞིག་འབྱུང་ངེས་པས། བདག་གིས་འདིར«མདོ་སྨད་སྣང་རའི་སྟོང་དཔོན་གྱི་ལོ་རྒྱུས་དྭངས་གསལ་ཤེལ་གྱི་མེ་ལོང»ཞེས་པའི་ས་གནས་ལོ་རྒྱུས་ཤིག་བྲི་བར་འདོད་དེ། མདོ་སྨད་སྣང་རའི་སྟོང་དཔོན་ནི་སྟོང་དཔོན་གྱི་གོ་གནས་དངོས་སུ་ཐོབ་ཡོད་ཅིང་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་མདོ་སྨད་ཡུལ་གྱི་སྟོང་དཔོན་མིང་གྲགས་ཡོད་པ་ཞིག་ཡིན།
       སྟོང་དཔོན་འདིའི་མི་རྒྱུད་སྔོན་མ་དག་ལ་གཅན་ཚའི་དཔོན་པོ་ཞེས་འབོད་དེ། བོད་སིལ་བུར་འཐོར་པའི་དུས་ནས་བཟུང་གཅན་ཚ་ཉིན་སྲིབ་ཏུ་འབོད་པའི་རྨ་ཆུའི་འགྲམ་གཉིས་ཀྱི་ཡུལ་སྡེ་རྒྱ་ཆེན་པོར་མངའ་དབང་སྒྱུར་མཁན་ཞིག་ཡིན་པ་ལ། ཡོན་རྒྱལ་རབས་ཀྱིས“དུམ་བུར་བགོས་ཏེ་དབང་སྒྱུར་བའི”ཐབས་ལ་བརྟེན་ནས་ཡུལ་ལུང་དུ་མར་བཅད་པས་ཐད་ཀའི་དབང་སྒྱུར་ས་ཁོངས་ནི་རིམ་གྱིས་ཁྲི་ཀ་འོག་མར་འབོད་པའི་ས་ཁུལ་གྱི་ནང་ཚན་ཙམ་དུ་ཆགས། དེ་ནས་དུས་རབས་བཅུ་དྲུག་པའི་དུས་མཇུག་ཙམ་ལ་གཅན་ཚའི་དཔོན་པོའི་དབང་སྒྱུར་མཇུག་རྫོགས་ནས། གཅན་ཚའི་དཔོན་པོའི་བུ་རྒྱུད་གཙུག་ཏོར་སྐྱབས་ཞེས་པ་སྣང་ར་གྲམ་པ་ནང་སྡེ་བར་མག་པར་བསྡད་པ་ནས་བཟུང་ཁོའི་བུ་ཡུམ་མེ་ལ་སྟོང་དཔོན་གྱི་གོ་ས་ཐོབ་ནས་སྣང་རའི་སྟོང་དཔོན་གྱི་དཔོན་རབས་དངོས་སུ་ཚུགས་ལ། ཁྱིམ་རྒྱུད་དེར་འཁྲུངས་པའི་སྟོང་སྐོར་སྐུ་ཕྲེང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོ་དང༌། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ་སོགས་བླ་ཆེན་དང་། སྟོང་དཔོན་རིམ་བྱོན་གྱི་ཆོས་སྲིད་ཟུང་གི་མཛད་པས་སྣང་རའི་སྟོང་དཔོན་ཞེས་པའི་སྙན་གྲགས་ཡང་བསྐྱར་མདོ་སྨད་ཡུལ་དུ་ཁྱབ་འགོ་བརྩམས་ཏེ། ཕྱི་དར་བསྟན་པའི་ཆུ་འགོ་རྨ་ཀླུང་རྡོ་རྗེ་བྲག་རར་བདག་དམ་བཟང་པོ་བྱས་ནས་ཕྱི་ཡོང་གི་བླ་མ་དང་ཆོས་པར་བསྙེན་བཀུར་གང་ལེགས་བྱས་པ་དང་། རང་ཁོངས་སྣང་རའི་གྲོང་བརྒྱད་དུ་བླ་སྤྲུལ་གྲགས་ཆེན་མང་པོ་གདན་དྲངས་ནས་ཟབ་མོ་ཆོས་ཀྱི་བདུད་རྩི་མང་དུ་འབེབས་པར་བྱས་པས་དམངས་ཀྱི་ཀུན་སྤྱོད་ཇེ་ལེགས་དང་གོ་རྟོགས་ཇེ་མཐོར་བཏང་ལ། དམངས་ལ་ཤ་ཞེན་ཆེ་བའི་དཔོན་རིགས་གང་མང་བསྐོ་འཇོག་བྱས་པ་དང༌། རིག་གནས་བྱ་གཞག་ལ་སྔར་ལས་མཐོང་ཆེན་མཛད་པ། ཚོང་ལས་དཔལ་འབྱོར་གྱི་དོ་དམ་ལམ་ལུགས་ཇེ་ཞིབ་ཏུ་བཏང་བ། དམངས་ཁྲིམས་སྐྱོང་སྟངས་སྣ་འཛོམས་སུ་བཏང་བ། དམངས་ཀྱི་དཔྱ་ཁྲལ་ཆག་ཡང་དུ་བཏང་བ་སོགས་ལེགས་པའི་སྤྱོད་ལམ་མང་དུ་བསྟར་བས་ཉམས་རྒུད་དུ་འགྲོ་བ་ལྟ་ཅི། དེ་ལས་ལྡོག་སྟེ་དར་རྒྱས་སུ་སོང་ནས་ཐ་ན་ཆོས་ལུགས་མི་གཅིག་པ་དང་མི་རིགས་མི་གཅིག་པ་རྣམས་ཀྱང་རང་འགུལ་གྱིས་མངའ་ཁོངས་སུ་ཞུགས་ཡོད་པ་རེད། དེ་ལྟ་ནའང་སྣང་རའི་སྟོང་དཔོན་གྱི་བྱུང་བ་ངོ་སྤྲོད་བྱས་པའི་དཔེ་དེབ་འགའ་རེ་ཙམ་ལས་དེ་ལ་ཆེད་དོན་ཞིབ་འཇུག་དང་གནད་དུ་ཐིངས་པའི་དཔྱད་བརྗོད་བྱས་པ་ཞིག་ད་ལྟའི་བར་དུ་མཐོང་ལམ་དུ་མ་སོན་པས་འདིར་ཆེད་དུ«མདོ་སྨད་སྣང་རའི་སྟོང་དཔོན་གྱི་ལོ་རྒྱུས་དྭངས་གསལ་ཤེལ་གྱི་མེ་ལོང»ཞེས་པའི་དཔྱད་རྩོམ་འདི་བྲིས་པ་ཡིན།
       མཇུག་མཐར་ནམ་ཡང་བརྗེད་ཐབས་མེད་ལ་བཀའ་དྲིན་ཞུ་འོས་པའི་དྲིན་ཆེན་ཕ་མ་དང༌། གཞན་རྨོངས་པའི་མུན་པ་མཐའ་རུ་སྐྲོད་ཅིང་བ་གླང་མི་ཁྱུར་འཇུག་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་ནི་སྒོ་གསུམ་གྱི་དད་པའི་ཡུལ་ཡིན་ཞིང་། དེ་ལས་ཀྱང་རང་མི་རིགས་ཀྱི་རིག་གནས་ལ་དུང་ཞེན་ཆེ་ཞིང་འཆད་རྩོད་རྩོམ་གསུམ་གྱི་ལས་ལས་ལ་གཞོལ་བའི་དེང་རབས་བོད་ཀྱི་མཁས་དབང་སྟེ། དཔྱད་རྩོམ་འདི་ལ་མཛུབ་སྟོན་དང་བཟོ་བཅོས་གནང་མཁན་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་གཙོ་བྱས། རྒན་ཆེན་མོ་བན་གོ །རྒན་ཆེན་མོ་མགོན་པོ་བཀྲ་ཤིས་བཅས་ལ་བཀའ་དྲིན་ཆེ་ཞུ་བ་དང་། ཁྱད་པར་དུ་སྣང་རའི་སྟོང་དཔོན་དབང་ཆེན་གྱི་བུ(མཚོ་སྔོན་ཟི་ལིང་སྦྲང་ཆར་རྩོམ་སྒྲིག་ཁང་དུ་ཡོད་པ)ཨ་ཁུ་འགྱུར་མེད་ལགས་ཀྱིས་ང་ལ་ཐེངས་འགར་གཅན་ཚའི་ལོ་རྒྱུས་སམ་ལྷག་པར་དུ་སྣང་རའི་དཔོན་ཚང་གི་ལོ་རྒྱུས་དོན་གནད་འགའ་སྦ་གསང་མེད་པར་འཆད་པ་དང་། གཞན་ཡང་གཅན་ཚའི་ལོ་རྒྱུས་ལ་གསལ་ཆ་ཆེ་བའི་དགེ་རྒན་ཆེན་མོ་སངས་རྒྱས་རིན་ཆེན་དང་། «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»ཞེས་པའི་རྩོམ་པ་པོ་རྒྱལ་མོ་འབྲུག་པ། «མདོ་སྨད་ལྷོ་ཕྱོགས་རྨ་འགྲམ་བཙན་རྫོང་གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ»གྱི་གཙོ་སྒྲིག་པ་ཞྭ་ཁྲའི་དབང་གྲགས། གཅན་ཚ་ཐང་གི་ལོ་རྒྱུས«བ་ཚྭ་གོས་དཀར་གཡང་ལྡན་ཕྱུག་མོའི་ལོ་རྒྱུས་དྲི་མེད་ཤེལ་དཀར་ཕྲེང་བ»རྩོམ་མཁན་གྲྭ་པ་ཤེས་རབ་རྒྱ་མཚོ། «དགུ་རོང་དགོན་པ་གསང་ཆེན་སྔ་འགྱུར་རྡོ་རྗེ་གླིང་གི་ལོ་རྒྱུས་བློ་གསལ་དགོངས་པ་མཛེས་པའི་རྒྱན་ཕྲེང»ཞེས་པའི་རྩོམ་པ་པོ་དགུ་རོང་སྤྲུལ་སྐུ་གཅན་རོང་བསྟན་འཛིན། «མདོ་སྨད་སྣང་རའི་ལོ་རྒྱུས་ཀུན་གསལ་མེ་ལོང»ཞེས་པ་གཙོ་སྒྲིག་བྱེད་མཁན་ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒན་ཆེན་མོ་ཤ་བོ་ཚེ་རིང་སོགས་དང་། དེ་ལས་གཞན་ང་རང་གི་ལས་གྲོགས་དང་སློབ་གྲོགས། སྤུན་ཟླ་དང་ཤ་ཉེ། ལྷག་པར་དུ་ལོ་ན་བགྲེས་པའི་རྒན་པོ་རྣམས་ཀྱིས་སྔོན་བྱུང་རྣ་ཐོས་ལོ་རྒྱུས་སོགས་མཁོ་སྤྲོད་གནང་བ་བཅས་ཀྱིས་ཀྱང་ཐེངས་འདིར་རྒྱབ་སྐྱོར་བླ་མེད་བྱས་པ་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག །ཀུ་རེ་དང་རྩོད་གླེང་གི་ངང་དུ་ལོ་ངོ་གསུམ་ཙམ་འདས་པའི་བོད་ཆོལ་ཁ་གསུམ་གྱི་སློབ་གྲོགས་ཀུན་ལ་གོ་སྐབས་འདི་དང་བསྟུན་ནས་བཀའ་དྲིན་ཆེ་ཞུ་བ་དང་མཉམ་དུ་ཅི་བསམ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།། །།
རྩོམ་པ་པོ་ངོ་སྤྲོད།
       བཀྲ་གོ །མཚོ་སྔོན་གཙན་ཚའི་མི་ཡིན་ལ། ཞིབ་འཇུག་པ་གཞོན་པ་དང་། འབུམ་རམས་པ་གོང་མ་བཅས་ཡིན། སྔ་ཕྱིར«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ» «བོད་ལྗོངས་ཞིབ་འཇུག» «མཚོ་སྔོན་སློབ་གྲྭ་ཆེན་མོའི་རིག་དེབ།» «མཚོ་སྔོན་དགེ་འོས་སློབ་ཆེན་རིག་གཞུང་དུས་དེབ།» «བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག» «རྩེར་སྙེག»སོགས་རིག་གཞུང་དུས་དེབ་སྟེང་དུ་དཔྱད་རྩོམ40ལྷག་སྤེལ་ཡོད་པ་དང་། «རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྨ་ཆུའི་སྟོད་རྒྱུད་ས་ཆའི་བོད་ཀྱི་སྟོང་དཔོན་ལམ་ལུགས་ལ་ཞིབ་འཇུག»ཅེས་པའི་ལས་གཞིའི་རྣམ་གྲངས་ཀྱི་གཙོ་འགན་འཁུར་མྱོང་བ་དང་། ཞིང་ཆེན་རིམ་པའི་ལས་གཞི་རྣམ་གྲངས་མང་པོ་ཞིག་ལ་གཙོ་སྐྱོང་བྱས་ནས་ཡོངས་འགྲུབ་བྱས་པ་དང་དེ་ལས«བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་གཏོང་སྒོའི་འོས་མཐུན་རང་བཞིན་གྱི་བསམ་གཞིགས་དང་ཕྱོགས་སྟོན།»ཞེས་པའི་སྙན་ཞུ་དེར་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་ཐོབ་ཡོད། 2019ལོར་མཚོ་སྔོན་ཞིང་ཆེན་གྱི་རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ་སྟོང་གི་འཆར་གཞིའི་གྲས་སུ(རྩེར་སོན་ཤེས་ལྡན་པར་ནང་འདྲེན་བྱས)བདམས་ཐོན་བྱུང་བ་དང་། 2023ལོར«བཙན་པོའི་དུས་ཀྱི་སྟོང་སྡེ་དང་ཕྱིས་ཀྱི་མདོ་ཁམས་ཡུལ་གྱི་སྟོང་དཔོན་ལམ་ལུགས་ལ་གསར་དུ་དཔྱད་པ»ཞེས་པའི་དཔྱད་རྩོམ་ལ་སྐབས་ལྔ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་པ་དང་། 2017ལོ་ནས་བཟུང་སྟེ་ད་ལྟའི་བར་དུ་མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་དུ«མཚོ་སྔོན་སྤྱི་ཚོགས་ཚན་རིག(བོད་ཡིག་པར་མ)»ཡི་རྩོམ་སྒྲིག་པའི་བྱ་བ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།