སྐྲ་ལུང་། (མཇུག་གི་གཏམ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-19 08:35:49 ཀློག་གྲངས།:
མཇུག་གི་གཏམ།

       ཕ་ཡུལ་དུ་ལོག་པའི་ཉིན་དེར། སྒྲོལ་མས་མོ་བཀྲ་ལོ་ལ་སྐྱེལ་དུ་མ་བཅུག་པར་ངའི་རླངས་འཁོར་དུ་བསྡད་པ་རེད། རླངས་འཁོར་དུ་བུད་མ་ཐག་མོས་ང་ལ་ཚེ་ལོ་རྒྱ་མཚོ་ཞེས་བོས་བྱུང་། ངས་མོར་ཅིའི་ཕྱིར་ང་ལ་འདི་ལྟར་འབོད་དགོས་པ་ཡིན་ནམ་ཞེས་དྲིས། མོས་ང་ལ། འདི་ནི་ཁྱོད་ཀྱི་མིང་ཆ་ཚང་རེད། ང་ཚོས་མཉམ་དུ་འཚོ་བ་རོལ་ནས་དུས་ཡུན་དེ་འདྲའི་རིང་འགོར་སོང་། སྔོན་ཆད་ཁྱོད་ལ་ཚེ་ལོ་ཞེས་འབོད་པ་དང་། ཁུལ་དུ་སོང་རྗེས་ཡང་རྒྱ་མཚོ་ཞེས་བོས་ཏེ་མིང་ཆ་ཚང་ཞིག་གཏན་ནས་བོས་མ་མྱོང་། ངས་ད་དུང་ཕྱོགས་མང་པོ་ནས་ཁྱོད་ལ་གོ་ནོར་ཐེབས་མྱོང་། ད་དོན་དེ་དག་མི་བཤད། ད་ལྟ་བཀྲ་ལོས་ཀྱང་ང་ལ་མྱུར་དུ་གཉེན་སྒྲིག་བྱེད་པར་སྐུལ་བཞིན་འདུག བལྟས་ཡོང་ན་ང་ཚོ་དངོས་སུ་ཁ་བྲལ་བའི་དུས་ཡུན་མི་རིང་བས། ཁྱོད་ཀྱིས་ངས་ཁྱོད་ཀྱི་མིང་ནས་འདི་ལྟར་འབོད་ཆོག་པར་གྱིས་ལ། དེ་ནི་ཁྱོད་དང་གྱེས་བརྡ་བཏང་བའང་ཡིན་པར་གྱིས་ཞེས་ཟེར། ངས་ཀྱང་གཡང་སྐྱིད་སྒྲོལ་མ་ཞེས་མོའི་མིང་ཆ་ཚང་ནས་བོས་ཏེ། ད་ནི་ངས་ཀྱང་ཁྱོད་ལ་འདི་ལྟར་བོས་ན་འོས། ཁྱོད་ཀྱིས་དེ་ལྟར་བཤད་ན་ངའི་སེམས་ནི་དགའ་ཡང་དགའ་ལ་སྡུག་ཀྱང་སྡུག སྤྱིར་ཡིན་ན། ང་ཚོའི་འཚོ་བའི་ཁྲོད་དུ་འགལ་བ་དང་གོ་འཛོལ་འདྲ་མིན་སྣ་ཚོགས་བྱུང་ནས་ད་ལྟའི་གནས་བབ་འདི་འདྲ་ཞིག་ཏུ་སླེབས་བྱུང་། རེད་མོད་ཀྱང་ང་ཚོ་ལ་འདས་ཟིན་པའི་སེམས་ཀྱི་བརྩེ་བ་དངོས་མ་ཡོད་མྱོང་ལ། ད་དུང་སྙིང་རྗེ་བའི་བྱིས་པ་ཞིག་ཀྱང་ཡོད་པས། མ་འོངས་པར་ང་ཚོར་         ཁྱིམ་ཚང་གསར་བ་ཡོད་ཀྱང་ཕན་ཚུན་རྒྱུན་དུ་ཕར་འགྲོ་ཚུར་འོང་ཡོད་དགོས་ཞེས་བཤད།
       གཡང་སྐྱིད་སྒྲོལ་མར་སྨྲེངས་པ་སྐྱེས་ནས་ཨིན་ཨིན་ཨིན་ཞེས་ངུས་བྱུང།
       ཅུང་ཙམ་འགོར་རྗེས། གཡང་སྐྱིད་སྒྲོལ་མའི་ཁ་པར་གྲགས་བྱུང་། ངས། བཀྲ་ལོ་ཡིས་ཁྱོད་སྔ་མོར་སོང་ནས་སྔ་མོར་ལོག་དགོས་པའི་འཕྲིན་ཐུང་བསྐུར་ཡོང་བ་མིན་ཞེས་དྲིས། གཡང་སྐྱིད་སྒྲོལ་མས་བལྟས་ཚར་རྗེས། ཞིང་ཆེན་རིམ་པའི་མི་དོན་རྩ་འཛུགས་གཙོ་གཉེར་ལས་ཁུངས་ཤིག་གི་རྒྱུན་ལས་ཨུ་ཡོན་ལ་དོན་རྐྱེན་བྱུང་ཟིན། ཁོས་རྩ་འཛུགས་པུའུ་ཡི་ཞིབ་བཤེར་དང་ལེན་བྱེད་བཞིན་པའི་སྒང་རེད་ཅེས་ཟེར། ངས། གནད་དོན་གཙོ་བོ་ཅི་ཞིག་རེད་དམ་ཞེས་དྲིས། གཡང་སྐྱིད་སྒྲོལ་མས། ལྐོག་ཟ་ལྐོག་ལེན་ཡིན་པ་མ་ཟད། ད་དུང་སྒྲིག་འགལ་ངང་རང་ཉིད་ཀྱི་གཉེན་ཉེའི་གོ་གནས་སྤར་བས་རེད་ཟེར། ངས། དེ་ནི་ཁོའུ་ཧའོ་ཡི་ཨ་ཞང་ཡིན་སྲིད། གལ་ཏེ་དངོས་གནས་འདི་འདྲ་ཡིན་ན། ཁོའུ་ཧའོ་ཐེངས་འདིར་ཕལ་ཆེར་ཚར་རྒྱུ་རེད་ཅེས་བཤད། གཡང་སྐྱིད་སྒྲོལ་མས། དེ་ལྟར་བཤད་ན་ཨྱོན་ཡང་དེ་དང་འབྲེལ་བ་ཡོད་ཟེར། ངས།
       ཨྱོན་རྒྱན་ལ་སྐྱོན་ཆེན་པོ་མེད། ཁོ་སྔོན་ཆད་ཡུལ་ཚོར་སྡོད་སྐབས་ཁོའུ་ཧའོ་ལ་ལུག་གི་ཁྲག་རྒྱུ་འགྱིག་ཕད་འགའ་ཕུལ་བ་ཙམ་ཡིན། གལ་ཏེ་དེ་ལས་གཞན་པའི་གནད་དོན་ཅང་མེད་ན། རྒྱུ་མ་འགྱིག་ཕད་འགའ་ཡིས་དུས་ནམ་ཡང་དོན་དག་ཆུང་ངུ་ལ་ཐག་གཅོད་ཆེན་པོ་བྱེད་མི་སྲིད་ཅེས་བཤད།
       ཡང་ཅུང་ཙམ་འགོར་རྗེས། ང་ཚོས་མ་གྲོས་གཅིག་མཐུན་གྱིས་བུའི་གཉེན་སྒྲིག་གི་དོན་དག་སྐོར་གླེང་། གཡང་སྐྱིད་སྒྲོལ་མས་འགྱོད་པ་ཅུང་ཙམ་སྐྱེས་པའི་ངང་ནས། གལ་ཏེ་དང་ཐོག་ནས་རང་ཉིད་ཀྱི་བུ་དང་ཤའོ་ཡུན་གཉིས་ངོ་འཕྲད་དུ་བཅུག་མེད་ན། བུ་ཡིས་སློབ་གྲྭའི་ནང་གི་བུ་མོ་དེའི་རྗེས་འདེད་ཐུབ་ཀྱང་སྲིད། དེ་ལྟར་བྱས་ན་ང་ཚོས་ཀྱང་ཁོའི་གཉེན་སྒྲིག་གི་དོན་དག་ལ་སེམས་ཁྲལ་བྱེད་མི་དགོས་ཞེས་ཟེར། ངས། ད་ལྟ་ང་ཚོས་སྐད་ཆ་དེ་དག་བཤད་འཕྱིས་འདུག་སྟེ། སྔོན་ཆད་ཀྱི་བུ་མོ་དེ་ནི་མིང་དུ་གྲགས་པའི་མེ་ཏོག་ཡིན་པས་བདག་པོ་ཡོད་ཁོ་ཐག་ཡིན་ཞེས་བཤད།
       ང་ཚོས་ཁ་བརྡ་བྱེད་བཞིན་པའི་སྒང་ལ། ཀྲུའུ་ཕིན་གྱིས་ཁ་པར་ཡོང་ནས་ཉེ་ལམ་ངའི་གནས་ཚུལ་ཅི་འདྲ་ཡིན་པ་དྲིས་བྱུང་། ངས་རང་གི་གནས་ཚུལ་འཚམས་སྦྱོར་བྱས་རྗེས་སླར་ཡང་མོས་ཅི་ཞིག་བྱེད་བཞིན་ཡོད་ཚུལ་དྲིས། མོས་བཤད་རྒྱུར། བུ་མོས་ལོ་གཉིས་ཀྱི་སྔོན་ལ་སློབ་ཆེན་གཞན་ཞིག་གི་སྐྱེས་པ་ཞིག་བློར་བབས་པ་རེད། འོན་ཀྱང་སྐྱེས་པ་དེས་ངའི་བུ་མོར་ཆགས་མཁན་མང་པོ་ཡོད་པ་མཐོང་བས་བསྐྱུར་སོང་། ད་ལྟ་ཁོས་ངའི་བུ་མོར་ད་དུང་ཡིད་མཐུན་གྱི་དགའ་རོགས་མེད་པ་མཐོང་བས་ཡང་བསྐྱར་རེ་སྙེག་བྱེད་ཀྱི་འདུག ང་པེ་ཅིན་དུ་བུ་མོར་བལྟ་རུ་འགྲོ་རྒྱུ་ཡིན་པ་མ་ཟད། སོང་ནས་དོན་དེ་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་ཟེར།
