ཚྭ་རྡེའུ་ཡི་ལྷུག་རྩོམ་གསར་བ།
རྩོམ་པ་པོ།:ཚྭ་རྡེའུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-14 08:35:38
ཀློག་གྲངས།:
སེམས་ཁོ་ཐག་ཆོད་སའི་ས་མཐའ་ནས། ས་ཁ་ཐག་རིང་མོ་གཏམ་གྱིས་གཅོད།
ཚྭ་རྡེའུ། ཟི་ལིང་།
ནམ་སྟོད་ཀྱི་ཆུ་ཚོད་བཅུ་དང་སྐར་མ་ཉེར་གཉིས་སྟེང་རེད། ང་མེ་འཁོར་གྱི་མལ་ཁྲི་འགབ་མའི་སྟེང་ནས་གློ་བུར་སྔངས་སད་ཅིག་གིས་ཡར་དགྱེ་བ་དེས། གཞོགས་སུ་གཉིད་དུ་ཡུར་བའི་ལས་གྲོགས་རྒན་རྡོ་རྗེ་རྒྱལ་མཚན་ལགས་གཉིད་ལས་བསླངས་བྱུང་། གལ་ཏེ་མཚན་གུང་འདིར་རྒན་ལགས་དང་ངེད་གཉིས་གནས་གཅིག་ཏུ་མེད་ཚེ། ད་ལྟའི་བྲི་འགྱུར་གྱི་སྐབས་དོན་འདི་ལ་ཀློག་མཁན་སུ་ཞིག་ཡིད་ཆེས་སྲིད་ཨང་། ངས་སླར་ཡང་ཁ་པར་གྱི་ཀའོ་ཏི་ས་ཁྲར་གཟབ་ནན་གྱིས་ཐེངས་ཤིག་བལྟས་པ་ལ། རྒན་ལགས་ཀྱིས“ཅི་རེད། ལུས་པོར་མི་བདེ་བ་འདྲ་བྱུང་སོང་ངམ”ཞེས་དྲིས་པར། ངས་འཕྲལ་དུ་མིན་ཚུལ་བཤད། འགྲོས་མགྱོགས་པའི་མེ་འཁོར་གྱི་འཁོར་སྒམ་ལ་ལམ་འགྲམ་གྱི་གློག་འོད་ཅི་རིགས་བརྒྱབ་སྟེ་གསལ་ལ་མོག་པར་བྱེད་པའི་མཚན་ངོགས་འདིར། རྒན་ལགས་ཀྱིས་སླར་ཡང་ཕུར་ཚུགས་ཀྱིས་ང་ལ། “དེས་ན་ཅི་རེད”ཅེས་དྲིས་བྱུང་བས། ངས“ཡ་མཚར། འུ་ཅག་ད་ལྟ་བརྒྱུད་ཀྱིན་པའི་ས་ཆ་འདི་ནི་ཏིན་ཁུའུ་ཞེས་པའི་རྫོང་དེ་རེད། ངས་རྨི་ལམ་ཞིག་རྨིས་ནས་སྔངས་སད་བྱས་བྱུང”ཞེས་བཤད། ནམ་སྟོད་འདིར། ང་འདི་ལྟར་གློ་རྡེག་ཏུ་མེ་འཁོར་གྱི་མལ་ཁྲི་འགབ་མའི་སྟེང་ནས་སྨྲ་མེད་དུ་ལུས། ཨ་ཙི། གློ་བུར་དུ་འདི་ལྟར་སད་དགོས་དོན་ཅི་ཡིན་ནམ། ངའི་དྲན་པའི་གཞུ་རྒྱུད་ལས་ཤོར་བའི་སྟོང་འདང་གི་མདའ་མོ་ཁེར་འགྲོ་ནི། ལོ་རྒྱུས་ཀྱིས་བརྗེད་ནས་ཡུན་རིང་འགོར་བའི་ཕྱིར་དྲན་རིང་མོའི་སྟོང་དབྱིངས་སུ་ངང་གིས་ཤོར་འགོ་བརྩམས།
ནང་སོག་གི་པའོ་ཐི་གྲོང་ཁྱེར་ནས་ལན་གྲུ་ལ་ཆུ་ཚོད་བཅོ་ལྔའི་ཡུན་དུ་འགྲོ་དགོས་པའི་མེ་འཁོར་འདི་རུ། དུས་རྒྱུན་གཏི་མུག་གིས་དུབ་སྟེ་འགྲོ་བའི་ཁོ་བོ་རྦད་དེ་གཉིད་མི་ཁུག་པར་གྱུར་པས། ཡར་ལངས་ཏེ་མེ་འཁོར་གྱི་སྒེའུ་ཁུང་ཁ་རུ་འགྲེང་ནས་ཡུན་རིང་ཞིག་ལ་བསྡད། ངའི་སྙིང་ཉེ་བའི་ཡུལ་མི་དང་ཡུལ་ཕྱོགས་ཀྱིས་བརྗེད་མི་འོས་པའི་འདས་དོན་དེ་དག ད་ནི་མེ་འཁོར་འདི་དང་འདྲ་བར་སྡོད་མི་ཚུགས་པའི་དུས་ཀྱི་དབང་དུ་ཤོར་ཏེ། ཕྱི་ན་སྨག་རིམ་གྱིས་འགམ་བཞིན་པའི་ཡུལ་གྲུ་འདིའི་ལྗོངས་བཀོད་ཁག་དང་འདྲ་བར། ང་ཚོ་མི་རབས་རེ་རེའི་དྲན་ངོས་སུ་ཇེ་མོག་ནས་ཇེ་མོག་ཏུ་འགྱུར་གྱིན་འདུག་ཨང་། ཚུལ་དེར་བསམ་ན། ཁོ་བོ་རྒྱང་རིང་གི་ཡུལ་ལུང་ཆ་མེད་འདི་ནས་འདི་ལྟར་སྔངས་སད་ཀྱིས་ཡར་དགྱེ་ཞིང་། གཉིད་མ་ཁུགས་པར་མཚན་ལམ་གཅོད་དགོས་བྱུང་བའང་། ལོ་རྒྱུས་ཀྱིས་ང་ལ་བསྐྱུར་བའི་དྲན་སྐུལ་ཐེངས་ཤིག་གམ། འདས་དོན་གྱིས་ང་རང་སྒུལ་བའི་གསལ་འདེབས་ཐེངས་ཤིག་ཨེ་ཡིན་ནམ། རྒན་ལགས། ད་ནི་ཁོ་བོས་ཚེ་རབས་ལས་ཀྱི་འཁྲི་ཤིང་དུ་གྱུར་བའི་དྲན་པ་ལྕི་མོ་སྐོར་ཞིག འདི་ལྟར་ཁྱེད་ལ་འཕྲོས་མོལ་གྱི་རྣམ་པས་ཞུ་རྒྱུ་ཡིན།
༡༩༣༡ལོའི་ཟླ༣པའི་ཚེས༡༦ཉིན། ངེད་ཀྱི་རུ་སྡེ་ལ་འཁྲུངས་པའི་རྗེ་སྐུ་འབུམ་གྱི་ཁྲི་བ་དམ་པ། དགའ་ལྡན་ཤི་རེ་གེ་ཐུ་ཧུ་ཐོག་ཐུ་སྐུ་ཕྲེང་བདུན་པ་དགེ་འདུན་ལུང་རྟོགས་ཉི་མ་མཆོག མཚོ་སྔོན་ཕྱོགས་ཀྱི་དད་ལྡན་མང་ཚོགས་ཁྲི་ཕྲག་མང་པོའི་ནན་ཞུ་དང་། ཀྲུང་དབྱང་གིས་གློག་འཕྲིན་བཏང་སྟེ་ཕེབས་ཞུ་བྱས་པར་བརྟེན། མཚོ་སྔོན་གྱི་རིགས་སོ་སོའི་འཐུས་ཚབ་མི་སྣ་ཉི་ཤུ་ལྷག་གི་སྣེ་ཁྲིད་མཛད་དེ། ནན་ཅིན་ནས་འཚོགས་འཆར་ཡོད་པའི་གྲོས་ཚོགས་གལ་ཆེན་ཞིག་ལ་ཕེབས་དགོས་བྱུང་བ་དང་། གཞན་སྐབས་དེར་མཚོ་སྔོན་ལ་དབང་སྒྱུར་བའི་དམག་ཤེད་ཅན་མཱ་ཆི་ཞེས་པས། མཚོ་སྔོན་གཙོས་ཡུལ་ཕྱོགས་ཀུན་ཏུ་ཞིང་པའི་འབྲུ་ཁྲལ་དང་འབྲོག་པའི་བལ་ཁྲལ་སོགས་སྤྱི་མཐུན་ཁྲལ་རིགས་ཁག་གི་སྟེང་དུ། བརྩིས་མི་ཚར་བའི་ཁྲལ་སྣ་མང་པོ་ཆད་མེད་དུ་བསྣན། དེ་ལའང་དམག་རྟའི་ཁྲལ་དང་མཛོ་མོའི་ཁྲལ། དངུལ་ཁྲལ་སོགས་གང་དྲན་ཅི་འདོད་དུ་བསྡུས་ཤིང་། རྗེ་སྐུ་འབུམ་དང་ལ་མོ་བདེ་ཆེན་སོགས་དགོན་སྡེ་རྣམས་ལའང་ཁྲལ་རིགས་མང་པོ་བཞག་འདུག་པ་ནི་ཁྱེད་ཀྱིས་ཅི་ལ་མི་ཤེས་ཏེ། དཔེར་ན། ཐེངས་ཤིག་རྗེ་སྐུ་འབུམ་ལ་དངུལ་སྒོར་ཁྲི་ཕྲག་འགའི་ཁྲལ་བཞག་པ་དང་། ལ་མོ་བདེ་ཆེན་དགོན་པར་ཡང་དངུལ་ཁྲལ་ལྕི་མོ་བཞག་པའི་སྟེང་དུ། བོའུ་ཁྲལ་སོགས་ཁྲལ་སྣ་མང་པོ་བཞག་འདུག་པ་ནི་ད་ཆ་མཐོང་དུ་ཡོད་པའི་འབྲེལ་ཡོད་ལོ་རྒྱུས་ཁག་ན་གསལ། མཱ་ཆི་ཕ་བུས་དེ་ལྟར་ཁྲལ་རིགས་ཇེ་མཐོ་ནས་ཇེ་མཐོར་བཏང་བའི་རྟིང་དུ། ཡུལ་སྡེའི་མི་སེར་དང་དགོན་པ་ཁག་ལའང་ཚད་མི་འདྲ་བའི་བཙིར་གནོན་དང་འཕྲོག་གཏོར་བཅོམ་གསུམ་ལན་མང་བྱས་ཏེ། རྒྱ་བོད་སོག་གསུམ་གྱི་ཕལ་བའི་མི་མང་འཚོ་ཐབས་བྲལ་བའི་སྡུག་བསྔལ་གྱི་མཐའ་ལ་གཏུགས། གསེར་ཁྲི་དམ་པ་ལགས་ནས་ཚུལ་དེ་ཐུགས་ཀྱིས་མ་བཟོད་པར་ཡུན་རིང་ཕྱིན་ཡོད་པས། ཐེངས་འདིར་གོང་རིམ་སྲིད་གཞུང་ལ་མཱ་ཆི་ཚང་གི་ཁྲིམས་མེད་ལུགས་མེད་ཀྱི་ཉེས་སྤྱོད་མང་པོ་ཞུ་གཏུག་བྱ་རྒྱུའི་གོ་སྐབས་ཀྱང་འགྲིག་འདུག་སྙམ་པའི་ཐུགས་འདུན་ཟབ་མོ་གཉིས་ཐོད་ཐུག་པས། དགུང་གྲངས་ཉེར་བརྒྱད་བཞེས་པ་ལྕགས་ལུག་གི་ལོ་སྟེ། སྤྱི་ལོ༡༩༣༡པར་ཟླ༢པར། གསེར་ཁྲི་དམ་པ་གང་ཉིད་གདན་ས་ལ་མོ་བདེ་ཆེན་ནས་ཞབས་བཏེགས་ཏེ་ཟི་ལིང་དང་སྐུ་འབུམ་དུ་ཕེབས། ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་ལས་བཀའ་ཆོས་ཅི་རིགས་གསན། ཁོང་རྣམ་པ་གཉིས་ཞལ་འཛོམས་ཏེ་སྐྱབས་འཇུག་ཞུ་རེས་གནང་། ཟླ༥བའི་ཚེས༦ཉིན་སླར་ཡང་ཟི་ལིང་ནས་ཞབས་བཏེགས། ཟླ་ངོ་གཉིས་ལྷག་གི་དུས་ཡུན་བརྒྱུད། ༡༩༣༡ལོའི་ཟླ༧པའི་ཚེས༢༠ཉིན་གཞི་ནས་པེ་ཅིང་དུ་འབྱོར་བ་ཡིན་འདུག
རྒན་ལགས། དགའ་ལྡན་ཁྲི་ཐོག་ཞེ་བཞི་པ་བློ་གྲོས་རྒྱ་མཚོ་མཆོག་ནི། དགའ་ལྡན་ཁྲི་ཐོག་རིམ་བྱོན་ལས་རྒྱལ་ས་པེ་ཅིང་དུ་ཆབ་སྲིད་ཀྱི་གོ་གནས་བཞེས་མཁན་ཐོག་མ་ཡིན་པར་ཆེད་མཁས་དག་གིས་བཞེད་ཅིང་། གོང་མའི་ཕོ་བྲང་དུ་བཞུགས་རྐྱེན་གྱིས་ཁྲི་རྒྱ་ནག་པར་འབོད་སྲོལ་མཆིས་ལ། དབུ་སྐྲ་དཀར་པོར་མ་གྱུར་གོང་ལ་དགའ་ལྡན་གསེར་ཁྲིར་བཞུགས་པས་ན། ཁྲི་སྐྲ་ནག་པར་བཏགས་པའི་བཤད་སྲོལ་ཡང་འདུག གང་ལྟར། དགའ་ལྡན་གྱི་གསེར་ཁྲིར་བཞུགས་པའི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་གང་དེའི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་ནས་བཟུང་སྟེ། ཁྲི་ཆེན་སྐྲ་ནག་པའི་ཡང་སྤྲུལ་རིམ་བྱོན་ལ་མོ་བདེ་ཆེན་དགོན་གྱི་བླ་མ་གཙོ་བོར་གྱུར་སྟབས། ཕྱིས་ཀྱི་སྐུ་ཕྲེང་རྣམས་ལའང་ལ་མོ་གསེར་ཁྲི་ཞེས་པའི་མཚན་གྱི་འབོད་སྲོལ་བྱུང་བ་རེད། སྤྲུལ་པའི་སྐུ་རབས་དེ་དག་ནི། ཆིང་རྒྱལ་རབས་ཀྱི་དུས་སུ་གོང་མའི་ཕོ་བྲང་ན་རྒྱུན་བཞུགས་མཛད་ཀྱིན་པའི་བོད་ཀྱི་བླ་ཆེན་བརྒྱད་ཡོད་པའི་གྲས་ཡིན་པས། གོང་མ་རིམ་བྱོན་གྱིས་སྤྲད་པའི་ཐོབ་དང་ལུང་ལས་ཤིན་ཏུ་འབེལ་བ་ཁྱེད་ཀྱིས་ཅི་ལ་མི་ཤེས། སྤྱིར་ན་དམ་པ་གང་དེའི་སྐུ་རབས་ཀྱི་ཕྲེང་བ་ལས། སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་དང་སྐུ་ཕྲེང་དྲུག་