འཕྲིན་ཡིག་དྲན་བྱུང་། འཇུ་སྐལ་བཟང་།

རྩོམ་པ་པོ།:འཇུ་སྐལ་བཟང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-28 08:35:13 ཀློག་གྲངས།:
འཕྲིན་ཡིག་དྲན་བྱུང་།
འཇུ་སྐལ་བཟང་།

ཉི་མ་སྔོན་ཆད་འཕྲིན་ཡིག་བྱ་བ་ཞིག་ཡོད།
ད་ལྟ་སྐད་བསྐུར་ཙམ་རེད།
འཕྲིན་ཡིག་ལ་གཤོག་པ་མཉེན་མོ་ཐོགས་ཡོད།
ཕན་ཚུན་བར་བྱ་འཕུར་འཕུར་རེད།
སྐད་བསྐུར་དེ་མགོ་ཆད་མཇུག་རྡུམ་རེད།
ཕར་ཚུར་ལ་རྡོ་འཕེན་འཕེན་རེད།

འཕྲིན་ཡིག་དྲན་བྱུང་།
འཕྲིན་ཡིག་ཡོད་པའི་ལོ་ཟླ་ལ་བརླན་ཁ་ཡོད། བཟི་ཁ་ཡོད།
མཛུབ་བར་ནས་བཙིར་ཚེ་ཆུའམ་ཆར་འབབ་ཏུ་ཡོད།
འཕྲིན་ཡིག་མེད་པའི་ལོ་ཟླ་ཤིང་སྐམ་རེད།
ཤིང་སྐམ་གྱི་ཡལ་ག་ལ།
ལག་འཇུ་བྱས་ཚེ་སེམས་ཁོང་རྩུབ་ཧྲག་ཧྲག་བྱེད།
འཕྲིན་ཡིག་ཡོད་པའི་ཉིན་ཞག་ལ་བྲོ་བ་ཡོད།
འཕྲིན་ཡིག་མེད་པའི་ཉིན་ཞག་འདི་དག
སུ་ཞིག་གིས་བལྡད་བལྡད་ནས་སྔུན་དུ་དོར་བ་དང་འདྲ་བོ་རེད།
སྔོན་གྱི་འཕྲིན་ཡིག་མིག་ཆུ་ཡིས་བརླན་ཡོད་ལ།
སྔོན་གྱི་འཕྲིན་ཡིག་གིས་མིག་ཆུ་དབྱུང་བར་ནུས།

འཕྲིན་ཡིག་གི་ཁུག་པར་སྒྲུང་རིང་བལྟབས་ཆོག
འཕྲིན་ཡིག་ལས་ཞེ་སྨྲེང་བའི་མྱུ་གུ་སྙིང་ཁར་བསྣར་ཡོང་།
འཕྲིན་ཡིག་གི་ཟབ་སར།
མི་གཅིག་པུས་མ་གཏོགས་གོ་མི་ཐུབ་པའི་གསང་གཏམ་སྦས་ཆོག

དྲན་ཏེ།
འཕྲིན་ཡིག་ལས་སྤྲིན་པ་ལྕི་མོ་རལ་ཏེ།
སེམས་ལ་ཐིགས་སུ་ཟགས་པ་དྲན།
དྲན་ཏེ།
འཕྲིན་ཡིག་ལས་པང་ཁ་ཡངས་པོར་ཕྱེ་སྟེ།
འཁྱུད་མོ་ཡང་ཡང་བྱས་པ་དྲན།

འཕྲིན་ཡིག་གི་ཟིལ་བ་ཡིས།
ཕ་མ་བགྲེས་པོའི་མིག་མཐའ་བསྐམས་པ་སླར་ཡང་བརླན་པར་ནུས།
འཕྲིན་ཡིག་གི་མཛུབ་རྩེ་ཡིས།
རེ་བ་ཟད་པའི་ཚེ་སྲོག་གི་མཇིང་ཐག་ལྷོད་པོར་བཀྲོལ་བར་ནུས།

བླ་མའི་འཕྲིན་ཡིག་ནང་བྱིན་རླབས་འོད་ལམ་མེར་འཁྱིལ་ཡོད།
གྲོགས་ཀྱི་འཕྲིན་ཡིག་ནང་མེ་ཏོག་ཁྲ་ལམ་མེར་བཀྲམ་ཡོད།
ན་ཆུང་གི་འཕྲིན་ཡིག་ནང་སྤྲིན་དཀར་འཇམ་ཐིང་ངེར་བརྡལ་ཡོད།

འཕྲིན་ཡིག་དྲན་བྱུང་།
ཕ་ཡུལ་ཕྱོགས་ཀྱི་འཕྲིན་ཡིག
ཁ་བ་དཀར་པོའི་མེ་ཏོག་འཕུར་ནས་ཡོང་།
ཉི་མ་ལྷ་སའི་འཕྲིན་ཡིག
མེ་ཏོག་གངས་ལྷའི་འདབ་མ་གྲོལ་ནས་འོང་།
ལྷོ་ཕྱོགས་གྲོང་གི་འཕྲིན་ཡིག
རྒྱ་སེ་སྔོན་པོའི་དྲི་བསུང་འཐུལ་ཞིང་འོང་།

འཕྲིན་ཡིག་ནང་ཆབ་རོམ་ཞུ། ཆུ་ཕྲན་འབབ།
ཤིང་ལོ་འབུ། ཁུ་བྱུག་གྲག
འཕྲིན་ཡིག་གི་གཤོང་དུ་སྒོང་སྤྲིའི་གསེར་ཞུན་འཁྱིལ།

འཕྲིན་ཡིག་འགའ་ཞིག་སེམས་ཀྱི་རྡོ་རིང་ལ་བརྐོས་ཡོད།
འཕྲིན་ཡིག་འགའ་ཞིག་མི་ཚེའི་སྐྱིད་སྡུག་ལ་འཁྲིལ་ཡོད།
ད་དུང་འཕྲིན་ཡིག་འགའ་ཞིག
རང་སེམས་གཙང་མའི་འདུན་པའི་ཞིང་ས་རུ་བཏབ་ཡོད།
ལ་ཁ་མཐོན་པོའི་ཁ་བའི་རྣམ་ཤེས་ལ་ཐིམ་ཡོད།

དྲན་བྱུང་། འཕྲིན་ཡིག་དྲན་བྱུང་།
འཕྲིན་ཡིག་མེད་པའི་ལོ་ཟླའི་ནང་འཕྲིན་ཡིག་དྲན་བྱུང་།

རྩོམ་ཁུངས། ༢༠༢༦ལོའི«སྦྲང་ཆར»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།