སྤེན་པ་དོན་གྲུབ་ཀྱི་སྙན་ངག་ཁག་གསུམ།
རྩོམ་པ་པོ།:སྤེན་པ་དོན་གྲུབ།
ཡོང་ཁུངས།:«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»
དུས་ཚོད།:2026-02-25 18:08:55
ཀློག་གྲངས།:
སྟོན་ལོ་སེར་པོ་ཟག་སོང་།
སྟོན་ཆར་ཟིམ་མོས་བངས་པའི་སྟོན་ལོ་སེར་པོ་ལྗོན་རྩར་ཟག་སོང་།
དཔེར་ན། ཚེ་སྲོག་གི་འབྲུ་གུ་སྨིན་ནས་ཐང་ལ་ལྷུང་བ་ནང་བཞིན།
ད་ནི་སྐྱེ་འཆིའི་གནས་ལུགས་ལ་གསལ་འདེབས་བྱ་དགོས་མི་འདུག
ནམ་ཞིག སྟོན་ཆར་ཟིམ་མོ་འབབ་མཚམས་ཆད་ན།
བད་དང་བ་མོའི་འབབ་མཚམས་ཀྱང་ཆད་སྲིད།
དེ་ནས་ཁ་བ་འབབ་སྲིད། ཁ་བའི་རྡོག་པོ།
ཉི་འོད་འོག་འོད་ཀྲིག་ཀྲིག་བྱེད་དུས།
ས་གཞིའི་བྲང་ཁ། ཁྱོད་ཀྱི་སེམས་པའི་འཇིག་རྟེན་ལྟར་དྲི་མེད་དྭངས་གཙང་ངོ་།
ཇོ་ཇོ། ལོ་མང་མ་ཕྲད་མ་ཐུག་པའི་ཡིད་དུ་འོང་བའི་ཇོ་ཇོ།
གཙང་པོས་འཕྲེད་གཞུང་བཅད་པའི་སྟོན་ཟླ་རིང་མོ་འདིར།
ཁྱོད་ནི་རང་གི་ཁེར་རྐྱང་སྲུང་མཁན་གྱི་གསེར་གྱི་ཁྱེའུ་དེའོ། །
ཕེབས་ཤོག དྲན་གདུང་གི་སྤྱིལ་བུར་སྟོན་རླུང་སིལ་སིལ་དུ་ལྡང་ནའང་།
བདག་གི་སེམས་པའི་མཆོད་སྟེགས་དྲོན་མོར་ཁྱོད་རང་བཞུགས་ཆོག
ཁྲུང་ཁྲུང་གི་གཤོག་སྣེས་དྲངས་པའི་སྟོན་ཟླ་རིང་མོའམ།
ཡང་ན། ཁ་བ་འབབ་བཞིན་པའི་སྲོད་ཀྱི་ནམ་དུས་ཤིག་ལ།
བདག་གི་དྲན་གདུང་གི་མར་མེ་གཟིམ་ན།
བདག་གི་ཤ་ཁྲག་གདོས་བཅས་ཐོར་ཞིག་ཏུ་གྱུར་ན།
ཁྱོད་རང་ལམ་དུ་ཆས་པའི་རྒྱབ་གཟུགས་ལ་ལྟ་མཁན་དེ་ཡང་སྙིང་སུ་ཞིག་ཡིན་ཆོག
འབྲུ་གུ་སྨིན་ན་ཐང་དུ་ལྷུང་སྲིད།
སྟོན་ལོ་སེར་པོ་ལྗོན་རྩར་ཟག་སྲིད།
ཇོ་ཇོ། རང་མདོག་གསེར་ཆུས་བྲན་པའི་གསེར་གྱི་ཁྱེའུ།
གཙང་པོའི་ཕར་ངོགས་ཀྱི་གྲུ་ཁར་ཁ་བ་འབབ་དུས།
ངས་ཁྱོད་དང་མཉམ་དུ་ཕྱི་ལོའི་སྟོན་ཟླ་འཆར་རྒྱུར་སྒུག་ཆོག
སྟོན་ལོ་སེར་པོ་ཟག་སོང་།
ཁྱོད་རང་ལམ་དུ་ཆས་ཉིན་གྱི་མི་ཁ་དང་ལྷན་དུ་ཟག་སོང་།
ཁྱོད་རང་ལམ་དུ་ཆས་སོང་།
ལྟག་རྒྱབ་ཀྱི་སྐྲ་ལོ་རྟ་ཕོའི་ཟེ་བ་ནང་བཞིན་སྟོན་རླུང་གིས་གཡོབ་བཞིན་འདུག
ཀོག་ཧྥེ་འཐུང་ཞོར་དུ།
གྲོང་ཁྱེར་གྱི་འདུ་འཛིའི་ཕ་རོལ་གྱི་རི་རྩེའི་སྤྲིན་དཀར།
དེའི་འོག་གི་སྤང་རི། ནགས་ཀླུང་། ཞིང་ཐང་།
དགོན་པའི་རྒྱ་ཕིབས། རི་གྲོང་གི་སྐྱ་ལམ།
མ་ཡུམ་གཙང་པོ། ས་གཞི། ནམ་མཁའ།
ལྷ་ཚོགས་ཀྱིས་བཞེངས་པའི་ལྡེབས་རིས་ནང་བཞིན།
བདག་གི་དྲན་འཆར་གྱི་ངོས་གཞན་ཞིག་འགྱུར་བཞིན་འདུག
ཆུང་མ། ཀོག་ཧྥེ་ཕོར་པ་གང་གི་བྲོ་བའི་ཚུལ་དུ། དེ་དག་རེ་རེ་བཞིན།
