མཛེས་སྡུག་གི་ཡུལ་ཁམས་འགྲིམས་པ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-06-23 08:30:05
ཀློག་གྲངས།:
དང་པོ། ལམ་གྱི་སྔོན་འགྲོ།
ང་ཚོ་ནི་མ་གཞི་ནས་འཇིག་རྟེན་ཁམས་ཀྱི་མཛེས་སྡུག་མྱོང་རོལ་བྱེད་དུ་ཡོང་བ་ལས་ལས་འགན་གང་ཞིག་སྒྲུབ་ཆེད་དུ་ཡོང་བ་མ་ཡིན་པས། རང་རང་གི་འཚོ་བའི་བར་གསེང་ནས་རང་ལ་དབང་བའི་དུས་ཚོད་ཐུང་ངུ་རེ་བཙལ་ནས་གུ་ཡངས་བག་ཕེབས་ཀྱི་སྒོ་ནས་འཇིག་རྟེན་ཁམས་ཀྱི་མཛེས་པ་ལ་མྱོང་རོལ་བྱེད་འོས། ང་རང་ལོ་ཟླ་མང་པོ་ཞིག་གི་ནང་དུ་སྐབས་བབ་ཀྱི་བྱ་གཞག་དག་ཕུད་ཁོམ་གསེང་གི་དུས་ཚོད་ནང་རང་ཉིད་གཅིག་པུ་ཤག་ཏུ་བསྡད་དེ་དཔེ་ཀློག་གི་རྒྱལ་ཁམས་འགྲིམས་པ་ཡིན། དེའི་བརྒྱུད་རིམ་ནང་ང་རང་དཔེ་དེབ་ཏུ་འཁོད་པའི་ཡུལ་ཁམས་དག་ལ་འགྲོ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེ་མྱོང་ལ། ཡུལ་ཁམས་དེ་དག་གི་བཀོད་པ་ཡང་ཡང་ཡིད་ལ་བློས་བསླངས་བྱེད་མྱོང་། སྤྱིར་བཏང་ང་རང་ལ་ཕུགས་བསམ་ཞིག་ཡོད་པ་ནི་ནམ་ཞིག་རང་ཉིད་གཅིག་པུ་ལམ་ལ་ཆས་ཏེ། ཕ་ས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་གོམས་སྲོལ་རིག་གནས། ཆ་ལུགས་རྒྱན་གོས། འཛུགས་སྐྲུན་བཀོད་པ་སོགས་ལ་མྱོང་རོལ་བྱེད་པ་དང་། རང་གི་མཐོས་ཐོས་ཀྱི་བྱུང་བ་རྣམས་པར་ལེན་པ་དང་ཡི་གེར་འགོད་འདོད་པ་དེ་ཡིན། ཡིན་ནའང་། ང་ཚོ་འཇིག་རྟེན་ཁམས་ལ་སྐྱེས་ནས་བཟུང་ལས་དབང་གིས་སྔར་ནས་མང་པོ་ཞིག་བཀོད་སྒྲིག་བཟོས་ཚར་འདུག་པས། འུ་ཅག་ལ་མཚོན་ན་གདམ་གསེས་བྱ་རྒྱུ་མང་པོ་ཞིག་ལྷག་མི་འདུག་ཅིང་། ཡོད་ཚད་བསམ་པ་ནང་བཞིན་དེ་བས་ཡོང་ཐབས་མེད། དེ་བཞིན་རང་རང་གི་འཚོ་བ་དང་བྱ་གཞག ལས་དོན་སོགས་ཀྱི་ཆེད་དུ་མང་པོ་ཞིག་བློས་བཏང་བྱ་དགོས། དེར་བརྟེན། ང་རང་གིས་ནམ་རྒྱུན་ཕུགས་བསམ་གྱི་འཇིག་རྟེན་དང་དངོས་ཡོད་ཀྱི་འཇིག་རྟེན་གཉིས་ཁ་ཁ་ཡིན་པ་གསལ་པོར་ཤེས་ཡོད་ལ། གྲོགས་པོ་དག་དང་ལབ་གླེང་བྱེད་དུས་ཀྱང་གནས་ལུགས་དེ་ཡང་ཡང་གླེང་བཞིན་ཡོད། རེད་དེ། ང་རང་གིས་བསམ་ན་མི་ཞིག་ལ་མཚོན་ན་རང་ལ་ནང་སེམས་ཀྱི་འཇིག་རྟེན་ནམ་ཕུགས་བསམ་གྱི་འཇིག་རྟེན་ཞིག་ངེས་པར་དུ་ཡོད་འོས་ལ། དངོས་ཡོད་ཀྱི་འཇིག་རྟེན་ནས་ཡིད་ཕམ་དང་དཀའ་ཁག་གིས་མནར་དུས་ཕུགས་བསམ་གྱི་འཇིག་རྟེན་དུ་ལོག་ནས་རང་སེམས་གསོ་བ་དང་ངལ་གསོ་གནང་དགོས། ཉེ་བའི་ལོ་གཉིས་ནང་ང་རང་ཡུན་རིང་འགྲོ་འདོད་པའི་ཡུལ་ཁམས་འགའ་ཞིག་ལ་སླེབས་པ་དང་སེམས་ལ་དགའ་ཚོར་ཡང་ཆེན་པོ་བྱུང་། ཡུལ་ཁམས་ཇི་ལྟར་འགྲིམས་ན་མཐོང་རྒྱ་དེ་ལྟར་ཆེ་རུ་འགྲོ་ཞིང་། འཇིག་རྟེན་ཁམས་ལ་ངོས་འཛིན་ཡང་དག་ཡོང་བར་ཕན་པ་མ་ཟད། གལ་ཆེ་ཤོས་ནི་རང་རང་གི་འཁྲེགས་འཛིན་མང་པོ་ཞིག་རང་བཞིན་གྱིས་ཆུང་དུ་འགྲོ་བཞིན་འདུག དཔེར་ན། ང་ཚོ་ས་གནས་གཅིག་རང་དུ་བསྡད་ན་རང་གི་ཁོར་ཡུག་ཆུང་ངུ་དེ་འཇིག་རྟེན་ཧྲིལ་པོར་བསྒོམས་ནས་དེའི་ནང་གི་དོན་དག་ཆུང་ཆུང་དག་གལ་ཆེན་དུ་བཟུང་ནས་དེ་དག་ལ་འཁྲེགས་འཛིན་དང་འཁོན་སེམས། ཕྲག་དོག་དང་རུ་ང་སོགས་བྱེད་པ་རེད། དེ་ལས་ལྡོག་སྟེ་གྲོང་དང་གྲོང་ཁྱེར། ས་ཁོངས་དང་མི་རིགས་བརྒལ་ནས་འགྲོ་དུས་གཞི་ནས་ང་ཚོས་ནམ་རྒྱུན་གལ་ཆེན་དུ་ལྟ་བ་མང་པོ་ཞིག་བྱིས་པའི་རོལ་རྩེད་ཅིག་གི་ཚུལ་ལས་མ་འདས་པ་རྟོགས་ཡོང་། དེ་བཞིན་གང་ཞིག་གལ་ཆེན་ཡིན་པ་དང་གང་ཞིག་གལ་ཆེན་མིན་ལ་གསལ་པོར་ཤེས་ཐུབ། ལྷག་ཏུ་ང་རང་བོད་ཡུལ་གྱི་རི་ལུང་འགྲིམ་དུས་སེམས་ལ་གནོན་མི་ཐུབ་པའི་དགའ་སྤྲོ་དང་གསོན་ཤུགས་ཤིག་རྒྱས་ཡོང་། སྤྱིར་ན་ས་སྒང་འདིའི་ཐོག་གི་མི་བུ་སུ་ཞིག་ཡིན་རུང་རང་གི་མི་རིགས་དང་ཕ་ས་ཕ་ཡུལ་ལ་དགའ་ངེས། དེ་ནི་འགྲོ་བ་མི་ལ་ལྷན་སྐྱེས་སུ་ཡོད་པའི་བསམ་བློ་ཞིག་ལས་ཡ་མཚན་དགོས་པ་གང་ཡང་མ་རེད། ཉེ་སྔོན་སྒྱུ་རྩལ་བ་ཞིག་གིས་ཁོང་ཆུང་དུས་འཇར་མན་དུ་བསྡད་ནས་ཐོག་མར་ནང་སར་ལོག་དུས་གནམ་གྲུ་ལས་བབ་རྗེས་རང་སེམས་དགའ་ཐག་ཆོད་ནས་རྐང་འོག་གི་ས་གཞི་ལ་འོ་བྱས་པའི་ངང་ཚུལ་གསུངས་སོང་། འདི་ནི་བློ་ལ་མི་ཤོང་པའི་བྱ་སྤྱོད་གང་ཡང་མིན་པར་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་བསམ་ཡོད། འདི་ལྟར་སྔོན་འགྲོའི་སེམས་ཚོར་གླེང་གྲུབ་ནས་དངོས་སུ་འགྲུལ་བཞུད་ཀྱི་བྱུང་བ་གླེང་ན། དྲ་ཐོག་གི་སྐད་ཆ་ཞིག་ལས་ཡུལ་ལྗོངས་མཛེས་མིན་གཙོ་བོ་མིན་པར་སུ་དང་ལྷན་དུ་མྱོང་རོལ་བྱེད་པ་དེ་གཙོ་བོ་ཡིན། ཟེར་བ་ཞིག་འདུག