ལྡོང་བེ་རུ་ཉི་མ་རྒྱལ་མཚན་གྱི་ཕ་གཞིས་ལ་མཇལ་བ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-08-20 08:30:51
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི2025ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུའི་འཇོན་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མི”རྣམ་གྲངས་ཀྱི་མཆོག་གྱུར་འཇོན་མི་གསོ་སྐྱོང་དང་། 2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པའི་ཡུལ་དངོས་བརྟག་དཔྱད་ཚོ་ཆུང་དེ་སྤྱི་ཟླ8པའི་ཚེས7ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་རྒུ་ནས་ལམ་ལ་ཆས་ཏེ་ནང་ཆེན་རྫོང་གི་ཕྱོགས་སུ་བསྐྱོད། ཕྱི་དྲོར་ནང་ཆེན་རྫོང་ཐོག་ལ་ཐོན་རྗེས་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པའམ་རིག་གནས་མཁས་པ་ཕུན་ཚོགས་ཟླ་བའི་རོགས་རམ་དང་། ནང་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་དང་ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨོ་རྒྱན་རྣམ་རྒྱལ་གྱི་བཀོད་སྒྲིག་ལྟར། ལྡོང་ཚང་ལ་ཡུལ་དངོས་བརྟག་དཔྱད་ལེགས་པོ་བྱེད་ཐུབ་སོང་།

ལྡོང་ཚང་ནི་ནང་ཆེན་རྫོང་ཐོག་ནས་ལྷོ་ཕྱོགས་སྤྱི་ལེ་ཉི་ཤུ་ཡས་མས་མཚམས་ཀྱི་སྤྲེལ་ཚྭ་ཞང་ལྡོང་རུ་གྲོང་དུ་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད31°59′33″དང་། ཤར་གྱི་གཞུང་ཚད96°30′39″ཡི་མཚམས་ན་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི3941ཡིན། ལྡོང་ཚང་ནི་སྨུག་པོ་ལྡོང་གི་རྒྱུད་པ་དང་། གླིང་དཀར་སྟོད་ཀྱི་ཡང་རྒྱུད་གླིང་ཕུ་ནུའི་ཡ་གྱལ་ལྡོང་བེ་རུ་ཉི་མ་རྒྱལ་མཚན་ནས་ཆད་དེ་ད་ལྟའི་བར་མི་རབས་ཉེར་བཞི་ཙམ་སོང་ཡོད་ལ། ལྡོང་རུ་གྲོང་ཚོའི་མཁར་རྙིང་དེ་ནི་གླིང་གི་ལྡོང་བེ་རུ་ཉི་མ་རྒྱལ་མཚན་གྱི་བཞུགས་མཁར་ཡིན་པར་བཤད།

གླིང་སྒྲུང་ལྟར་ན། ལྡོང་བེ་རུ་ཉི་མ་རྒྱལ་མཚན་གྱིས་ཕྱི་ཡི་བཙན་འཛུལ་དང་འོས་མིན་དཔྱ་ཁྲལ་སྣ་ཚོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། བདུད་ཧོར་མོན་འཇང་བཅས་ཆམ་ལ་ཕབ་སྐབས་སུ་ལྡོང་བེ་རུ་ཉི་མ་རྒྱལ་མཚན་གྱིས་བྱས་རྗེས་བླ་མེད་བཞག །ཁོང་གི་བུ་རབས་ཚ་རྒྱུད་དག་གིས་གླིང་རྗེ་གེ་སར་རྒྱལ་པོའི་བཀའ་མ་བསྐུལ་དང་ལེན་བགྱིས་ནས་གླིང་གི་མཐའ་མཚམས་ཡུལ་གྲུ་ལེགས་པོར་བསྲུངས་ཤིང་། གླིང་རྗེ་གེ་སར་མཆོག་ལ་ཁ་ཞེ་གཉིས་ཀྱིས་ཞབས་ཏོག་ལེགས་པོར་བསྒྲུབས་པར་བཤད།

ད་ལྟ་ལྡོང་ཚང་གི་གསུང་རབ་ཡོངས་སྒ་སྐྱེ་རྒུ་མདོ་ན་ལྡོང་ཚང་གསུང་རབ་རྟེན་མཛོད་ཁང་བཞེངས་ཏེ་བདག་ཉར་ལེགས་པོ་བྱས་ཡོད། དེའི་མཚམས་སྦྱོར་ལྟར་ན། གླིང་རྗེ་གེ་སར་རྒྱལ་པོའི་དཔའ་རྟུལ་ལྡོང་བེ་རུ་ཉི་མ་རྒྱལ་མཚན་གྱིས་གླིང་གི་ཕ་ཟོག་ནོར་བུ་ཆ་བདུན་ལས་ཕ་འབུམ་པོ་ཏི་བཅུ་གཉིས་ཀྱིས་གཙོས་པའི་སྨུག་པོ་ལྡོང་ཚང་གི་རིག་མཛོད་ཀྱི་རྨང་གཞི་བཙུགས། ཕྱིས་སུ་སྨུག་པོ་ལྡོང་ཚང་གི་མི་རབས་རྣམས་ཀྱིས་ཡོད་ཚད་ཆོས་དང་རིག་གཞུང་ལ་གཏོང་བའི་སྙིང་སྟོབས་དང་ཆོད་སེམས་ཆེན་པོས་ཁ་སྐོང་བྱས་ཏེ། ཤོག་ནག་དང་མཐིང་ཤོག་སོགས་ལ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེས་རྒྱལ་བའི་གསུང་རབ་རྒྱ་ཆེན་པོ་བཞེངས། གཙོ་ཆེར་གསུང་རབ་ཀྱི་སྐོར་པོད་དྲུག་བརྒྱ་ལྷག་ཙམ་ཡོད་ལ། དེའི་ནང་དུ་བཀའ་འགྱུར་དང་བསྟན་འགྱུར་འདུ་བ་མ་ཟད། བོད་ཀྱི་གསོ་བ་རིག་པ་དང་བརྡ་སྤྲོད་རིག་པ། བཟོ་རིག་པ། སྐར་རྩིས་རིག་པ་སོགས་འདུས་པས། བོད་ཀྱི་ཤེས་བྱ་ཀུན་འཛོམས་ཀྱི་རིག་མཛོད་ཆེན་མོ་ཞིག་ཡིན།

ལྡོང་ཚང་ཀུན་དགའ་མཚོ་སྒྲོན①གྱིས་བཤད་པ་ལྟར་ན། རྒྱ་བཟའ་ཀོང་ཇོ་ཐང་གི་རྒྱལ་ས་ཁྲང་ཨན་ནས་དབུས་ལ་ཕེབས་སྐབས། སྨུག་པོ་ལྡོང་ཚང་གིས་མི་རྟ་བརྒྱ་ཕྲག་ཁ་ཤས་བཏང་སྟེ་མཚོ་སྐྱ་རེངས་སྔོ་རེངས་ནས་བསུ་མ་ཞུས། རྒྱ་བཟའ་ཀོང་ཇོས་ཀྱང་སྨུག་པོ་ལྡོང་ཚང་ལ་ཆོས་འཁོར་རྒྱ་ནག་མ་ཆ་གཅིག་དང་། པདྨ་ར་གའི་མཆོད་རྟེན་ལ་ཞི་བདེ་ཞེས་པའི་རྒྱ་ཡིག་ཡོད་པ་བཅས་གནང་བ་དེ་ལྡོང་ཚང་གི་ནང་རྟེན་དུ་བཞུགས། དེ་མིན་སྐབས་དེ་དུས་སུ་སྐུ་མགྲོན་བླ་དཔོན་སོགས་ཕེབས་སྐབས་མདུན་ཅོག་སྟེང་འདིང་རྒྱུ་རེད་ཅེས་རྒྱ་བྱ་དང་མེ་ཏོག །རྒྱ་ནག་ལྕགས་རི་བཅས་ཀྱི་རི་མོ་ཡོད་པའི་གདན་དམར་པོ་ཞིག་ཀྱང་ཉར་ཚགས་བྱས་ཡོད་ལ། གླིང་གི་ལྡོང་བེ་རུ་ཉི་མ་རྒྱལ་མཚན་ནས་རིམ་པར་བརྒྱུད་འོང་བ་ཡིན་ཞེས་པའི་གཞུ་དང་རལ་གྲི་ཞིག་ཀྱང་ཉར་ཚགས་བྱས་ཡོད་པར་བཤད།

ལྡོང་ཚང་གི་མཁར་རྙིང་དུ་ལོ་ངོ་ཆིག་སྟོང་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཚྭ་ཚྭ་མང་པོ་དཔར་ནས་ཉར་ཚགས་བྱས་འདུག །ཡིན་ཡང་ཚྭ་ཚྭ་ཉར་ཚགས་བྱེད་སའི་ཁང་པ་རྙིང་ཧྲུལ་དུ་གྱུར་ནས། རིན་ཐང་གཞལ་ཏུ་མེད་པའི་ཚྭ་ཚྭ་འདི་དག་ཡུན་རིང་གནས་པར་ཉེན་ཁར་ཐུག་ཡོད་པས། རིག་དངོས་སྲུང་སྐྱོབ་ཀྱི་ཐབས་ལམ་ལ་བརྟེན་ནས་ཡིག་ཚགས་སུ་འགོད་པ་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་བྱེད་པར་དངོས་གནས་གལ་ཆེན་པོ་རེད་བསམས་སོ། །གཞན་དུ་མཁར་དེའི་འདབས་ན་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་ཤེད་རྡོ་ཡིན་ཞེས་པའི་རྡོ་ཆེན་པོ་ཞིག་ཀྱང་བདག་ཉར་བྱས་ཡོད་དོ། །

མཆན།
1.ལྡོང་ཚང་ཀུན་དགའ་མཚོ་སྒྲོན་ནི་ལྡོང་ཚང་གི་བུ་མོ་ཆེ་བ་ཡིན། 2026ལོའི་ཟླ8པའི་ཚེས7ཉིན་ཡུལ་དངོས་ནས་མཚམས་སྦྱོར་བྱས།
དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་ཡིན།
1.ལྡོང་ཚང་ཀུན་དགའ་མཚོ་སྒྲོན་ནི་ལྡོང་ཚང་གི་བུ་མོ་ཆེ་བ་ཡིན། 2026ལོའི་ཟླ8པའི་ཚེས7ཉིན་ཡུལ་དངོས་ནས་མཚམས་སྦྱོར་བྱས།
དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号