       ཁ་པར་བཏང་ཚར་རྗེས། ང་དང་གཡང་སྐྱིད་སྒྲོལ་མས་སེམས་སུ་གློ་བུར་དུ་བུས་དེ་སྔ་འཚོལ་སྙེག་བྱས་མྱོང་བའི་བུ་མོ་དེ་ནི་ཀྲུའུ་ཕིན་གྱི་བུ་མོ་ཡིན་པའི་ཚོར་སྣང་བྱུང་། ང་ཚོས་གནས་ཚུལ་དེ་རིགས་མི་ཤེས་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོ་མཉམ་དུ་ཡོད་དུས་བྱིས་པ་ཚོའི་སྐོར་གྱི་གླེང་མོལ་ནི་ཧ་ཅང་ཉུང་ཉུང་ཡིན་པའི་རྐྱེན་གྱིས་རེད། དངོས་གནས། འཇིག་རྟེན་འདི་ཆེ་ཟེར་ན་ཆེ་སྟེ། ཆེ་ནས་མཐའ་མི་མངོན་ཞིང་མི་ལ་ཅིའི་ཕྱིར་དུ་ཡིན་པ་རྟོགས་དཀའ་བར་འཇུག་པ་དེ་ཡིན་པ་མ་ཟད། མི་ཞིག་དེར་གནས་ཡོད་པ་ནི། མྱ་ངན་ཐང་གི་བྱེ་རྡུལ་ཙམ་སྟེ། མཐའ་རུ་ལས་དབང་གིས་བསྐོས་པའི་མི་རེ་འགའ་ལས་སུས་ཀྱང་ཁྱོད་ཡོད་པ་ཚོར་མི་ཐུབ། ཡང་ཆུང་ཟེར་ན་ཤིན་ཏུ་ཆུང་སྟེ། ཆུང་ནས་བྱིའུ་གཟེབ་ཅིག་དང་མཚུངས་པར། དོན་དག་ཡོད་ཚད་ཁྱོད་ཀྱི་ཉེ་འགྲམ་དུ་འབྱུང་སྲིད་ཅིང་། སྒྲོ་སྤུ་གཅིག་ཡིན་ཡང་མི་མངོན་པའི་གནས་ཤིག་ཏུ་སྐུང་མི་ཐུབ་པ་དེ་རེད། གཡང་སྐྱིད་སྒྲོལ་མས། གལ་ཏེ་དངོས་གནས་དེ་འདྲ་ཡིན་ན་ཇི་ལྟར་བྱེད་དགོས་སམ་ཞེས་ཟེར། ངས། ང་ཚོས་ཐེ་གཏོགས་མི་བྱེད། བྱ་བ་ཡོད་ཚད་ལས་དབང་གི་བཀོད་སྒྲིག་དང་བསྟུན་པར་བྱེད་ཅེས་སྨྲས།
       ལམ་བཟང་ལ་རླངས་འཁོར་མགྱོགས། ཆུ་ཚོད་གསུམ་མ་གཏོགས་བཀོལ་མ་དགོས་པར་ང་ཚོ་གྲོང་ཚོར་ཐོན། ལམ་འགྲམ་དུ་མི་གཉིས་རེ་གསུམ་རེ་སྐོར་རེ་བྱས་ཏེ་ལག་ཏུ་ཇ་དང་ཁ་བཏགས་སོགས་དངོས་པོ་སྣ་ཚོགས་བཟུང་ནས་དུས་ངེས་མེད་དུ་ངེད་ཚང་ལ་འགྲོ་བཞིན་པ་མཐོང་ཐུབ། ཚོ་བའི་མི་རྣམས་སྔ་མོ་ནས་ཁྱིམ་དུ་སླེབས་ཏེ་ཕྱི་ནང་གང་སར་བྲེལ་བཞིན་ཡོད། ཚོ་དཔོན་གྱིས་ངས་རླངས་འཁོར་བསྐོར་ནས་ལོག་པ་མཐོང་བས་ང་དགོན་པར་སྤྲུལ་སྐུ་དང་དགེ་འདུན་པ་གདན་འདྲེན་ཞུ་རུ་མངགས་བྱུང་། ངའི་ནུ་བོས་སྔོན་ནས་དུས་ཆད་བྱས་ཡོད་པ་བཞིན་རླངས་འཁོར་བསྐོར་ནས་དགོན་པར་སོང་། ངས་སྤྲུལ་སྐུ་དང་དགེ་འདུན་པ་གསུམ་བཅས་དྲུད་ནས་ཡང་བསྐྱར་གྲོང་ཚོར་སླེབས་དུས། མི་ཞིག་གིས་གདན་ཞུའི་དུང་དཀར་བུས་བྱུང་། སྒོའི་ཕྱི་རུ། ཚོ་བའི་མི་རྣམས་གྲལ་སྟར་གཉིས་སུ་བསྒྲིགས་ཤིང་། ལག་ཏུ་ཁ་བཏགས་བཟུང་སྟེ་ལུས་དུད་ནས་སྒུག་འདུག སྒོ་ཁར་རྡོ་ཐལ་དཀར་པོས་ཆེད་དུ་སྤྲུལ་སྐུ་མཆོག་ལ་བསུ་བ་ཞུ་བའི་བཀྲ་ཤིས་རི་མོ་ཆེན་པོ་བྲིས་ཡོད། སྤྲུལ་སྐུས་མཇལ་དར་རེ་རེ་བཞིན་སླར་མཇལ་བ་སོ་སོའི་སྐེ་རུ་འཕངས་རྗེས། བཀྲ་ཤིས་པའི་རི་མོའི་སྟེང་ཞབས་ཀྱིས་བཀྱགས་ཏེ་ནང་དུ་ཕེབས་པ་རེད།
