ངས་རྩོམ་རིག་ལ་འཆང་བའི་རེ་བ། བདུད་ལྷ་རྒྱལ།
རྩོམ་པ་པོ།:བདུད་ལྷ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-03 08:35:21
ཀློག་གྲངས།:
ངས་རྩོམ་རིག་ལ་འཆང་བའི་རེ་བ།
བདུད་ལྷ་རྒྱལ།
འདིར་བཞུགས་ཀྱི་སྐུ་མགྲོན་རྣམ་པ། གྲོགས་པོ་རྣམ་པ། ཁྱེད་རྣམ་པའི་སྐུ་ཁམས་བཟང་།
དུས་སྐབས་བཟང་བོ་འབྲས་ལྡན་གྱི་དུས་འདིར། ཕྱི་སྣོད་ཀྱི་འཇིག་རྟེན་གྱིས་གསེར་མདོག་གི་གོས་ཆེན་མནབས་ཏེ། རི་ལུང་ཐང་གསུམ་ཀུན་ན་རྩི་ལྗོན་རེ་རེའི་མགུལ་དུ་འབྲས་བུའི་ཁུར་གྱིས་དུད་ཡོད་ལ། རེབ་གོང་གསེར་མོ་ལྗོངས་སུ«སྦྲང་ཆར»རྩོམ་སྒྲིག་ཁང་གིས་རྩོམ་རིག་གི་འབྲས་བཟང་ལ་ལོངས་སུ་སྤྱོད་པའི་འདུ་ཚོགས་གཟབ་རྒྱས་ཤིག་སྤེལ་བཞིན་པ་འདི། ངེད་ཅག་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པ་དག་གི་ཡིད་དགའ་བའི་དོན་ཞིག་ཡིན་པར་མ་ཟད། ད་དུང«སྦྲང་ཆར»རྩོམ་སྒྲིག་ཁང་དང་བཅས་པའི་གངས་ཅན་བོད་ཀྱི་རླབས་ཆེན་གྱི་བགྱི་བ་ཞིག་ཀྱང་རེད། འདིས་བོད་ཀྱི་རྩོམ་རིག་གི་ལས་དང་སྐལ་བ་བཟང་བོའི་རྟགས་མཚན་ཡང་མཚོན་པ་རེད།
འདིར་ཐོག་མར་ངས་སྐབས་འདིའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་མཁན་དག་གི་ཚབ་བྱས་ཏེ། «སྦྲང་ཆར»རྩོམ་སྒྲིག་ཁང་དང་ཐེངས་འདིའི་དཔྱད་འདེམ་པ་དང་བཅས་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ང་ལ་མཚོན་ན་རེབ་འདི་ནི་སྦྲང་ཆར་རྩོམ་རིག་དཔྱད་བརྗོད་ཀྱི་བྱ་དགའ་ཐེངས་གཉིས་པ་ཐོབ་པ་རེད། འདི་ནི་རང་བྱས་ལས་ལ་ཁས་ལེན་ཐོབ་པ་ཞིག་ཡིན་པས། བྱ་དགའ་འདི་རང་ཉིད་མུ་མཐུད་དུ་རྩོམ་རིག་དཔྱད་བརྗོད་ཀྱི་ལས་སུ་འཇུག་པའི་སྐུལ་མ་ཡིན་པར་མ་ཟད། རྩོམ་རིག་དཔྱད་བརྗོད་ཀྱི་ལས་ལ་ཁག་འཁུར་དགོས་པ་དང་། གཟབ་ནན་དང་ནན་ཏན་གྱིས་འཇུག་དགོས་པའི་བླང་བྱ་ཞིག་ཀྱང་ཡིན་པར་བསམས་ཡོད།