འདི་ནི་སྒྲ་དོག་འཇུག་གི་དབང་དུ་བྱས་ན་མཛའ་གྲོགས་དང་འབྲེལ་བའི་སྐད་ཆ་ཞིག་ཡིན་སྲིད་མོད། ཡངས་འཇུག་གི་དབང་དུ་བྱས་ན་ཁྱབ་ཁོངས་ཆེན་པོ་ཞིག་ལ་འཇུག་ཆོག་པར་འདོད། སྐད་ཆ་འདི་ལ་གནས་ལུགས་མེད་པ་མིན་ཏེ། ལྗོངས་རྒྱུ་བ་ཞིག་ལ་མཚོན་ན་རང་གི་སེམས་ཁམས་ནི་ཧ་ཅང་གལ་ཆེ་བ་ཡིན། གལ་སྲིད་སེམས་ཁམས་མི་སྐྱིད་པའམ་སྡུག་བསྔལ་གྱིས་ཁེངས་ཡོད་ན་ཡུལ་ཁམས་ཅི་འདྲ་ཞིག་ཏུ་སླེབས་ཀྱང་ཡིད་དུ་འོང་བ་མཐོང་མི་སྲིད་ལ། ཧ་ཅང་གུ་དོག་པའི་མིག་ནང་དུ་སྣང་སྲིད་ཁམས་ཀྱི་མཛེས་པ་མང་པོ་ཞིག་ཤོང་མི་ཐུབ། དེ་བས་གུ་ཡངས་དང་སྤྲོ་སྣང་། མཚར་འཛིན། ཤེས་འདོད། ལུས་སེམས་ཀློད་གྲོལ་གྱི་རྣམ་པའི་ཐོག་ནས་ལམ་ལ་ཆས་འོས། རང་སེམས་ལ་ཐད་ཀར་ཤུགས་རྐྱེན་སྟེར་ཐུབ་མཁན་ནི་རང་གི་རོགས་པ་དག་ཡིན་པས། དེ་བས་རང་དང་མཐུན་ཞིང་འཚམ་པའི་མི་དག་དང་འགྲོགས་དགོས། མཐུན་ཞེས་པའང་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་གྱི་ཐད་རང་ནས་མིན་པར་འདུ་ཤེས་འཛིན་སྟངས་དང་། རིན་ཐང་ལྟ་བ། དགའ་ཁ་འཁྱེར་ཕྱོགས་སོགས་ནས་འདྲ་བའི་ཆ་ཡོད་དགོས་པ་དེ་རེད། ད་ཐེངས་ང་རང་གི་གྲོགས་མཆོག་རྣམ་གཉིས་དང་ལྷན་དུ་ཐེངས་འདིའི་རྒྱང་རྒྱུ་དེ་འགོ་བརྩམས་པ་ཡིན། སྤྱི་ལོ༢༠༢༦ལོའི་ཟླ་བ་དྲུག་པའི་ཚེས་བརྒྱད་དེ་གཟའ་ཟླ་བའི་ཉིན་གུང་གི་དུས་སུ་ང་ཚོ་གྱིམ་ཤོད་ནས་ལམ་ལ་ཆས་པ་ཡིན། རྟ་ཤོད་ལུང་དམར་དང་རྨེ་རུ་འགག་བརྒྱུད་ནས་བྱེ་དཀར་ལ་བརྒྱབ་སྟེ་དབྱི་ཤོད་རི་བོ་ཆེ་རུ་འབྱོར་བ་དང་། ཁ་ལག་བཟས་ཤིང་རླངས་འཁོར་ལ་སྣུམ་བླུགས། མུ་མཐུད་ཁ་མཚར་ཀུ་རེ་དང་འཛམ་གླིང་ཤར་ནུབ་ཀྱི་གླུ་དབྱངས་ལ་མྱོང་རོལ་བྱེད་ཞོར་བརྔན་ལ་བརྒྱབ་སྟེ། ཚ་བ་སྒང་གི་འབྲོག་སྡེ་བརྒྱུད་ནས་ལམ་ལ་བཞུད། ཚ་བ་སྒང་ནས་ས་སྲོད་