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ། སྐུ་ཕྲེང་བདུན་པ་དགེ་འདུན་ལུང་རྟོགས་ཉི་མ། སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པའི་རྒྱལ་མཚན་བཅས་ནི་ཡུལ་མདོ་སྨད་ཀྱི་རུ་སྡེ་ཆོས་ཚ་རུ་འཁྲུངས་པ་ལགས་ཏེ། ཁོ་བོས་ཁྱེད་ལ་གོང་ནས་ཞུ་བཞིན་པ་ནི། གསེར་ཁྲི་སྐུ་ཕྲེང་བདུན་པ་དགེ་འདུན་ལུང་རྟོགས་ཉི་མ་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་ཡིན་པས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཁག་ལ་ངེས་ཆ་འདྲོང་རྒྱུ་དང་། ཡིད་གཉིས་ཀྱི་ཐེ་ཚོམ་ཅི་རིགས་གཅད་རྒྱུའི་ཆེད་དུ་འཕྲོས་བཤད་དེ་སོགས་ཀྱང་ཐུགས་ལ་འདོགས་པར་ཞུ།
བཀུར་འོས་པའི་རྒན་རྒྱལ་མཚན་ལགས། གཤམ་ལ་སླར་ཡང་སྐད་ཆའི་འཕྲོ་དག་གླེང་བར་བྱ། གསེར་ཁྲི་དམ་པ་སོགས་པེ་ཅིང་དུ་འབྱོར་ནས་ཟླ་ངོ་གཉིས་ཀྱི་ཡུན་ལ་དེ་གར་བཞུགས་མོད། བསམ་ཡིད་ལས་འདས་པ་ཞིག་ལ། ཟླ༩བའི་ཚེས༡༨ཉིན་ཀྲུང་གོའི་བྱང་ཤར་དུ་དགུ་གཅིག་བརྒྱད་དུས་འགྱུར་བྱུང་བས། གསེར་ཁྲི་ཚང་འཕྲལ་དུ་སྐབས་དེའི་ཀྲུང་ཧྭ་མིན་གོའི་མགོ་ཁྲིད་དག་གི་སར་ཕེབས་ཏེ། ནང་སོག་གི་ཡུལ་གྲུ་ཁག་ལ་ཕྱིན་ནས་ཆོས་ཀྱི་བྱ་བ་དང་སྤྱི་ཚོགས་ཞོད་འཇགས་ཀྱི་ལས་དོན་ཁུར་དུ་བཞེས་རྒྱུའི་གྲོས་མོལ་མཛད་ཅིང་། ཐུགས་བསྐྱེད་བླ་མེད་ཁག་ལ་སྐབས་དེའི་མགོ་ཁྲིད་ཁག་གི་ཁས་ལེན་དང་རྒྱབ་སྐྱོར་ཡག་པོ་ཐོབ་པས། ཟླ༩བའི་ཚེས༢༥ཉིན་ཞི་ལིན་ཀའོ་ལི་མིང་གི་ཕྱོགས་སུ་ཕེབས་ཏེ་ཆི་སོ་སོར་ཆོས་ཀྱི་མཛད་འཕྲིན་སྤེལ་ཞིང་། མཚོ་བདུན་དགོན་པ་དང་ཡུལ་ཕྱོགས་དེའི་ཝང་དང་གུང་སོ་སོའི་མངའ་ཁོངས་སུ་ཆིབས་བསྒྱུར་མཛད་དེ་འདོད་ཆོས་ཀྱི་གྲུ་ཆར་ཕབ་པའི་ཁར། རྡོག་རྩ་གཅིག་སྒྲིལ་དང་ནང་ཁུལ་མཐུན་སྒྲིལ། བཙན་རྒྱལ་ཁག་གི་ལྐོག་གཡོར་ཚུད་མི་རུང་བའི་སྐོར་གྱི་གོ་སྐོན་སློབ་གསོ་མང་དུ་གནང་ཞིང་། གྲུབ་འབྲས་ཆེན་པོ་བླངས་ཏེ་སླར་ལྕང་སྐྱ་རིན་པོ་ཆེ་དང་དགོངས་བསྟུན་གྱིས་ཕྱིར་པེ་ཅིང་དུ་ཕེབས། ཡིན་ནའང་། ཟླ༡༠བར་གོང་རིམ་ནས་དགུ་གཅིག་བརྒྱད་དུས་འགྱུར་ལ་རྐྱེན་བྱས་ཏེ། རྒྱལ་ནང་གི་ཚོགས་འདུ་ཅི་རིགས་ཕྱི་བསྣུར་བྱེད་དགོས་ཚུལ་གྱི་བླང་བྱ་བཏོན་སྟབས། གསེར་ཁྲི་ཚང་དང་ཕེབས་རོགས་ཀུན་གྱིས་ས་མཐའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ། ༡༩༣༢ལོའི་ཟླ༢པའི་ཚེས༢༡ཉིན་ཕྱིར་མཚོ་སྔོན་དུ་ཕེབས་འཆར་མི་བྱ་ཀ་མེད་བྱུང་།
རྒན་ལགས། མཚམས་རེར། ལོ་རྒྱུས་ཀྱི་དྲན་པ་མང་ཤོས་ཤིག་ནི་འདི་ལྟར་སྙན་ནས་སྙན་ལ་བརྒྱུད་དེ་འགྲོ་དགོས་པ་འདྲ། ཆུང་དུས་རུ་སྡེའི་མི་རྒན་དག་གི་ས་ནས་ཐོས་ཚད་ཀྱི་སྐད་ཆ་མང་ཤོས་ཤིག ད་ལྟའི་སྐད་ཅིག་མ་འདི་ནས་བཟུང་། སྡོད་མེད་མདུན་དུ་ནུར་གྱིན་པའི་རྐང་འོག་གི་མེ་འཁོར་འདི་དང་འདྲ་བར། ངའི་རྣ་ལམ་དང་དྲན་པའི་ངོགས་སུ་བང་གིས་འཚང་སྟེ་ཡོང་གིན་འདུག་ཨང་།
ལོ་དེར་ལམ་བར་གྱི་འགྲོ་སོང་ཇེ་ཉུང་དུ་གཏོང་ཆེད། གསེར་ཁྲི་ཚང་གིས་ཕེབས་རོགས་དང་དྲུང་འཁོར་དག་རུ་ཁག་གཉིས་སུ་བགོས། སྐོར་ཞིག་རྔ་མོང་ལ་ཞོན་ཏེ་ནང་སོག་རྩྭ་ཐང་བརྒྱུད་དེ་སྔ་མོ་ནས་ལམ་ལ་ཆས་སུ་བཅུག་ཅིང་། ཁོང་གསེར་ཁྲི་ཚང་གི་སྐུ་འཁོར་ཨ་ལགས་རྔ་བ་ཚང་དང་ཕྱག་མཛོད་དོན་རྡོགས། སྐུ་འབུམ་བཟོད་པ། བསོད་ནམས་འོད་ཟེར་སོགས་དྲུང་འཁོར་ནང་གྲས་བཅས་རྒྱ་ནང་བརྒྱུད་ནས་ཕེབས་རྒྱུ་བྱས། ཁོང་རླངས་འཁོར་ཆུང་བ་ཞིག་ཏུ་བཞུགས་ཤིང་། བཅའ་ལག་ཉུང་བསྡུས་དང་ཞབས་ཞུ་སོགས་རླངས་འཁོར་ཆེ་བ་ཞིག་ལ་སྡོད་བཞིན། ཟླ༢པའི་ཚེས༢༡ཉིན་པེ་ཅིང་ནས་མཚོ་སྔོན་གྱི་ཕྱོགས