       སྤྲུལ་སྐུ་དང་བཅས་པ་དབུས་ཁང་གི་ཚ་ཐབ་ཆེན་པོའི་སྟེང་དུ་བཀོད་སྒྲིག་བྱས་ཤིང་། ཚ་ཐབ་ཀྱི་སྟེང་དུ་བཞུགས་གདན་གསར་བ་བཏིང་ཡོད། སྤྲུལ་སྐུ་དཀྱིལ་དུ་བཞུགས་ཤིང་དབུའི་སྟེང་ཕྱོགས་སུ་གུས་པའི་བཞུགས་གནས་མཚོན་པའི་ཁ་བཏགས་སེར་པོ་ཞིག་བཀལ་ཡོད། ཞལ་ཟས་ཕྲན་བུ་བཞེས་ནས་ངལ་གསོ་ཅུང་ཙམ་བྱས་རྗེས་ཞལ་འདོན་གྱི་མགོ་བརྩམས། ཞལ་འདོན་གསུང་དུས། ཚོ་བའི་ཕོ་མོ་རྒན་གཞོན་ཚང་མས་གཅིག་རྗེས་ཉིས་མཐུད་དུ་གུས་ཕྱག་ཕུལ། ཐོག་མར་ཨ་ཕས་ཕྱག་འཚལ་ཞིང་། དེ་ནས་གཞན་རྣམས་ཀྱིས་འཚལ། ངའི་མཚམས་སུ་སླེབས་དུས། ཨ་ཕས་ང་དང་ཆུང་མས་མཉམ་དུ་པུས་མོ་ས་རུ་བཙུགས་ནས་ཕྱག་འཚལ་དགོས་ཟེར། ངས་མྱུར་དུ་གཡང་སྐྱིད་སྒྲོལ་མ་བོས་ཡོང་ནས་ཕྱག་འཚལ་བའི་མཛད་སྒོ་ལེགས་གྲུབ་བྱས།
       དགོང་མོ་སྤྲུལ་སྐུ་དང་བཅས་པ་ཕྱིར་བསྐྱལ་ཟིན། ཨ་ཕས་ང་དང་གཡང་སྐྱིད་སྒྲོལ་མར་སོ་མ་ལས་ནས་གྲུབ་པའི་ཉལ་ཁང་ཞིག་བཀོད་སྒྲིག་གནང་། ངས། ང་ཨ་ཕ་དང་མཉམ་དུ་ཉལ་རྒྱུ་ཡིན། ང་ཚོ་ལྷན་འཛོམས་ཉུང་ཞིང་གྱེས་བྲལ་མང་བས་ཁ་བརྡ་བྱེད་པའི་གོ་སྐབས་ལྡན་དཀའ་ཞེས་བཤད། ཨ་ཕས་གཡང་སྐྱིད་སྒྲོལ་མའི་བསམ་ཚུལ་ཡང་དེ་ལྟར་ཡིན་པ་མཐོང་བས་གཞན་ཅི་ཡང་མ་བཤད།
       ཉིན་གཉིས་པའི་ཞོགས་པར། ཨ་ཕས་ཞོགས་ཟས་ཟ་བའི་དུས་སུ་ང་དང་གཡང་སྐྱིད་སྒྲོལ་མར། ང་རང་ཉིད་ཀྱི་བྱ་བ་བསྒྲུབས་ཚར་སོང་། ད་ལྟ་ངས་ཆེས་དྲན་པ་ནི་ང་ཡི་སྲིང་མོ་སྟེ། གཡང་སྐྱིད་སྒྲོལ་མའི་ཨ་མ་རེད། མོ་ནི་ངའི་སྲིང་མོ་ངོ་མ་མིན་ཡང་ངོ་མ་ལས་ཀྱང་སྙིང་ཉེ་བ་ཡིན། མོ་ང་ཚོ་དང་བྲལ་ནས་ཡུན་རིང་འགོར་སོང་། མོ་འཇིག་རྟེན་དང་བྲལ་རྗེས་ང་ད་ལྟའི་བར་མོའི་དུར་སའི་མདུན་དུའང་སོང་མ་མྱོང་བས། དེ་རིང་ང་ཚོ་ཐེངས་གཅིག་འགྲོ་ཟེར། དེར་ང་དང་གཡང་སྐྱིད་སྒྲོལ་མ་ཡང་ཤིན་ཏུ་ཐད་དེ། ང་ཚོ་དུས་ཡུན་རིང་པོར་ཕྱི་རོལ་དུ་ཡོད་པས། མེས་པོར་མཆོད་འབུལ་བྱེད་པའི་གོ་སྐབས་ཧ་ཅང་ཉུང་། སྐབས་འགར་དྲན་ཡོང་དུས་སེམས་སུ་གནོང་འགྱོད་ཆེན་པོ་སྐྱེས་པ་རེད།
       འགྲོ་ཁར་ཨ་ཕས་འཁོར་སྒམ་ནང་དུ་དངོས་པོ་ཁུག་མ་གཅིག་བཞག གཡང་སྐྱིད་སྒྲོལ་མས་དེ་ཅི་ཞིག་ཡིན་ནམ་ཞེས་དྲིས་པར། ཨ་ཕས་འདྲི་མི་དགོས། སྐབས་དེར་སླེབས་ན་ཤེས་ངེས་ཞེས་ཟེར།