ང་ནི་རྩོམ་རིག་དཔྱད་བརྗོད་ཀྱི་ལས་སུ་ཞུགས་ནས་ལོ་ངོ་སུམ་ཅུ་ལྷག་འགོར་སོང་། ད་ལྟ་དཔྱད་བརྗོད་ཀྱི་ལས་འདི་རང་གི་འཚོ་ཚིས་སམ་ལས་རིགས་ཙམ་ཞིག་མ་ཡིན་པར། འདི་ཉིད་རང་གི་ལས་དོན་ཞིག་ཏུ་གྱུར་འདུག མིག་སྔར་གྱི་རྩོམ་རིག་གསར་རྩོམ་ལ་དཔྱད་བརྗོད་བྱ་བ་དང་། ཡང་ན་མིག་སྔར་གྱི་རྩོམ་རིག་གསར་རྩོམ་ལ་དམིགས་ཏེ་གནའ་རྩོམ་ལ་དཔྱད་བརྗོད་བྱ་བ་གང་ཡིན་ཡང་། དངོས་ཡོད་དང་ཐད་ཀར་འབྲེལ་ཏེ་དངོས་ཡོད་གནད་དོན་ལ་ཕན་ནུས་འདོན་པ་འདི་ནི་ཤིན་ཏུ་དོན་ཡོད་པར་བསམས་ཡོད།
ངོ་མ་བཤད་ན། དེང་སྐབས་བཤད་པའི་རྩོམ་རིག་གི་ལས་འདི་སྤྱིར་རིག་གནས་ཀྱི་ཁྲོད་ན་ཆེན་པོའི་གོ་ས་མེད་པ་ཞིག་དང་། ཀུན་གྱིས་མགྲིན་གཅིག་ཏུ་ཁས་ལེན་པའི་རིག་པའི་གནས་ཤིག་མིན། དེ་བས་རང་ཉིད་ཀྱང་མུ་མཐུད་དུ་ལས་འདིར་འཇུག་འགྱུར་ལ་ནེམ་ནུར་བྱས་མྱོང་། ཡིན་ནའང་། ཞིབ་ཏུ་བསམས་ན་དེང་གི་དུས་འདིར་ལས་གང་བྱས་ཀྱང་གཅིག་ཏུ་ཁས་ལེན་ཐོབ་པ་ཞིག་མི་འདུག་པས། རང་གིས་དོན་སྙིང་ཡོད་པར་སེམས་པའི་ལས་གང་དེར་འཇུག་པ་ནི་མ་གཞི་ནས་ཁུར་དུ་མི་འགྱུར་བར་རྒྱན་དུ་འགྱུར་བ་ཞིག་དང་། རྩོམ་རིག་དཔྱད་བརྗོད་འདིས་མ་མཐའ་ཡང་རྩོམ་པ་པོ་སེམས་ཡོད་ཅིག་ཡིན་ན། ཁོར་དགེ་སྐྱོན་གྱི་ཐད་ནས་མཛུབ་མོ་བཙུགས་ཏེ་མ་འོངས་འཕེལ་རྒྱས་ལ་གྲོགས་དན་བྱེད་པ་དང་། ཀློག་པ་པོ་རྩོམ་དགའ་དག་ལ་རྩོམ་རིག་གི་ཤེས་བྱའི་ཐད་ནས་བྱེ་བྲག་གི་མཛུབ་སྟོན་དང་གསལ་བཤད་བྱེད་ཐུབ་པས་ན། བདག་གིས་ཐོག་མའི་དམ་བཅའ་ལ་འགྱུར་བ་གཏོང་མི་སྲིད། དེའི་སྟེང་བོད་དུ་ད་དུང་རྩོམ་རིག་བྱ་དགའ་འདི་དང་འདི་ལྟ་བུ་སྤེལ་གྲངས་མང་བ་དང་། རྩོམ་རིག་ལ་ངེས་ཤེས་ཡོད་ཚེ་རྩོམ་རིག་གི་ནུས་པ་རྒྱ་ཆེན་ཐོབ་པར་རང་ལ་ཡིད་ཆེས་ཡོད་པ་བཅས་ཀྱིས་རྩོམ་རིག་གི་ཐད་ནས་རང་གི་དཔའ་ཞུམ་མི་དགོས་ལ་སྤོབས་པའང་ཉམས་མི་དགོས།
ང་ཚོའི་འདུ་ཤེས་ཀྱི་ཁྲོད་ན་རྩོམ་རིག་ལ་དེ་འདྲའི་གོ་ས་ཆེན་པོ་ཞིག་མེད་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན་རྩོམ་རིག་ལ་དགེ་མཚན་ཆེན་པོ་ལྡན་ཏེ། དཔེར་ན། བོད་ཀྱི་ལོ་རྒྱུས་སྟེང་མཁས་པ་དང་གྲུབ་པའི་སྐྱེས་བུ་ཆེན་པོ་བགྲང་གིས་མི་ལང་བ་བྱོན་པ་ནི་སྨོས་མ་དགོས་ལ། ད་ལྟ་ང་ཚོས་ཤེས་པ་དང་དེ་ལས་ཀྱང་གྲགས་པ་འབར་ཞིང་འཕྲིན་ལས་རྒྱས་པའི་སྐྱེས་ཆེན་དེ་དག་ནི། ཁོང་རྣམ་པའི་རྩོམ་དང་སྒོས་སུ་སོ་སོའི་རྣམ་ཐར་ཡོད་པའི་སྟབས་ཀྱིས་ཡིན་ངེས། བོད་གངས་ཅན་གྱི་ལྗོངས་སུ་སྐྱེས་ཆེན་གསེར་གྱི་རི་བོ་འདྲ་བ་མང་བོ་ཞིག་བྱོན་ཡང་། དུ་མ་ཞིག་གི་འཕྲིན་ལས་ཀྱི་ཡུན་མ་རིང་ཞིང་ད་ལྟ་ང་ཚོའི་བགོ་སྐལ་དུ་མ་གྱུར་པ་ནི། ཁོང་ཚོར་རྣམ་ཐར་མེད་པ་དང་ཁོང་ཚོ་རྩོམ་གྱི་ལས་སུ་མ་ཞུགས་པའི་རྒྱུ་མཚན་གྱིས་ཡིན་པ་གོར་མ་ཆག ལྷག་པར་ཚེ་དང་སྒྲུབ་པར་གཞོལ་བའི་གྲུབ་ཐོབ་རྣལ་འབྱོར་པ་མང་བོ་ཞིག་ནི་མྱོང་རྟོགས་ཀྱི་ཀློང་བརྡོལ་ཅིང་། འཁོར་འདས་ལ་གཞན་དྲིང་མི་འཇོག་པའི་ངོས་འཛིན་ཡོད་ཀྱང་། ལོ་རྒྱུས་ཀྱི་ཁྲོད་དུ་ཐ་ན་ཁོང་ཚོའི་མཚན་ཙམ་ཡང་མཐོང་དཀའ་བར་གྱུར་ཡོད། དེ་བས་ན་རྗེ་ཙོང་ཁ་པ་ཆེན་པོས། “ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང”ཞེས་གསུངས་ལ། «མེ་ལོང་མ»ལས་ཀྱང་། “སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས”ཞེས་གསུངས་སོ། །
དེང་གི་དུས་སུའང་། གལ་སྲིད་བོད་ཀྱི་སྤྱི་ཚོགས་གསར་བ་སྟེ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་ད་ལ་ཐུག་གི་བར་གྱི་བོད་ཀྱི་ལོ་རྒྱུས་འབྲི་བའམ་ཤེས་པ་ལ། ང་ཚོར་རྩོམ་རིག་མ་གཏོགས་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཆེན་པོ་གཞན་ཡོད་མི་སྲིད། བོད་ཀྱི་དེང་རབས་རྩོམ་རིག་གིས་ལོ་ངོ་བཞི་བཅུ་ལྷག་གི་ལོ་རྒྱུས་ཀྱི་ཟུར་འགངས་ཆེན་འགའ་དང་། བོད་ཀྱི་ཤེས་ཡོན་པའི་བསམ་པའི་གཏད་ས་དེ་གང་ལ་གང་འཚམ་ཞིག་མཚོན་ཡོད། དེ་བཞིན་བོད་དུ་སྤྱི་ཚོགས་རིག་པ་སོགས་རིག་གནས་གསར་བ་ཆེས་ཆེར་མ་དར་བའི་སྐབས་འདི་ཤེད་དུ་རྩོམ་རིག་གིས་ཉམ་ཆུང་ཡང་བོད་ཀྱི་སྤྱི་ཚོགས་ལ་དམིགས་ནས་སྤྱི་བའི་ཡུལ་ཁོངས(公共领域)ཤིག་གྲུབ་པར་བྱས་ཏེ། སྤྱི་ཚོགས་འཕེལ་རྒྱས་ལ་གླེང་བསླངས་དང་སློང་བཞིན་ཡོད། སྤྱིར་ན་རྩོམ་རིག་འདི་གཏམ་སྦྱོར་དབང་ཆའི་ཕྱོགས་གཏོགས་ཤིག་ཡིན་པས། ངག་ལྐུགས་མི་འདོད་པར་ཚོགས་སུ་སྨྲ་བར་འདོད་ན། རྩོམ་རིག་ནི་སོ་སོར་དབང་བའི་སྤྱི་དབང་ཞིག་ཡིན།