་སུ་ཆིབས་ཁ་བསྒྱུར་རྒྱུ་བྱས། ཞབས་མ་བཏེགས་པའི་སྔ་རོལ་ཏུ། གསེར་ཁྲི་དམ་པ་ལགས་ནས་བོད་སོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་མཱ་ཧྥུའུ་ཞང་དང་། སྐབས་དེའི་ཀྲུང་དབྱང་སྲིད་གཞུང་གི་མགོ་ཁྲིད་ཁག་ལ་གློག་འཕྲིན་བཏང་སྟེ། ཁོང་རྣམས་མཚོ་སྔོན་དུ་ཕེབས་དུས་ཀྱི་འབྲེལ་ཡོད་ལམ་ཐིག་དང་དུས་ཚོད་སོགས་སྙན་སེང་ལེགས་པར་ཞུས་ཤིང་། གོང་རིམ་ནས་ཀྱང་སྐབས་དེའི་སའེ་ཡོན་ཞིང་ཆེན་དང་ཉིང་ཞ་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་སོགས་ལ་གློག་འཕྲིན་བཏང་སྟེ། ལམ་རྒྱུད་ཀྱི་བཅའ་སྡོད་དམག་དཔུང་དང་ཞིང་ཆེན་ཁག་གིས་ཁོང་རྣམ་པ་ཚོའི་འགྲུལ་བཞུད་ལ་སྲུང་སྐྱོབ་དང་རོགས་དན་མཛད་དགོས་ཚུལ་གྱི་བླང་བྱ་བཏོན།
ཟླ༢པའི་ཚེས༢༤ཉིན། ལིན་ཧིའི་བློས་བླངས་དམག་གི་དམག་སྤྱི་ཝང་དབྱིན་ལ་པའོ་ཐི་ཕྱོགས་ནས་གློག་འཕྲིན་འབྱོར་ཞིང་། ཁོས་ཀྱང་ལམ་རྒྱུད་དེར་ཁེལ་བའི་མངའ་འོག་གི་ལས་སྣེ་བ་དག་ལ། གསེར་ཁྲི་དམ་པ་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་ཁར་སྲུང་སྐྱོབ་གང་ལེགས་མཛད་དགོས་ཚུལ་ནན་གྱིས་བཤད། ཚེས༢༧ཉིན་གསེར་ཁྲི་དམ་པ་འཁོར་དང་བཅས་པ་ལིན་ཧི་རུ་འབྱོར་ཞིང་། དམག་སྤྱི་ཝང་དབྱིན་གྱིས་སྣེ་ལེན་གཟབ་རྒྱས་བྱས་པར་མ་ཟད། གཞོགས་གཉིས་ཀྱིས་འཕྲོས་མོལ་མང་དུ་མཛད། གསེར་ཁྲི་དམ་པས་དམག་སྤྱི་ཝང་དབྱིན་ལ་གུར་གུམ་དང་བོད་སྤོས། གོས་ཆེན་སོགས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ་ཞིང་། དམག་སྤྱིས་ཀྱང་ཕྱིར་བཀའ་དྲིན་ཞུ་རྟེན་དང་། ལམ་གྱི་འགལ་རྐྱེན་ཁག་ལ་ཉེ་བར་མཁོ་བའི་སྦག་སྦག་མེ་མདའ་མདེའུ་སྒམ་དང་བཅས་པ་ཞིག་ཕུལ་ཏེ། བདག་གཞི་མགྲོན་གཉིས་ཀྱིས་བརྩེ་བ་ཟབ་མོས་གླེང་མོལ་མང་དུ་མཛད་ཡོད་སྐད།
རྒན་ལགས། ངས་ད་ལྟ་འབྲི་བཞིན་པའི་འཕྲོས་བཤད་འདི་དག ཁྱེད་ཀྱིས་སྐབས་དོན་སྒྲིབ་བྱེད་ཀྱི་འཕྲོས་བཤད་ཅིག་ཏུ་ངོས་མི་འཛིན་རོགས། འདས་དོན་དེའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་འདི་དག་ཞིབ་མོར་མ་བཤད་ཚེ། གླེང་གཞི་མཐའ་དག་མག་མོག་དང་རབ་རིབ་ཅིག་ཏུ་ཟད་ངེས་པས། སླར་ཡང་བཟོད་གསོལ་དང་བཅས་གཏམ་རྒྱུད་ཕྱི་མ་ཁག་ལ་ག་ལེར་མཉན་རོགས་ཞུ།
གསེར་ཁྲི་དམ་པ་སོགས་ཀྱིས་རླངས་འཁོར་ལ་ཞིག་གསོ་བྱེད་ཞོར་ལིན་ཧི་རུ་ཉིན་གཉིས་ལ་བསྡད་པའི་འཕྲོ་སྟེ། ཟླ༣པའི་ཚེས༡ཉིན། ཝང་དབྱིན་གྱིས་ཉིང་ཞ་ཞིང་ཆེན་ཕྱོགས་ལ་གསེར་ཁྲི་དམ་པ་གནས་དེ་བརྒྱུད་ནས་ཕེབས་དགོས་པའི་ངོ་སྤྲོད་ཡི་གེ་བྲིས་ཤིང་། དམག་སྤྱི་གཞོན་པ་ཀྲང་ཕིན་ཞའོ་དང་མངའ་འོག་གི་མི་གཞན་ཞིག་གི་ལག་ཏུ་ངོ་སྤྲོད་ཡི་གེ་བཞག་སྟེ་སྐུ་སྲུང་བར་བསྐོས། དགོང་མོར་ཉིང་ཞ་ཞིང་ཆེན་ཏིན་ཁུའུ་རྫོང་གི་སཱན་ཧྲིན་ཀོང་ཞེས་པའི་ས་སྟེ། དེང་གི་པཱ་ཡན་ཀའོ་ལི་གྲོང་རྡལ་ཞེས་པར་ཞག་བཞུགས་མཛད། ཕྱི་ཉིན་ཞོགས་པར། གསེར་ཁྲི་དམ་པ་སོགས་སྔ་མོ་ནས་རླངས་འཁོར་དུ་བསྡད་དེ་ལམ་ལ་ཆས་སྒང་དུ། སྤྱི་ལེ་གཅིག་གཉིས་ཤིག་གི་མཚམས་སུ་རླངས་འཁོར་ལ་སླར་ཡང་ཆག་སྐྱོན་བྱུང་། ཆུ་ཚོད་བཅུ་ལྷག་གི་ཡུན་དུ་ཞིག་གསོ་བྱས་པ་ཡིན་འདུག་མོད། ཕྱི་དྲོར་ལམ་ལ་བུད་དེ་རྨ་འགྲམ་གྱི་དར་ཐོག་ནས་ཡོང་སྐབས། ཡང་བསྐྱར་འཁྱག་དར་བརྡིབས་ནས་རླངས་འཁོར་ཆེ་བ་ཆུ་ནང་དུ་ལྷུང་། ཁོང་ཚོས་རླངས་འཁོར་འཁྱག་དར་ལས་ལེན་རྒྱུར་འབད་པ་ཅི་འདྲ་བྱས་ཀྱང་ཐབས་ཇུས་ཟད་པས། ཉེ་འགྲམ་གྱི་སྡེ་བའི་ནང་ནས་གླང་འཐེན་འཁོར་ལོ་གླས་ཤིང་། ཅ་ལག་དང་རྒྱུ་ནོམ་མང་པོ་དྲུད་ནས་ས་སྲོད་ཙམ་ལ་ཏིན་ཁུའུ་ཞེས་པའི་རྫོང་མཁར་འདི་རུ་འབྱོར། སྐུ་མཉེལ་དང་བཅས་ཐིན་ཧིན་མགྲོན་ཁང་ཞེས་པར། ཁོང་གསེར་ཁྲི་ཚང་དང་ཕྱག་མཛོད་དོན་རྡོགས། བསོད་ནམས་འོད་ཟེར་བཅས་གཟིམ་ཤག་གཅིག་དང་། སྐུ་འཁོར་གཞན་རྣམས་བར་ཐག་ཅུང་རིང་བའི་ཁང་པ་གཞན་ཞིག་ཏུ་བསྡད་དེ་སྔ་མོ་ནས་གཟིམས། ཕྱི་ཉིན་ས་གནས་དེའི་མི་དང་བ་གླང་སོགས་གླས་ཏེ་ཆུར་ལྷུང་བའི་རླངས་འཁོར་བླངས་ཏེ་ཏིན་ཁུའུ་རྫོང་དུ་འབྱོར། ཆུས་བརླན་པའི་ལྭ་བ་དང་དངོས་ཟོག་བླངས་ཏེ་ཉི་མར་བསྐམས། ཟླ༣པའི་ཚེས༤ཉིན་གྱི་ཕྱི་དྲོ་ཙམ་ལ་གཞི་ནས་རླངས་འཁོར་ཡང་ཞིག་གསོ་བྱས་ཚར་བས། གསེར་ཁྲི་དམ་པ་ལགས་ཀྱིས་ཚེས༥ཉིན་ལམ་ལ་བུད་དེ་སྐབས་དེའི་ཉིང་ཞ་ཞིང་ཆེན་ཏེ། དེང་སྐབས་ཀྱི་དབྱིན་ཁྲོན་གྲོང་ཁྱེར་དུ་འགྲོ་རྒྱུའི་གྲོས་ཐག་བཅད།
ཡིན་ནའང་། ས་སྲོད་ཀྱི་ཆུ་ཚོད་དྲུག་པ་ཙམ་ལ། ཏིན་ཁུའུ་རྫོང་གི་སྔོན་ཆད་ཀྱི་པའོ་ཝེ་རུ་ཁག་གི་མི་སྣ་ཞའོ་ཀྲིན་ཅང་ཟེར་བས་མི་འགའ་ཁྲིད་དེ་ཐིན་ཧིན་མགྲོན་ཁང་དུ་ཐོན་ཞིང་། ཅིས་ཀྱང་གསེར་ཁྲི་དམ་པར་མཇལ་ཁ་ཞུ་དགོས་ཞེས་འུར་བརྒྱབ། གློ་བུར་དུ་དམག་ལྡོམ་འགའ་གསེར་ཁྲི་རིན་པོ་ཆེའི་གཟིམ་ཤག་ཏུ་ཕྱིན་ཏེ། དཀྲུམ་མདའ་བླངས་ནས་གསེར་ཁྲི་རིན་པོ་ཆེ་དང་སྐུའི་ཕྱག་མཛོད་གཉིས་ཀྱི་གཅེས་སྲོག་ལ་བསྟུད་མུར་རྒོལ་བ་བྱས་པས། རྣམ་པ་གཉིས་ཀྱིས་སྔ་ཕྱི་ལྟར་གཟུགས་སྐུའི་བཀོད་པ་བསྡུས། གཤེད་མ་དག་གིས་དེ་མུར་གཟིམ་ཤག་ཏུ་ཡོད་པའི་སྐབས་དེའི་སྒོར་ཆིག་འབུམ་ལྷག་གི་རིན་ཐང་ལྡན་པའི་རྒྱུ་ནོམ་མཐའ་དག་ཤུལ་མེད་ལྷག་མེད་དུ་ཕྲོགས་ཤིང་། མཆོད་མེ་གཟིམས་པ་ལྟར་གྱི་གསེར་ཁྲི་དམ་པའི་དབུའང་བཅད་དེ། ཁྱི་སྤྱང་འོ་ཟངས་ཁ་ནས་མཐུན་པའི་དཔེ་ལྟར། ཅི་མི་སྙམ་པའི་སྒྲོབ་ཉམས་དང་བཅས་ཕྱོགས་དང་ཕྱོགས་སུ་བྲོས་སོང་སྐད། དངོས་གནས། ཉག་ཕྲན་མདའ་ཡིས་བརྒྱབ་པ་ལས་ཀྱང་། མཆོག་དཀར་གཞུ་ཡིས་བསྣོག་པའི་གཤེད་སྦྱོར་འདི་ལ་ཡི་རེ་མུག་ཨང་།
རྒན་རྒྱལ་མཚན་ལགས། ༡༩༣༠ལོའི་གཡས་གཡོན་གྱི་སྤྱི་ཚོགས་རྙིང་པར་མཚོན་ན། ཉིང་ཞ་དང་སའེ་ཡོན་ནི་བས་མཐའི་བས་མཐའ་ཞིག་སྟེ། འགྲིམ་འགྲུལ་དང་བརྡ་འཕྲིན་སོགས་ཤིན་ཏུ་སྟབས་བདེ་མིན་པ་ཁྱེད་ཀྱིས་ལོས་ཀྱང་མཁྱེན། དེ་བས། བསྟན་འགྲོའི་ཁུར་ཆེན་ཅི་རིགས་ཅི་མི་སྙམ་པར་ཕྲག་ཏུ་བཞེས་ཤིང་། ལུང་རྟོགས་ཀྱི་ཟབ་གནད་མང་པོར་མཁས་ཤིང་མཛངས་པའི་རྗེ་སྐུ་འབུམ་གྱི་ཁྲི་པ་སྟེ། ངེད་ཀྱི་རུ་སྡེར་སྐུ་རྒྱབ་གཏད་པའི་ངེས་དོན་གྱི་ཁྲི་སྤྲུལ་དམ་པ། ཧུའི་ཨུ་ཆན་ཞི་ཨེ་ཏེ་ནི་ནོ་མིན་ཧན། དགའ་ལྡན་ཤི་རེ་གེ་ཐུ་ཧུ་ཐོག་ཐུ་སྐུ་ཕྲེང་བདུན་པ་དགེ་འདུན་ལུང་རྟོགས་ཉི་མ་ཞེས་བྱ་བའི་སྐྱེས་ཆེན་དེ་ཉིད། དེ་ལྟར་ས་མཐའ་ནས་ཇག་ཚོགས་ཀྱིས་ཁྲིམས་འགལ་ལུགས་འགལ་ངང་བགྲོངས་པའི་གནས་ཚུལ་ཏེ། གསེར་ཁྲི་དམ་པ་ལགས་ཀྱིས་བསྟན་འགྲོའི་དོན་ཆེན་སྤྱི་དང་། སྒོས་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་སྐུ་ངལ་ཚད་མེད་གནང་བའི་མཛད་བཟང་གི་སྒྲོན་མེ་བར་ཆད་རླུང་གིས་ཁྱེར་བ་དེའང་། ཡུན་རིང་ཞིག་ལ་འབྲེལ་ཡོད་མགོ་ཁྲིད་དང་དད་ལྡན་མང་ཚོགས་གཙོས། སྐུའི་འཁྲུངས་ཡུལ་གྱི་ཡུལ་མི་ཚོས་དུས་ལྟར་མ་ཤེས་པ་རེད།