       དུར་ཁྲོད་དུ། སྒྱུག་མོའི་དུར་སའི་སྟེང་དུ་སྔ་ས་ནས་རྩྭ་ཡན་གྱིས་ཁེངས་ཤིང་། སྐྱེར་མའི་མེ་ཏོག་ཚོམ་བུ་ཞིག་སྤྲོ་སེམས་འཁོལ་བའི་ངང་ནས་བཞད་འདུག དུར་སའི་མདུན་དུ་དུད་དྲེག་ཆགས་པའི་རྡོ་ལེབ་ཅིག་ཡོད་ཅིང་། ང་དང་གཡང་སྐྱིད་སྒྲོལ་མས་འཁྱེར་བའི་བུད་ཤིང་བླངས་ནས་རྡོ་ལེབ་སྟེང་དུ་སྦར་ཞིང་། ཀ་ར་དང་། ཤ་ཕྲན། རྒོད་སྐྱེས་མེ་ཏོག་སོགས་ཀྱིས་གྲུབ་པའི་བསང་རྫས་ཕུད། ཨ་ཕས་ཁོའི་ཐུམ་ཁྲེས་ཁྱེར་ཡོང་། ཁ་ཕྱེས་ནས་ལྟ་དུས་སྐྲ་ལུང་ཆ་གཅིག་རེད། སྐྲ་ལུང་གི་གོང་ཁར་དར་སྐུད་ཀྱིས་པདྨའི་མེ་ཏོག་དང་རྨ་བྱ་སོགས་སྲོག་ཆགས་དང་རྩི་ཤིང་གཙགས་ཡོད་ཅིང་། འོག་གི་མཐའ་བཞིར་ཚོན་མདོག་སྣ་བདུན་གྱི་གོས་སྐུད་ཀྱིས་བརྒྱན་ཡོད་ལ། དཀྱིལ་དུ་གཡུ་བྱུར་མུ་ཏིག་གིས་བརྒྱན་ཡོད། བལྟས་ཚོད་ཀྱིས་ཅུང་ཙམ་རྙིང་ཡོད་ཀྱང་སྔར་བཞིན་སྤུས་ལེགས་དང་རྩ་ཆེན་རེད།
       ང་དང་གཡང་སྐྱིད་སྒྲོལ་མས་མིག་ཆེར་ཕྱེས་ཏེ་ཨ་ཕའི་ལག་གི་སྐྲ་ལུང་ལ་གྱེར་ནས་ཅི་ཡིན་འདི་ཡིན་མ་ཤེས་པར་རྒྱུ་མཚན་དྲིས།
       ཨ་ཕ་ན་རེ། ཁྱོད་ཚོས་ད་དུང་སྔོན་ཆད་ངས་བཤད་པའི་སྐྲ་ལུང་གི་གཏམ་རྒྱུད་དྲན་ནམ་ཟེར།
       ང་དང་དངུལ་སྐྱིད་སྒྲོལ་མས། དྲན་འདུག་ཅེས་པར།
       ཨ་ཕས། དེ་ནི་དོན་དངོས་ཞིག་ཡིན་མོད། འོན་ཀྱང་ངས་ཁྱོད་ཚོ་འདུག་སྟེགས་ཨང་ཀི་བཞིན་དུ་འདུག་ཏུ་མི་འཇུག་པའི་ཆེད་དུ། གྲོང་ཚོ་གཞན་དུ་བྱུང་བའི་གཏམ་རྒྱུད་ཅིག་ཏུ་བསྒྱུར་པ་ཡིན་ལ། གཏམ་རྒྱུད་ཁྲོད་ཀྱི་ཕུན་ཚོགས་དང་བདེ་སྐྱིད་འཚོའི་བུ་མོ་ངོ་མའམ། ཕྱིས་སུ་ཨ་ཞང་ཚང་ལ་མནའ་མར་བརྫངས་པའི་བུ་མོ་དེ་ཕུན་ཚོགས་ཀྱི་ནུ་བོའི་བུ་མོར་བཤད་པ་ཡིན། གཏམ་རྒྱུད་དེའི་ཁྲོད་ཀྱི་གནོད་འཚེ་ཐེབས་པའི་བུ་མོ་དེ་དོན་དངོས་སུ་ས་འོག་གི་འདས་པོ་རང་ཡིན་ནོ་ཟེར།
       ངས། ཨ་ཕ་ལགས། དེ་ལྟར་བཤད་ན་མནའ་མ་བསྐྱལ་རྗེས་བཙོན་བཀག་བྱས་པའི་ཨ་ཞང་དེ་དག་སྤོ་བོ་ཁོ་ཚོ་མ་ཡིན་ནམ་ཞེས་པར།
       ཨ་ཕས། ཡིན་ཏེ། ད་དུང་ཁྱོད་ཀྱི་རྨོ་བོས་སྐྲ་ལུང་ཆ་གཅིག་གིས་མག་པ་གདུག་རྩུབ་ཅན་ལ་རྡུང་སོང་ཟེར།
       གཡང་སྐྱིད་སྒྲོལ་མས། དེ་ལྟར་བཤད་ན་སྐྲ་ལུང་ཆ་གཅིག་འདི་ནི་ངའི་ཕྱིའི་རྨོ་མོ་ལགས་ཀྱི་ཡིན་ངེས་རེད་ཟེར།