རེད་དེ། བོད་ཀྱི་རྩོམ་རིག་དེ་ད་དུང་ཡང་ན་སོ་སྨིན་ཞིང་འཕེལ་ཚད་མཐོན་པོ་ཞིག་ཏུ་སོན་མེད་པ་འདི་ང་ཚོས་ཁས་ལེན་དགོས། བོད་ཀྱི་རྩོམ་རིག་ལ་བསམ་བློའི་རྣོ་དབལ་མེད་པ་དང་། སྤྱི་ཚོགས་འཚོ་བའི་ཤོང་ཚད་དོག་པ། སྤྱི་ཚོགས་དང་མི་ལ་རྙོག་འཛིང་དུ་ལྟ་མི་ཐུབ་པ། འཚོ་བའི་གཞི་ལ་གཞོལ་མི་ཐུབ་པ། མི་ལ་འཚོལ་རྟོག་མེད་པ་སོགས་ཀྱིས་རྩོམ་རིག་གི་འཕེལ་ཁ་དལ་ཞིང་སྤུས་ཀ་དམའ་བ་དང་། རྩོམ་རིག་གི་འབྱིན་རུང་ནུས་པ་དེ་ད་དུང་དབྱུང་མ་ཐུབ་པར་ལུས་ཡོད། དེ་བས་བོད་ཀྱི་རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ་ལ་བརྒལ་དགོས་པའི་འགག་འཕྲང་ཆེན་པོ་དང་། གོང་འཕེལ་གྱི་མཐུན་རྐྱེན་གཉིས་ཀ་དོ་མཉམ་དུ་མཆིས།
བོད་དུ་དེང་རབས་རྩོམ་རིག་དངོས་སུ་དར་ནས་མི་ལོ་བཞི་བཅུ་ལྷག་ཅིག་འགོར་ལ། ལོ་ངོ་བཞི་བཅུའི་དུས་སྐབས་དེ་ནི་རྩོམ་རིག་གི་ཁོར་ཡུག་ཤིན་ཏུ་བཟང་བའི་དུས་སྐབས་ཤིག་རེད། དེའི་མི་ཚད་རྩོམ་རིག་གསར་བ་མེད་པ་ནས་ཡོད་པར་འགྱུར་བའི་དུས་སྐབས་ཤིག་ཀྱང་ཡིན་པས། རྩོམ་རིག་གི་རྩིང་རགས་ལ་གུ་ཡངས་བྱེད་ཆོག་པའི་དུས་སྐབས་ཤིག་ཀྱང་རེད། མི་ལོ་བཞི་བཅུར་དེ་ལྟར་བགྲོད་རྗེས། ད་ནི་ཐོད་རྒལ་ཞིག་མེད་ཚེ་བསྐྱར་ཟློས་སམ་རྗེས་མཐུན་ཙམ་ལས་མ་འདས་པས། བོད་ཀྱི་རྩོམ་རིག་གི་འདའ་འགོངས་རང་བཞིན་ལ་བརྩོན་པའི་དུས་སུ་སླེབས་ཡོད། གནད་དོན་འདི་སྟོན་པ་ལ་འགག་འཕྲང་ཞེས་པའི་ཐ་སྙད་འདི་ཤིན་ཏུ་འཚམ་སྟེ། རྩོམ་རིག་གི་རིམ་པ་གཅིག་གོང་དུ་བསྐྱོད་དགོས་པ་མཚོན་ཐུབ། ཡང་ན་ས་ལམ་གྱི་བརྡ་ཆད་སྤྱད་ཚེ་ད་ནི་ས་གཉིས་པ་ལ་བགྲོད་པའི་སྟ་གོན་བྱ་དགོས།
འདི་ལྟ་བུའི་རིགས་ལམ་ཞིག་གི་སྟེང་ནས། རྩོམ་རིག་གོང་སྤེལ་གྱི་རྩ་བའི་གནད་དོན་ནི། རྩོམ་པ་པོ་དག་གི་རྩོམ་རིག་གི་བློ་སྦྱོང་ལ་ཤུགས་རྒྱག་རྒྱུ་དེ་རེད་སྙམ། བལྟས་ཚོད་ཀྱིས་བོད་དུ་རྩོམ་རིག་ལ་དགའ་མཁན་མང་བར་སྣང་ལ། རྩོམ་རིག་ལ་དད་མོས་བྱེད་མཁན་ཡང་མང་བར་སྣང་། ཡིན་ནའང་། རྩོམ་རིག་ལ་དགའ་བ་ཞེས་རྩོམ་རིག་བརྩམས་ཆོས་འབྲི་བ་ལ་དགའ་བ་ཙམ་དང་། རྩོམ་རིག་གླེང་བ་ལ་དགའ་བ་ཞིག་གིས་ག་ལ་ཆོག དགའ་བ་དངོས་ནི་དགའ་ས་གང་གི་ཆེད་དུ་ལུས་ནས་ཤ་གཅོད་ཐུབ་པ་ཟེར་ན་ཐལ་དྲགས་པ་ཡིན་ཡང་། དགའ་སའི་ཆེད་དུ་དཀའ་བ་བཟོད་པ་དང་དགའ་སའི་ཆེད་དུ་བློས་གཏོང་ཐུབ་པ་ཡོད་དགོས། འཕགས་པ་རྟག་ཏུ་ངུ་ལྟ་བུ་ཞིག་ལ་ད་གཟོད་ཤེར་ཕྱིན་ལ་དགའ་མཁན་ཟེར་ཆོག