གྲོང་ཁྱེར་འདིའི་སྡོད་ཤག་གྲུ་བཞི་འདིར།
བདག་གིས་ཉམས་སུ་མྱངས་ན་ཆོག་གམ། གལ་ཏེ་ཆོག་ན།
ཀོག་ཧྥེའི་བྲོ་བར་རོ་གཅིག་བསྐྱིལ་བའི་དྲན་འཆར་ཐན་ཐུན།
སྣུམ་ཚོན་རི་མོའི་ཚོན་རིས་སམ། རྡོ་རྐོས་རི་མོའི་རྐོས་རིས་ལྟར།
ནམ་ཞིག དྲན་པས་མ་འཇིག་ཚོར་བས་མ་ཉམས་ཀྱང་།
མི་འདོད་ཆུ་ཡིས་འཇིགས་ན། མེ་ཡིས་འཚིགས་ན་ཅི་འདྲའི་ཕངས་ཨང་།
ཆུང་མ། གྲོང་ཁྱེར་གྱི་ནམ་སྨད་ཀྱི་ལམ་སྒྲོན་གཟིམ་དུས།
དེ་དག་མ་ལུས་པ་སླར་ཡང་རྨི་ལམ་ན་བློས་བསླངས་བྱས་ན་ཨེ་ཆོག
ཆུང་མ། བདག་གིས་ལམ་མདོའི་ཀོག་ཧྥེ་ཁང་གི་ཡང་ཐོག་ཏུ།
ཀོག་ཧྥེ་འཐུང་ཞོར་དུ་རྟག་ཏུ་དེ་ལྟར་སེམས་བཞིན་ཡོད།
རྡོ་རིང་།
ངོ་གདོང་སྨུག་པོས་བརྐོས་པའི་ལས་ཀྱི་ཁ་ཡིག
ཁ་ཆར་བུ་ཡུག ཉི་མ་དང་ཟླ་བ།
རླུང་གིས་གཡོས་པའི་ས་ཆུ་རི་བྲག་གི་དྲི་མ།
རྡོ་བའི་བྲང་ཁར་བཏབ་པའི་ཚིག་འབྲུའི་མེ་ཏོག
རྟ་ཕོའི་རྨིག་སྒྲ། ཉི་ཟླའི་འཆར་ནུབ།
གསང་བ་མ་ལུས་པའི་མེ་ལོང་།
ས་གཞིའི་སྒལ་ཚིགས་ནས་ཡར་ཡར་འགྲེངས་ཏེ།
ཉི་ཟླ་རྣ་རྒྱན་དུ་བཞེས།
སྤྲིན་པའི་ཅོད་པན་བཅིངས།
ང་རང་རྟག་ཏུ་མདུན་དུ་བཅར་དུས།
ས་གཞིའི་རྡོ་བའི་ཀ་བ་ཉག་གཅིག
མི་སྨྲ་བའི་རྟུལ་ཞུགས་འཆང་མཁན་གྱི།
རྫུན་མི་སྨྲ་བའི་རྟ་རྫི་དེ་ཡིན་སྣང་འཆར།
རྩོམ་པ་པོ་ངོ་སྤྲོད།
སྤེན་པ་དོན་གྲུབ། ༡༩༧༣ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གཞུ་ཕུ་ཤང་གི་ཞིང་པའི་ཁྱིམ་ཞིག་ཏུ་སྐྱེས། ༡༩༩༤ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་དགེ་འོས་སློབ་གྲྭ་ནས་ཐོན། ༢༠༠༨ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྩོམ་རིག་རབ་འབྱམས་པའི་ཡོན་ཚད་བླངས། ༢༠༡༧ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྩོམ་རིག་འབུམ་རམས་པའི་ཡོན་ཚད་བླངས། ལོ་ངོ་དེ་དག་རིང་སྙན་ངག་དང་། བརྩམས་སྒྲུང་། དཔྱད་བརྗོད། ཞིབ་འཇུག ལོ་ཙཱ་སོགས་ཀྱི་བྱ་བར་འབད་ཅིང་། བརྩམས་ཆོས་འགར་བྱ་དགའ་ཡང་ཐོབ། ད་བར་འགྱུར་མ«བདག་ཉིད་བདག་གི་མགོན་དུ་གྱུར་རོ»དང་། «ཚན་རིག་གི་སྲོལ་འབྱེད» «ཁཱ་ཧྥུ་ཁའི་བརྩམས་སྒྲུང་ཐུང་འབྲིང་ཕྱོགས་སྒྲིག»སོགས་བོད་འགྱུར་དཔེ་དེབ་དྲུག་ཙམ་དཔེ་སྐྲུན་བྱས། ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་བྱ་བ་གཉེར་མུས་སུ་མཆིས།
རྩོམ་ཁུངས། ༢༠༢༥ལོའི«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དུས་དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号