       ཨ་ཕས། ཡིན་ཏེ། ཁོ་མོ་ཚེ་ལས་འདའ་ཁར་རང་གི་བུ་མོ་བདེ་སྐྱིད་འཚོ་ལ་བྱིན་མོད། འོན་ཀྱང་བདེ་སྐྱིད་མཚོས་དེ་ལས་ལྡོག་སྟེ་ཉིན་གཅིག་ལའང་བཏགས་མ་མྱོང་། མོས་བཤད་པ་ཡིན་ན། སྐྲ་ལུང་དེའི་ཁ་ལས་སྔོན་ནས་མི་ངན་ཞིག་གིས་ཉམས་དམས་སུ་བཏང་སོང་། མི་ངན་དེ་སྔར་བཞིན་རང་དང་གྲོང་ཚོ་གཅིག་གི་ནང་དུ་འཚོ་ཡོད་མོད། འོན་ཀྱང་ཁོའི་བྱིས་པ་ཚོ་ཉེས་མེད་ཡིན་པས། གལ་ཏེ་གྲོང་ཚོའི་ནང་བཏགས་ཚེ་ཁོའི་ཁྱིམ་མི་ཚོས་མཐོང་ན་མི་བཟང་། དེ་བས་ཕ་མའི་ཁྱིམ་དུ་དྲན་གསོར་བཞག་ན་འོས་ཞེས་བཞག་པ་ཡིན། ཕྱིས་སུ་བདེ་སྐྱིད་མཚོས་ཕ་མའི་ཁྱིམ་གྱི་དྲིན་ལན་གསབ་པའི་ཕྱིར་དུ་རང་གི་བུ་མོ་ང་ཚོར་མནའ་མར་བྱིན་རྗེས། ང་ཚོས་དེ་བས་སྐྲ་ལུང་འདིར་གཅེས་པ་ཡིན། དེ་ལྟར་སྔོན་ཡང་མེས་ཚོའི་སྐབས་ཀྱི་ཁྱིམ་གཉིས་ཀྱི་གྱོད་གཞི་མུ་མཐུད་མི་འབྱུང་བའི་ཆེད་དུ་ངས་དོན་དངོས་ཇི་བཞིན་མ་བཤད་པ་ཡིན། རྒན་རྒོན་རྣམས་སྔ་རྗེས་སུ་གྲོངས་པ་དང་ངས་སྐྲ་ལུང་འདི་ཤུལ་བཞག་གི་དངོས་པོར་རྩིས་ནས་གཡང་སྐྱིད་སྐྱིད་སྒྲོལ་མར་བཅོལ་འདང་ཡོད་མོད། འོན་ཀྱང་ངས་ཤེས་པ་ཡིན་ན་ཁྱོད་གཉིས་སྐབས་རེ་མཉམ་མཐུན་ཡོང་གི་མེད། དུས་འདིར་ང་ཆེས་འགྱོད་པ་ནི་སྐབས་དེར་བརྩེ་མདངས་ལ་བརྟེན་ནས་བྱ་བ་སྒྲུབ་ནོར་བ་སྟེ། བདེ་སྐྱིད་འཚོའི་སྐད་ཆར་ཉན་ནས་ཁྱོད་ཚོ་བཟའ་ཟླར་གྱུར་བ་དེ་རེད། ངས་ཤེས་ཡོད་དེ། ད་ལྟ་ཁྱོད་གཉིས་ཀྱི་གཉེན་བསྒྲིགས་ནི་ཆེས་མཐའ་མཇུག་ཏུ་སླེབས་ཡོད་པ་དང་། ཁྱོ་ཤུག་གི་འབྲེལ་བ་ཟེར་བ་དེའང་ཟློས་གར་འཁྲབ་ནས་ང་ལ་ལྟ་རུ་བཅུག་པ་ཙམ་ཡིན་པ་དེ་རེད། སྐྲ་ལུང་ལ་ཕན་ཐོགས་མེད་སོང་བས། སྔར་བཞིན་འདས་པོར་ཕྱིར་སྤྲད་ན་འོས་ཞེས་སྨྲ་བཞིན་དུ་མེར་བསྲེགས་མགོ་བརྩམས།
       གཡང་སྐྱིད་སྒྲོལ་མས་གློ་བུར་དུ་ཨ་ཕའི་ལག་ནས་སྐྲ་ལུང་འཕྲོག་ཅིང་། སླར་ངའི་སྟེང་དུ་མཆོངས་ཡོང་སྟེ་ལུས་སུ་དམ་པོར་འཐམས།
       མཇུག་མཐའི་ཟིན་ཐོ།
       ཁོ་བོས་རྩོམ་རིག་བརྩམས་ཆོས«རྣམ་པར་བཀྲ་བའི་ས་མཐོ»ཞེས་པ་འགྲེམས་སྤེལ་བྱས་རྗེས། མུ་མཐུད་ནས་བརྩམས་སྒྲུང་རིང་གྲས་ཞིག་འབྲི་ཆར་ཡོད་མོད། བྱ་བའི་བྲེལ་དབང་གིས་ཡང་ཡང་སྨྱུག་ཁ་བསྒྱུར་ཁོམ་མ་བྱུང་། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བ་བདུན་པར། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་བོའི་སློབ་ཚོགས་ཀྱིས་ཐེངས་དང་པོར་རྩོམ་པ་བོའི་མཐུས་ཚབ་རྩ་འཛུགས་བྱས་ནས་ཨུ་རུ་སུར་རིག་གནས་སྤེལ་རེས་བྱ་འགུལ་དུ་ཕྱི་འགྲིམས་བྱས་ཤིང་། ཁོ་བོའང་ཚོགས་པའི་མི་སྣ་ཞིག་ཏུ་གྱུར་ཞིང་བྱ་འགུལ་དེར་ཞུགས་པའི་སྐལ་བཟང་སྨིན། ཕྱི་འགྲིམས་ཀྱི་སྐབས་སུ། ཨུ་སུ་སུ་དང་ཀྲུང་གོའི་ཕྱི་སྡོད་