བདག་གིས་ཆུང་དུས་ནས་རུ་སྡེའི་སྐྱ་སེར་གཉིས་ཀྱི་སར་དོན་རྐྱེན་འདིའི་སྐོར་གྱི་འབྲེལ་ཡོད་བཤད་རྒྱུན་མང་པོ་ཐོས་མྱོང་ལ། གསེར་ཁྲི་དམ་པའི་རྣམ་ཐར་སོགས་ལའང་མཇལ་ཁ་ལན་མང་ཞུས་མྱོང་། དེ་ཡང་རྣམ་ཐར་སོགས་སུ་གསལ་བའི་བཤད་རྒྱུན་ཞིག་ལ། གསེར་ཁྲི་དམ་པ་པེ་ཅིང་དུ་བཞུགས་པའི་སྐབས་དེར། མཱ་ཆི་ནས་སྐུ་འབུམ་འཇམ་དབྱངས་སྒར་བའི་གཉེར་པ་བརྩོན་འགྲུས་ཟེར་བ་སྟེ། མཱ་ཆི་ཕ་བུ་ལ་བློ་ཉེ་བ་ཞིག་ཡོད་པ་དེ་ཆེད་དུ་པེ་ཅིང་ལ་མྱུལ་ཞིབ་ཉན་རྣ་བྱེད་པར་མངགས་ཡོད་ཚོད་རེད། གསེར་ཁྲི་དམ་པ་དང་དྲུང་འཁོར་མང་པོ་པེ་ཅིང་དུ་བཞུགས་པའི་སྐབས་དེར། གཉེར་པ་བརྩོན་འགྲུས་ཟེར་བས་ཁོ་པ་སྒེར་ངོས་ནས་པེ་ཅིང་ལ་མཇལ་དུ་ཡོང་བ་ཡིན་ཚུལ་དང་། སྡོད་ཁང་མི་རྙེད་ཚུལ་བཤད་ནས་གསེར་ཁྲི་ཚང་གི་སྐུ་འཁོར་ཡོད་སར་འཚངས་ནས་ཡུན་རིང་དུ་བསྡད་ཅིང་། གོང་རིམ་ནས་གསེར་ཁྲི་དམ་པར་མཚོ་སྔོན་ས་ཆའི་བོད་སོག་གི་དཔོན་རིགས་མཐོ་ཤོས་ཀྱི་གོ་དབང་ཞིག་སྤྲད་ནས་རིམ་གྱིས་གསོ་སྐྱོང་བྱེད་པའི་ཐབས་ཇུས་འཐེན་གྱིན་པའང་གཉེར་པ་བརྩོན་འགྲུས་ཟེར་བས་ཤེས་ཏེ། ལྐོག་ནས་མཚོ་སྔོན་གྱི་ཕྱོགས་སུ་ཡོད་པའི་མཱ་ཆི་ཕ་བུར་གསང་འཕྲིན་བཏང་། མཱ་ཆི་ཕ་བུས་གནས་ཚུལ་དེ་ཐོས་ཙ་ན། འཕྲལ་དུ་ཁ་སྒང་ཧྲེ་དམར་དང་མཱ་ལིན་དུ་འབོད་པ་གཉིས་ལ་གསེར་ཁྲི་ཚང་བགྲོངས་ནས་མགོ་བོ་ཁྱེར་ཡོང་དགོས་ཞེས་གསང་བའི་བཀའ་ཕབ། རེ་རེར་དམག་ཁག་རེ་བྱིན་ཏེ་ཐམས་ཅད་ཇག་པའི་ཕྱི་ཚུལ་བརྫུས་ནས་ལམ་ལ་ཆས། ཁ་སྒང་ཧྲེ་དམར་གྱིས་དམག་ཁག་ཅིག་ཁྲིད་ནས་ནང་སོག་གི་ལམ་སྒོ་ནས་གསེར་ཁྲི་དམ་པ་དྲུང་འཁོར་དང་བཅས་པར་འཇབ་སྒུག་བྱ་རྒྱུ་དང་། མཱ་ལིན་གྱིས་དམག་ཁག་ཅིག་ཁྲིད་དེ་ནང་ལོགས་ནས་འཇབ་སྒུག་བྱ་རྒྱུ་བྱས། ཐོག་མར་ངས་གཏམ་རྒྱུད་འདི་དག་བཤད་སྒྲོས་ཙམ་ཞིག་ཨེ་ཡིན་ལ་སོམ་ཉི་བྱས་མྱོང་མོད། ཕྱིས་སུ་རྒྱ་བོད་ཅི་རིགས་ཀྱི་སྐད་དུ་བྲིས་པའི་སྐབས་དེའི་ཡིག་ཚང་ཁག་ལས་བཤད་རྒྱུན་ཙམ་མིན་པའི་ངེས་ཤེས་རྙེད་པ་ཡིན། ཕྲན་གྱིས་གོང་ནས་ཞུས་པ་ལྟར། རྔ་མོང་དང་ཁལ་རྟར་བརྟེན་པའི་དྲུང་འཁོར་གཞན་དག་ནང་སོག་ལམ་བརྒྱུད་ནས་ཡོང་བ་ན། མཱ་ཆི་ཕ་བུས་མངགས་པའི་ཁ་སྒང་ཧྲེ་དམར་སོགས་ལ་ལམ་ཐུག་བྱུང་ཡང་། གསེར་ཁྲི་དམ་པ་དྲུང་འཁོར་གྱི་གྲས་སུ་མི་བཞུགས་པས། ཁོ་ཚོས་ཁལ་རྟ་རྣམས་བཅོམ་ན་དགོས་མེད་དོགས་སློང་རང་རེད་བསམས་ནས་བཞག་པས། ཕྱིས་སུ་དྲུང་འཁོར་མཐའ་དག་བདེ་བླག་ངང་ཟི་ལིང་དུ་འབྱོར་བ་ཡིན་འདུག
རྒན་ལགས། ལོ་ངོ་འདི་འགར་བདག་གིས་དོན་རྐྱེན་དེ་དང་འབྲེལ་བའི་ཡིག་ཆ་མང་པོར་མཉམ་འཇོག་རྩེ་གཅིག་བྱས་པ་ཡིན་ལ། རིམ་གྱིས་དེ་ནི་ཀྲུང་ཧྭ་མིན་གོའི་སྐབས་ཀྱི་ཉིན་ཞ་ཞིང་ཆེན་བཙུགས་ཚུན་བྱུང་བའི་ཉེས་དོན་གྱོད་གཞི་ཆེན་པོ་ཆེས་ཐོག་མ་ཡིན་པའང་གཞི་ནས་རྟོགས། ༡༩༣༢ལོའི་ཟླ༣པའི་ཚེས༡༥ཉིན་དཔར་བའི་ཐེན་ཅིན་གྱི་ཏ་ཀུང་པའོ་ཞེས་པའི་ཚགས་པར་གྱི་སྟེང་དུ། “ཇག་པས་དགྲོངས་པའི་མཚོ་སྔོན་གྱི་བླ་སྤྲུལ་ཞིག”ཞེས་པའི་ནང་དོན་བཀོད་པར་བརྟེན། གསེར་ཁྲི་དམ་པ་ལགས་ཉིང་ཞ་ཞིང་ཆེན་ནས་སྐུ་བགེགས་ལ་ཐུག་པའི་གནས་ཚུལ་ཐོག་མར་རྒྱལ་ཡོངས་སུ་ཁྱབ་སྟེ་འུར་ཟིང་བཟོས་ཤིང་། ཟླ༤པའི་ཚེས༡༡ཉིན་སླར་ཡང་ཏ་ཀུང་པའོ་ཡི་སྟེང་དུ་ཝང་དབྱིན་གྱིས་གྲོགས་པོར་བསྐུར་བའི་འཕྲིན་ཡིག་ཅིག་སྟེ། “མཚོ་སྔོན་གྱི་དགའ་ལྡན་ཤི་རེ་གེ་ཐུ་ཧུ་ཐོག་ཐུ་གཞན་གྱིས་དགྲོངས། རྩད་ཞིབ་ལས་ཤེས་པ་ལྟར་ན། ལག་དམར་ནི་ཏིན་ཁུའུ་རྫོང་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་མི་སྣ་རེད”ཅེས་པའི་གནས་ཚུལ་བཀོད། ཟླ༥བའི་ཚེས༢༠ཉིན་ཡང་བསྐྱར་ཏ་ཀུང་པའོ་ཡི་སྟེང་དུ“དགའ་ལྡན་ཤི་རེ་གེ་ཐུ་ཧུ་ཐོག་ཐུའི་བཀྲོངས་རྐྱེན་ཝང་དབྱིན་ལ་འབྲེལ་བ་ཡོད་པའི་གནས་ཚུལ”བཀོད། རིང་པོ་མ་སོང་བའི་ཟླ༥བའི་ཚེས༣༡ཉིན། སླར་ཡང་ཏ་ཀུང་པའོ་ཡི་སྟེང་དུ“ཝང་དབྱིན་གྱིས་དགའ་ལྡན་ཤི་རེ་གེ་ཐུ་ཧུ་ཐོག་ཐུ་དགྲོང་མཁན་གྱི་ལག་དམར་རང་ཉིད་མིན་ཚུལ་ཞུས་པའི་གློག་འཕྲིན་གྱི་ནང་དོན་ཆ་ཚང”ཞེས་པ་བཀོད་པས། རྒྱལ་དམངས་སྲིད་གཞུང་ལ་ཐབས་ཇུས་ཟད་པར་གྱུར་ཅིང་། ཉིང་ཞ་ཞིང་ཆེན་སྲིད་གཞུང་ལ་སྔར་མུས་ལྟར་ཉེས་དོན་མྱུལ་ཞིབ་རྩར་གཅོད་དང་ཉེས་ཅན་བདའ་འདེད་ཁྲིམས་སྦྱོར་བྱ་དགོས་པའི་བཀའ་རྒྱ་ཕབ། ཉིང་ཞ་ཞིང་ཆེན་སྲིད་གཞུང་གིས་གྱོད་དོན་དེར་རྩར་གཅོད་བདའ་འདེད་གཏོང་མཁན་ཐེངས་མང་མངགས་ཀྱང་། ཏིན་ཁུའུ་ས་ཆར་ཁ་ཐག་རིང་བ་སོགས་ཀྱིས་རྐྱེན་བྱས་ཏེ། ཟླ་ངོ་དགུའི་རིང་ལ་གསེར་ཁྲི་དམ་པ་དགྲོང་མཁན་གྱི་གཤེད་མ་ཡེ་ནས་ཤེས་ཐབས་མ་བྱུང་། སྐབས་དེར། རྒྱལ་དམངས་སྲིད་གཞུང་ནས་ཏིན་ཁུའུ་རྫོང་གི་རྫོང་དཔོན་ཐའེ་ཧྲུའུ་ཧྲན་ལ་གསེར་ཁྲི་དམ་པར་སྲུང་སྐྱོབ་མ་ཐུབ་པའི་ཁག་འགན་གཞན་སུ་ལའང་དཀྲི་ས་མེད་པར་ཁོ་རང་ཉིད་ཀྱིས་འཁུར་དགོས་པའི་བཀའ་ཕབ་མོད། ཕྱིས་སུ་ཉིང་ཞ་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་མཱ་ཧོང་པེན་གྱིས་ལྐོག་ནས་ཐའེ་ཧྲུའུ་ཧྲན་ལ་རོགས་རམ་བྱས་ཏེ། རྫོང་དཔོན་གྱི་ལས་གནས་བླངས་ཀྱང་ཟླ་ཕོགས་སོགས་སྔར་ལྟར་བྱིན་ནས། ནག་ཉེས་རྒྱབ་འཁུར་གྱི་ངང་ནས་ལག་དམར་འཛིན་རྒྱུའི་ཁག་འགན་སྤྲད་པ་ཡིན་འདུག
དེ་ལྟར་ཟླ་ངོ་མང་པོར་མྱུལ་ཞིབ་བྱས་པ་བརྒྱུད། གོང་ནས་བཤད་པའི་ཏིན་ཁུའུ་རྫོང་གི་སྔོན་ཆད་ཀྱི་པའོ་ཝེ་རུ་ཁག་གི་མི་སྣ་ཞའོ་ཀྲིན་ཅང་དང་། གཞན་ཡང་དམག་ལྡོམ་ཡིན་སྐད་ཀྱི་ཝང་བུའུ་ཁྲིན་དང་ཀྲང་ཐེན་ཞིན་ཟེར་བ་སོགས་དོགས་ཡོད་ཉེས་ཅན་མི་བཅུ་ཡོད་པའི་གནས་ཚུལ་རྩར་ཆོད་ཅིང་། ཝང་བུའུ་ཁྲིན་འཛིན་བཟུང་བྱས་ཏེ་འདྲི་ཞིབ་བྱས་པ་བརྒྱུད། གསེར་ཁྲི་དམ་པ་དགྲོང་མཁན་ཁོ་ཚོ་ཡིན་པ་རྩོད་མེད་དུ་ཁས་བླངས། ༡༩༣༣ལོའི་ཟླ༡བོའི་ཚེས༡༤ཡི་ཉིན། སྐབས་དེའི་ཞིན་ཀྲིན་ཡོན་དང་བོད་སོག་ཨུ་ཡོན་ལྷན་ཁང་གིས་ཉིང་ཞ་ཞིང་ཆེན་སྲིད་གཞུང་ལ། གསེར་ཁྲི་དམ་པའི་སྐུ་སྲོག་ལ་རྒོལ་མཁན་གྱི་ཝང་བུའུ་ཁྲིན་ཞེས་པར་སྲོག་ཁྲིམས་གཅད་དགོས་པ་དང་། འཛིན་བཟུང་བྱེད་མ་ཐུབ་པའི་ཉེས་ཅན་མཐའ་དག་མྱུར་དུ་ཁྲིམས་ལ་སྦྱོར་དགོས་པའི་བཀའ་ཕབ་མོད། མཱ་ཆི་ཕ་བུས་མངགས་པའི་གཤེད་མ་དག་ནི་སྐབས་དེའི་དམག་ཤེད་ཅན་ཁག་གི་འགེབ་སྲུང་དང་གཡོ་སྒྱུ། ནར་འགྱང་དང་སླ་ལས་ཅི་རིགས་ལ་བརྟེན་ནས་རྒྱ་མཚོར་ལྷུང་བའི་ཁ་བ་བཞིན་མཐོང་མེད་དུ་གྱུར་པ་རེད་དོ། །
རྒན་རྒྱལ་མཚན་ལགས། ཉིན་འདི་འགར་འོ་སྐོལ་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལོ་རྒྱུས་དང་འབྲེལ་ནས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་འཕྲིན་སྤེལ་ཡུལ་མང་པོར་སོང་བ་དེས། ང་ལ་སྔ་ན་མེད་པའི་ངེས་ཤེས་མང་པོ་སྐྱེས་སུ་བཅུག་བྱུང་། བསྟན་འགྲོའི་ཁུར་ཆེན་ཅི་རིགས་ཞུམ་མེད་ངང་དང་དུ་ལེན་པའི་དམ་པ་གོང་མ་ཁོང་ཅག་ཨང་། ཁ་ཐག་ཤར་ནུབ་ཀྱིས་ཆོད་པའི་མི་ཡུལ་གནམ་མཐའ་ཁག་ཏུ་ཕྱག་ཕེབས། རི་ཁ་ཁ་དང་ཆུ་སོ་སོ་ལ་བརྟེན་ནས་ལོགས་སུ་བཞུགས་ཏེ། མགོ་ཐོག་གི་ཨ་སྔོན་གཅིག་ལ། འོད་སྣང་སྦྱིན་པའི་ཉི་ཟླ་སྐར་གསུམ་ཡང་གཉིས་སུ་མེད་པའི་རྒྱལ་ཁམས་སྤྱིའི་བདེ་སྡུག་དང་མི་རིགས་ཁག་གི་མཐུན་ལམ། བསྟན་དང་འགྲོ་བའི་དར་རྒུད་བདེ་སྡུག་སོགས་ཀྱི་དོན་དུ་སྐུ་སྲོག་བསྟིམས་པ་རེད་ཨང་།