སྤྱིར་ན་འབྲས་བུ་ཆེན་པོ་ཞིག་འདོད་པ་ལ་རྒྱུ་རྔམ་པོ་ཞིག་བསྒྲུབ་དགོས། འདི་ནི་རྒྱུ་འབྲས་ཆོས་ཀྱི་ཆེ་བ་རེད། ངེས་པ་དོན་གྱི་རྩོམ་པ་པོ་ཞིག་བྱེད་པ་ལ། ཐོག་མར་རང་ལ་རེ་བ་ནན་མོ་བཟུང་སྟེ་དཀའ་བ་སྤྱོད་ཐུབ་དགོས། མི་འདོད་བཞིན་དུ་དཔེ་ཀློག་མང་དུ་བྱ་དགོས་ལ། མི་འདོད་བཞིན་དུ་བསམ་གཞིག་ཟབ་མོའང་བྱ་དགོས། ད་དུང་མི་འདོད་བཞིན་དུ་དྲི་གཏུགས་ཀྱང་མང་དུ་བྱ་དགོས། ང་ཚོར་མ་ཤེས་པ་དང་མ་མཐོང་བ་མང་བོ་ཞིག་ཡོད་པས། སྡུག་ཅིག་མ་མྱངས་ན་སྐྱིད་ཅིག་མཐོང་དཀའ། གང་གི་ཆེད་དུ་དཀའ་སྤྱད་དང་ལེན་བྱེད་མི་ཐུབ་པའི་དགའ་བ་ནི་བྱིས་པའི་རོལ་རྩེད་ཙམ་རེད། ལ་ལས་བཤད་ན། ཆེད་ལས་ཀྱི་ལུས་རྩལ་པ་ཞིག་ལ་རྨ་མང་བོ་མེད་པ་མི་སྲིད་པ་བཞིན་དུ། ལས་གང་ཞིག་ལ་དངོས་སུ་དགའ་བ་དང་མཁས་པ་ཞིག་ཡིན་ཚེ། ཁོར་ཡང“རྨ”མང་བོ་ཞིག་ཡོད་དགོས་ཟེར། དེས་ན་བོད་ཀྱི་རྩོམ་རིག་གི་ཆེད་དང་། མི་རང་ཉིད་ཀྱི་ལས་དོན་གྱི་ཆེད་དུ་དཀའ་སྤྱད་དང་ལེན་གྱི་བཟོད་པ་བསྟེན་པ་འདི་སྔོན་འགྲོ་ལྟ་བུ་ཞིག་ཏུ་མཐོང་།
དེ་རིང་ནི་བཀྲ་ཤིས་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་ཡང་། ངའི་གཏམ་འདི་བཤད་ཀྱིན་བཤད་ཀྱིན་ཕལ་ཆེར་ལྕི་མོ་ཞིག་ཏུ་འགྲོ་བཞིན་པ་འདྲ། ངས་ལས་རིགས་དང་རྩོམ་རིག་ལ་འཆང་བའི་རེ་བ་ཡིས། དེ་རིང་ཡང་ཡིད་ལ་བརྣགས་པའི་དོན་གང་ཞིག་འདི་ལྟར་ངག་ལས་ཤོར་སོང་། གཏམ་འདི་ལས་རྩོམ་རིག་ལ་དགའ་མཁན་འགའ་ལ་བསམ་དུ་རི་བ་རེ་ཡོད་ན། དེ་རིང་གི་དུས་ཚོད་ཀྱང་གྲོན་པར་མ་གྱུར་པ་རེད། དེ་ལྟར་མིན་ཚེ་བཟོད་གསོལ་ཞུ་བ་ལགས།
མཐར་གངས་ཅན་བོད་ཀྱི་རྩོམ་རིག་གི་བགྱི་བ་གོང་ནས་གོང་དུ་འཕེལ་བར་སྨོན་འདུན་ཞུ།
རྩོམ་ཁུངས། ༢༠༢༤ལོའི«སྦྲང་ཆར»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号