གཞུང་ཚབ་ཁང་གིས་ལྷག་བསམ་ཆེན་པོས་དགའ་བསུ་སྣེ་ལེན་བྱས་ལ། མཐུས་ཚབ་ཚོགས་པས་སྔ་གཞུག་ཏུ་ཧྲིན་པེ་ཏི་པོ་སློབ་ཆེན་དང་། ཨུ་རུ་སུ་སློབ་ཆེན། འཛམ་གླིང་རིག་གནས་ཤུལ་བཞག་ཧྥུ་ལ་ཅེ་མེ་ཨེར། སའོ་ཚི་ཏ་ལེ་སོགས་ས་གནས་དང་། ཁོང་ཙིའི་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོའི་ཕྱི་སྡོད་ཨུ་རུ་སུའི་རིག་གནས་འགན་ཚབ་སོགས་མི་སྣར་འཚམ་འདྲི་དང་ལྷག་བསམ་ཁོལ་བས་སྤེལ་རེས་བྱས། ཕྱིར་ལོག་རྗེས། «འོད་ཟེར་ཚགས་པར»ཁང་དང་། «རྩོམ་བསྡུས་ཚགས་པར»ཁང་སོགས་རྒྱལ་ཡོངས་སྨྱན་སྦྱོར་ཆེ་ཁག་སོ་སོས་ཐེངས་འདིའི་ཕྱི་འགྲིམས་ཀྱི་ཚུལ་ཡོངས་བསྒྲགས་སྤེལ་བྱས། «མཚོ་སྔོན་ཚགས་པར»ཁང་སོགས་ཞིང་ཆེན་ནང་ཁུལ་གྱི་དྲ་རྒྱ་སོ་སོར་ཡང“རང་རེའི་ཞིང་ཆེན་གྱི་བོད་རིགས་རྩོམ་པ་བོ་ལྷ་མོ་རྒྱ་མཚོ་ཨུ་རུ་སུར་རིག་གནས་བྱ་འགུལ་དུ་བསྐྱོད་པ”ཞེས་པའི་ཁ་བྱང་སྦྱར་ཏེ། ཞིང་ཆེན་ནང་ཁུལ་དུ་ཕྱི་འགྲིམས་བྱ་འགུལ་དུ་ཞུགས་མྱོང་བའི་བོད་རིགས་རྩོམ་པ་བོ་གཅིག་པུ་ཁོ་ཆེད་དུ་ཁྱབ་བསྒྲགས་བྱས། སྙན་གྲགས་འོག་ཏུ་དོན་དངོས་འཁྱོལ་དཀའ་སྟེ། ཉིན་འགའི་འོད་སྟོང་དང་གཟི་བརྗིད་འདས་རྗེས་སེམས་སུ་སྔ་ན་མེད་པའི་གནོན་ཤུགས་ཀྱིས་མནར་ཡོང་། སེམས་སུ། ཁོ་བོས་ངེས་པར་དུ་ཤུགས་རྐྱེན་ཐེབས་པའི་རྩོམ་ཡིག་ཅིག་བྲིས་ཏེ་རང་གི་རྒྱལ་ཁབ་དང་། མི་རིགས། མ་མཐའ་ཡང་རང་གི་ཡུལ་མི་གཉེན་ཉེ་རྣམ་པར་དྲིན་ལན་འཇལ་ཐུབ་དགོས་སྙམ་བྱུང་། སེམས་ཀྱི་འཁྱེར་སོ་འདི་འདྲ་དང་། སྐབས་དེར་སྲིད་གཞུང་གིས་སྔོན་ལ་ལུས་ཁྱུར་ངལ་གསོ་བྱས་ཆོག་པའི་དམིགས་བསལ་གྱི་སྲིད་ཇུས་ལག་བསྟར་འོག་ཏུ། ཁོ་བོ་སྔོན་ལ་ལས་ཁྱུར་ངལ་གསོ་བྱས་ཞིང་བརྩམས་སྒྲུང་འདི་འབྲི་མགོ་བརྩམས། བློས་བསླངས་ནི་སླ་མོ་ཞིག་ཡིན། དུས་ཚོད་མང་པོ་མ་འགོར་བར་གཞི་རྩའི་སྒྲིག་གཞི་ཁོལ་བྱུང་། སྒྲིག་གཞིའི་ཁྲོད་དུ་ཁ་སྣོན་བྱེད་དགོས་པའི་ནང་དོན་ཡང་ཁོ་བོར་ཆ་རྒྱུས་ཡོད་པའི་འཚོ་བ་ཡིན་པས་དཀའ་ལས་མང་པོ་མ་བརྒྱུད་མོད། འོན་ཀྱང་དག་བཅོས་ཇེ་ལེགས་སུ་གཏོང་པའི་སྐབས་སུ་དཀའ་ཁག་མི་ཉུང་པར་བརྒྱུད། ཁོ་བོ་སློབ་གྲྭར་ཞུགས་པའི་དུས་ཡུན་ཤིན་ཏུ་ཐུང་སྟེ། ལོ་བཅུ་གསུམ་སྐབས་སུ་ད་དུང་ཁྱིམ་གྱི་ཕྱུགས་རྫི་ཡིན་ཞིང་། ལོ་བཅུ་བཞིའི་སྟེང་ད་གཟོད་སློབ་སྒོར་འགྲིམས་ནས་སློབ་ཆེན་མཐར་ཕྱིན་བར་ལོ་བདུན་ལས་མ་འགོར་ལ། ཏག་ཏག་ལོ་