བདེན་པ་རྒྱབ་ཁུར་གྱི་འདས་ཟིན་པའི་ལོ་རྒྱུས་དེ་དག་ནི། ལོ་ཟླ་ག་ཙམ་འཁོར་ཡང་གཏན་དུ་བརྗེད་རྒྱུ་ཅི་ཡོད་དེ། ༢༠༡༦ལོའི་ཟླ༡༢པའི་ཚེས༥ཉིན། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་ནས་ལྗོངས་ཁུལ་མང་པོར་དག་ཐེར་འཆུན་འདོམས་བྱས་ཤིང་། ཟི་ལིང་དུ་ཡོད་པའི་མཱ་པུའུ་ཧྥང་དཔོན་ཚང་གི་སྣེ་ཤན་པ་དང་འབྲེལ་ཡོད་མི་སྣས། མཱ་ཆི་ཕ་བུས་མཚོ་སྔོན་ནས་སློབ་གྲྭ་བསྒྲུབས་ཚུལ་དང་དུག་རྫས་བཀག་ཚུལ་སོགས་དྲང་ཕྱོགས་ཀྱི་ལོ་རྒྱུས་ཁོ་ན་རྩལ་དུ་བཏོན་ཏེ་བསྒྲགས་པ་ལས། དམག་ཤེད་ཅན་གྱི་ཁྱིམ་རྒྱུད་གང་དེའི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་ནག་ཉེས་ཚབས་ཆེན་སྣ་ཚོགས་སྦ་གསང་བྱེད་ཅི་ཐུབ་བྱེད་ཀྱིན་འདུག་པ་གཙོས། མཱ་ཆི་ཕ་བུས་ནུབ་ལམ་དམར་དམག་ལ་དྲག་གནོན་བྱས་ཚུལ་དང་གསར་བརྗེའི་འཐབ་མོ་བ་ཁྲི་སྟོང་ལ་གནོད་འཚེ་བཏང་བ། རིགས་སོ་སོའི་མི་དམངས་ལ་བཤུ་གཞོག་ཚད་མེད་བྱས་པའི་ཉེས་པ་སྣ་ཚོགས་ཐེར་འདོན་བྱས་ཤིང་། ཁྱད་པར་དུ༢༠༡༦ལོར་སྔོན་གཤེགས་དམ་པ་མང་པོའི་བུ་རྒྱུད་དག་གིས་དམག་ཤེད་ཅན་དེ་རིགས་ཀྱི་ཉེས་སྤྱོད་མང་པོ་ཡང་ཡང་ཐེར་འདོན་བྱས་པར་བརྟེན། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་ལོ་རྒྱུས་འཁྱོག་བཤད་ཀྱི་ངོས་ནས་མཱ་པུའུ་ཧྥང་དཔོན་ཚང་གི་སྒོ་བརྒྱབ་པར་མ་ཟད། 4Aརིམ་པའི་ལྗོངས་ཁུལ་གྱི་དཔང་ཡིག་མཐའ་དག་རྨེག་མེད་དུ་བཟོས་ཏེ། རྒྱལ་ཁམས་འདིའི་བདེ་སྡུག་གི་དོན་དུ་སྐུ་སྲོག་ཤོར་བའི་སྔོན་རབས་དམ་པ་མང་པོ་དཀར་འདོན་བྱས་པ་རེད།
རྒན་ལགས། སྐད་ཅིག་མི་སྡོད་དུས་ལ་དབང་ཆེ་བས། ལོ་ཟླ་རེས་ཀྱིས་ཟད་དེ་བགྲང་བྱ་ཧྲིལ་པོ་གོ་བཞི་འགོར་སོང་། དོ་དགོང་སྟེ། རྒྱང་རིང་གི་ཏིན་ཁུའུ་ས་ཆ་བརྒྱུད་པའི་ལམ་རྐེད་འདི་རུ། ངས་ཞེ་ལ་རྒྱང་རིང་གི་དྲན་པ་མང་པོ་འཛད་མེད་དུ་འཁོར་ཏེ་ཡོང་། མེ་འཁོར་ཤར་སེར་བུད་འགྲོ་བའི་རྒྱང་རིང་གི་ས་མཐའ་འདི་རུ། གཞན་ཕན་གྱི་ཐུགས་དགོངས་ཟབ་མོས་བསྟན་འགྲོའི་ཁུར་ཆེན་སྣ་ཚོགས་ཕྲག་ཏུ་ལེན་པའི་ང་ཡི་གསེར་ཁྲི་དམ་པའི་རྣམ་དཀར་གྱི་འཕྲིན་ལས་འཁོར་ཡོད། ཞེན་ཆགས་ཀྱི་གདུང་བ་འཁོར་ཡོད། བགྲང་བྱ་གོ་བཞིའི་རྗེས་ཀྱི་ད་ཚོད་ཅིག་ལ། ང་རང་མི་ཟད་ཁ་པུས་མོར་ཐུག་ཅིང་། རྟ་ཟད་ཁ་ཐོར་བུར་ཐུག་པའི་རྒྱང་རིང་གི་ཕ་ཡུལ་ནས་ཅི་འདི་མེད་པར་ཡུལ་འདིར་སླེབས་ཤིང་། ཅི་འདི་མེད་པར་སྔངས་སད་བྱས་ཏེ་རྒྱང་ལམ་སྨྲེང་བས་གཅད་དགོས་བྱུང་བ་དང་། མགོ་རྔ་མེད་པའི་གཏམ་རྒྱུད་བྲིས་ནས་ནམ་སྨད་སྐྱོ་བས་བསྐྱལ་དགོས་བྱུང་བ་འདིའང་། ང་ལ་རྒྱང་རིང་གི་དྲན་པས་བསྐྱུར་བའི་ལེ་ལན་ཨེ་ཡིན།
རྒན་རྒྱལ་མཚན་ལགས། ལོ་རྒྱུས་ཀྱི་ཆུ་ཀླུང་ཆེན་མོ་མདུན་ལ་ག་ཙམ་རྒྱུག་ཀྱང་། སྙིང་གི་རབ་ཁར་བཏབ་པའི་སྡུག་གི་གཟེར་བུ་དག་ལ་བརྗེད་རྒྱུ་ཅི་ཡོད་དེ། སྡུག་ལ་རྙིང་རྒྱུ་ཡོད་ཀྱང་ཟད་རྒྱུ་མེད་དོ། །ཟད་རྒྱུ་མེད་དོ། །ཟད་རྒྱུ་མེད་དོ། །
ཉིས་སྟོང་ཉེར་ལྔ་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ནམ་སྨད་ལ་མེ་འཁོར་དུ་བྲིས།
རྩོམ་འདིར་བྱུང་བའི་ས་མིང་དང་ཐོབ་མིང་སྐོར་ཞིག་རྒྱ་བོད་ཤན་སྦྱར་དུ་བྱས་པ།
ཏིན་ཁུའུ། 磴口
ཤི་རེ་གེ་ཐུ་ཧུ་ཐོག་ཐུ། 席力图呼图克图 (ཐམ་གའི་ཡི་གེ་ལྟར།)
དགུ་གཅིག་བརྒྱད་དུས་འགྱུར། 九一八事变
ཞི་ལིན་ཀའོ་ལི་མིང་། 锡林郭勒盟
ཆི། 旗
ཝང་། 王
གུང་། 公
སའེ་ཡོན་ཞིང་ཆེན། 绥远省
ལིན་ཧི། 临河
སཱན་ཧྲིན་ཀོང་། 三盛公
པཱ་ཡན་ཀའོ་ལི་གྲོང་རྡལ། 巴彦高勒镇
ཐིན་ཧིན་མགྲོན་ཁང་། 天恒旅店
པའོ་ཝེ་རུ་ཁག 保卫队
ཧུའི་ཨུ་ཆན་ཞི་ཨེ་ཏེ་ནི་ནོ་མིན་ཧན། 慧悟禅师额尔德尼诺满罕 (ཐམ་གའི་ཡི་གེ་ལྟར།)
ཏ་ཀུང་པའོ། 《大公报》
ཞིན་ཀྲིན་ཡོན་། 行政院
མཱ་པུའུ་ཧྥང་དཔོན་ཚང་། 马步芳公馆
ནུབ་ལམ་དམར་དམག 西路军
རྩོམ་ཁུངས། ༢༠༢༦ལོའི«གངས་དཀར་རི་བོ»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号