གཅན་ཚ་རྫོང་བདེ་སྐྱིད་སྡེ་བའི་མཛེས་ལྗོངས་ཁུལ་དུ་བདེ་སྐྱིད་གཞིས་ཀའི“སྡེ་ཆེན་རྩེད་རའི”ལ་གཞས་འགྲེམ་སྟོན་བྱ་འགུལ་སྤེལ།

རྩོམ་པ་པོ།:ཚེ་རྡོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-05-05 21:39:50 ཀློག་གྲངས།:
       རྒྱལ་སྤྱིའི་ལྔ་གཅིག་གི་གུང་གསེང་སྤྲོ་སྐྱིད་ཡོང་བ་དང་ཡུལ་སྐོར་ལྗོངས་རྒྱུ་བ་ཡོངས་ལ་གནས་སྐོར་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་སྐྲུན་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་རིག་རྩལ་བྱ་འགུལ་ཕྲེང་དུ་བསྟར་ནས་ཀུན་གྱི་སྤྱན་ལམ་དུ་དྲངས་པ་དང་། ཟླ༥པའི་ཚེས༢ཉིན་གྱི་དགོང་མོར། གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་རུ་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྲུབ་འབྲས་འགྲེམ་སྟོན་མུ་འབྲེལ་བྱ་འགུལ་ལས་བདེ་སྐྱིད་གཞིས་ཀའི“སྡེ་ཆེན་རྩེད་རའི”ལ་གཞས་འགྲེམ་སྟོན་བྱ་འགུལ་སྤེལ།
       “སྡེ་ཆེན་རྩེད་རའི”ལ་གཞས་དགོང་ཚོགས་སྤེལ་རིང་། ས་གནས་མང་ཚོགས་དང་ཡུལ་སྐོར་པ་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་ཅིང་ལྟད་མོ་བ་ཚང་མའི་གདོང་ལ་སྤྲོ་འཛུམ་དང་རེ་སྒུག་གིས་ཁེངས་ཡོད། རྒན་དར་གཞོན་གསུམ་གྱིས་གྲུབ་པའི་ཡུལ་དངོས་ལྟད་མོ་བ་སྔར་བཞིན་ཅུང་མང་བར་བལྟས་ན། གཅན་ཚ་རྫོང་ལ་དམངས་ཁྲོད་ལ་གཞས་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ལྡན་པ་རྒྱུས་ལོན་བྱེད་ཐུབ་ལ། ཁོ་ཚོའི་དམངས་ཁྲོད་ཀྱི་ལ་གཞས་སྒྱུ་རྩལ་ལ་འདི་འདྲའི་དགའ་ཞེན་དང་དུངས་སེམས་མཚོན་པ་ལས་མི་རིགས་འདིའི་བླ་སྲོག་ཏུ་གྱུར་བའི་སྲོལ་རྒྱུན་རིག་གནས་དག་ནི་ས་གནས་མང་ཚོགས་ཀྱི་སེམས་ཁོངས་སུ་ཞོ་ལྟར་འཁྱིལ་ཞིང་མར་ལྟར་སྐེག་ནས་ཡོད་པ་གསལ་བོར་རྟོགས་ཐུབ།
       ཐེངས་འདིའི་དགོང་ཚོགས་སྟེང་ཞིང་ཆེན་ནང་ཁུལ་གྱི་ལ་གཞས་ལེན་མཁན་མི་ཉུང་པ་ཞིག་ཞུགས་ཡོད། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལ་གཞས་རྒྱུན་འཛིན་པའམ་མཚོ་ལྷོ་ཁུལ་གྱི་གླུ་བ་གྲགས་ཅན་ཚེ་དཔལ་སྐྱབས་དང་ཞིང་ཆེན་ཡོངས་ཀྱི་མིང་གྲགས་གླུ་མ་ཕག་མོ་མཚོ། དེ་མིན་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མྱོང་མཁན་གུང་ཧོའི་གླུ་མ་འབྲུག་མོ་ཡག་བཅས་གདན་ཞུ་བྱས་ཤིང་། གཞན་ཡང་རྨ་ལྷོ་ཁུལ་ཡོངས་ནས་ལ་གཞས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མྱོང་མཁན་དང་གཅན་ཚ་རྫོང་གི་སྐད་གྲགས་ཆོད་པའི་གླུ་བ་གླུ་མ་ཉི་ཤུ་ལྷག་གདན་དྲངས་ནས་གཅན་ཚ་རྫོང་གི་ཡུལ་སྐོར་ལྗོངས་རྒྱུ་ལྟེ་གནས་བདེ་སྐྱིད་སྡེ་བའི་རིག་གནས་ཐང་ཆེན་དུ་ལ་གཞས་དགོང་ཚོགས་རྒྱ་ཆེན་ཞིག་བསྡུས་ཏེ། རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་ལ་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས།
       གླུ་བ་གླུ་མ་ཚོས་ཐེངས་འདིའི་གཙོ་སྒྲུབ་པའི་བླང་བྱ་ལྟར་བོད་ཀྱི་ལ་གཞས་རིག་གནས་སྒྱུ་རྩལ་གྱི་རྣམ་གྲངས་ལས། རྩེད་མགོ་རྩོམ་པ་ནས་བཟུང་ཏེ་རོགས་འགྲོགས་པ་དང་། དམ་བཅའ་བ། སེམས་མཐུན་པ། ཁ་འབྲལ་བ། བདེ་མོ་འཇོག་པ། ཞེ་སྡུག་པ། རོགས་དྲན་པ། སེམས་སྨྲེང་བ། རོགས་འགལ་བ། སྐྱོན་རྒྱག་པ་སོགས་གོ་རིམ་ཡོངས་སུ་ཚང་བའི་སྒོ་ནས་བླངས་པ་དེས་གཅན་ཚ་མདའ་རྩེད་ཀྱི་ཕ་ས་ནས་ལ་གཞས་སྒྱུ་རྩལ་འདི་ལ་སྔར་མེད་པའི་བཀྲག་མདངས་དང་བྲོ་བ་གཞན་ཞིག་བསྩལ་ཡོད་པར་མ་ཟད། རྨ་འགྲམ་རོང་གི་ལ་གཞས་སྒྱུ་རྩལ་ཉམས་གསོ་དང་རྒྱུན་འཛིན་ཐད་ལའང་ནུས་པ་ཆེན་པོ་ཐོན་ཡོད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།