དེ་རིང་ནི་རིག་གསར་གྱི་སྐབས་ཡིན་པས་སློབ་མས་ད་དུང་བཟོ་ལས་སློབ་པ་དང་། ཞིང་ལས་སློབ་པ། དམག་ལས་སོགས་སློབ་དགོས། དེའི་ཕྱིར། སློབ་གྲྭར་རིག་གནས་སྦྱོང་སྐལ་མང་པོ་མ་བྱུང་མོད་ཀྱང་། ང་དེ་ལྟར་དེ་རིང་གི་འདུན་པ་དང་སང་ཉིན་གྱི་སྤྲོ་བར་འཐམས་ནས་གོམ་པ་འཁྱར་འཁྱོར་ངང་རྒྱུ་མ་ཕྲ་མོ་ལྟ་བུའི་གསར་རྩོམ་གྱི་ལམ་ཁར་ཞུགས། མི་ལ་ལས་ང་ནི་རྫི་དཔོན་ལས་བྱུང་བའི་རྩོམ་པ་བོ་རེད་ཅེས་ཀུ་རེ་རྩེ་བ་ནང་བཞིན་དོན་དངོས་ཀྱང་དེ་ལས་མ་འདས། དེ་ཡིན་པའི་རྐྱེན་གྱིས། ང་ལ་ཆེས་དཀའ་བ་ནི་སྐད་ཆའི་རི་མོ་རེད། ནམ་ཡང་རྩོམ་ཡིག་ཅིག་བྲིས་མ་ཐག་སྤྲོ་བས་རབ་ཏུ་བརྟས་ཀྱང་། རིམ་གྱིས་ཡང་སྐད་ཆའི་སྟེང་ནས་མི་འདང་ས་ཧ་ཅང་མང་པ་མཐོང་། ཡང་དང་བསྐྱར་དུ་དག་བཅོས་བྱས་རྗེས་ངས་རྩོམ་ཡིག་འཁྱེར་ཏེ་ཞིང་ཆེན་ནང་ཁུལ་གྱི་བརྩམས་སྒྲུང་མཁན་པོ་དང་། བོད་རྒྱའི་ལོ་ཙཱ་བ་གྲགས་ཅན། སྙན་ངག་མཁན་པོ་དག་གི་སྤྱན་སྔར་ཕུལ། ཚང་མས་གཟིགས་རྗེས་སོ་སོས་སྤྲོ་སེམས་འཁོལ་བའི་འཕྲིན་ཐུང་བསྐུར་ཡོང་བ་རེད། བརྩམས་སྒྲུང་པས། བརྩམས་སྒྲུང་དབུགས་ཐེངས་གཅིག་གིས་བཀླགས་ཚར། རྒྱུ་མཚན་ནི་མིའི་ཡིད་སེམས་འགུགས་པས་སོ། །ཞིབ་འབྲི་དང་། གྲུབ་སྟངས། སྐད་ཆ་ཡོད་ཚད་ཀྱང་གནད་དུ་ཐིངས་འདུག་ཅེས་ཟེར། སྙན་ངག་པས། སྐད་ཆ་ཞིབ་འབྲི་བག་བྲོ་ཞིང་མཚན་ཉིད་དང་ལྡན་ལ། གཏམ་རྒྱུད་ཇི་ལྟར་མཇུག་ཏུ་སླེབས་ཚེ་དེ་ལྟར་ངོ་མཚར་ཆེ་ཞིང་། འགལ་ཟླ་འབུར་དུ་ཐོན་ལ་མཐོ་རླབས་འཕྱུརབ་མ་ཟད། ཤར་ཕྱོགས་བོད་པའི་སྲོལ་རྒྱུན་རྟོགས་འདོད་པར་རིན་ཐང་གཞལ་དུ་མེད་ཅེས་ཟེར། ཁོང་རྣམ་པའི་གཟེངས་བསྟོད་ཀྱིས་ང་ལ་ཡིད་ཆེས་བསྩལ་བྱུང་། ཁོང་རྣམ་པས་བཏོན་པའི་མི་འདང་ས་ཁ་ཁེར་ལ་ངས་བཟོ་བཅོས་བྱས་ཤིང་མ་གདན་གཏན་ལ་ཕབ། ད་ལྟ། རྩོམ་ཡིག་ཀློག་པ་བོའི་སྤྱན་སྔར་བསྟར་རན་པས། དོན་དངོས་སུ་ག་འདྲ་ཞིག་ཡིན་མིན་ཀློག་པ་བོ་དང་ཆེད་མཁས་གྲོགས་པོ་དག་གིས་དཔྱད་བརྗོད་བྱ་འོས་སོ། །
       མཇུག་མཐར། དེབ་འདི་དང་མཉམ་དུ་ཁོ་བོར་ཐུགས་འཁུར་དང་རོགས་རམ་མཛད་པའི་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པའོ། །

ལྷ་མོ་རྒྱ་མཚོས།
ཉིས་སྟོང་ཉེར་དྲུག་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཟི་ལིང་མཁར་ནུབ་དཔེ་མཛོད་ཁང་དུ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།