ཀྱི་མཚམས་སྤྲིན་དག་འདྲེན་བྱེད་ཀྱི་ཡུལ་དུ་ལྷུངས་པ་དང་། སུས་ཀྱང་མ་བཟོས་པའི་རང་བྱུང་གི་མཛེས་པ་དག་མྱོང་རོལ་བྱེད་དུས་མ་གཞི་འཇིག་རྟེན་ཁམས་འདི་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད་དྲན། དེ་ནས་མིང་དུ་གྲགས་པའི་ཚ་བ་གམ་མ་ལ་ཞེས་པ་བརྒལ་དུས་མུན་ནག་གིས་ས་གཞི་ཧྲིལ་པོ་དབང་མེད་དུ་གྱུར་མིད་བཏང་ཟིན། རྒྱལ་མོ་དངུལ་ཆུའི་ཁུག་པ་དོན་གཉིས་སུ་གྲགས་པའི་ལམ་དཀྱོག་དག་བརྒྱུད་ནས་མར་བབ་པ་ན། དོག་ཅིང་གཡང་གཟར་ཆེ་བའི་ལམ་ཕྲན་བརྒྱུད་ནས་ཟོག་འདྲེན་འཁོར་རིགས་མང་པོ་གཅིག་རྗེས་གཉིས་མཐུད་ངང་སླེབས་ཡོང་བ་མཐོང་དུས། འཇིག་རྟེན་ཁམས་འདིར་འཚོ་སྡོད་བྱས་པའི་སྐྱེ་བོ་ཡོད་དོ་ཅོག་ལ་རང་རང་གི་དཀའ་སྡུག་རེ་དང་སེམས་ཁྲལ་རེ་ཡོད་པ་ཚོར་ཡོང་། དུས་ཡུན་གང་འཚམ་འདས་རྗེས་རི་འདབས་ཀྱི་དངུལ་ཆུའི་བཞུར་འགྲམ་དུ་འབྱོར་བ་དང་། མུ་མཐུད་མཚན་སྨག་གི་འཇིག་རྟེན་གཤགས་ནས་ལམ་དུ་ཆས་ཤིང་དགོང་མོའི་ཕྱག་ཚོད་བཅུ་གཅིག་བརྒལ་དུས་གཞི་ནས་དཔའ་ཤོད་རྫོང་མཁར་དུ་སླེབས། གནས་འདིར་མགྲོན་ཁང་གི་ཚོགས་མང་དུ་འདུག་ཅིང་མང་ཤོས་ནི་རྒྱ་རིགས་སྦྱིན་བདག་གིས་བཟུང་འདུག་པའི་སྣང་བ་བྱུང་། དེ་ནས་ཁ་ཟས་སྟབས་བདེ་ཞིག་བཟས་རྗེས་རྨི་ལམ་གྱི་ཞིང་ཁམས་འགྲིམས་པ་ཡིན།
གཉིས་པ། ལྡེམ་ཤོད་དང་ཝ་ཤོད་ཉུལ་བ།
གཟའ་མིག་དམར་ཏེ། སྤྱི་ཚེས་དགུ་ཉིན་ཡར་ལངས་ནས་ཞོགས་ཟས་ཟོས་པ་དང་། སྔར་ནས་གཏམས་པའི་ས་གནས་འདིའི་བླ་མ་ཞིག་མཇལ་དུ་ཕྱིན། ཁོང་ནི་ཁྲོ་ཚང་གི་གདུང་ལས་གྲོལ་ཞིང་ཡུལ་འདིའི་བོན་དགོན་ཕྱྭ་ཡི་གདན་ས་དབེན་རྩེ་དགོན་ཞེས་པའི་བླ་མ་ཡིན་ལ་མཚན་ལ་ཁྲོ་བླ་རྣམ་རྒྱལ་ཞེས་ཞུ། ལོ་ཤས་སྔོན་ནས་གུས་པ་གནས་འདིར་ཡོང་ནས་ཁོང་དང་འཕྲད་རྒྱུ་བྱས་མོད་ད་བར་ལུས། དེར་ཁོང་རྣམ་ཚང་གི་གཞིས་ཁྱིམ་དཔའ་ཤོད་རྫོང་ཐོག་ཏུ་འདུག་པས་དེར་ཕྱིན་ནས་མཇལ་འཕྲད་བྱས། དེ་ནས་ཁོང་གི་སྣེ་ཁྲིད་འོག་ཏུ་ང་ཚོ་ཉིན་འདིའི་འགྲུལ་བཞུད་དང་གནས་མཇལ་འགོ་བརྩམས། ང་རང་དཔའ་ཤོད་དུ་ཡོང་དོན་ནི་ལོ་སུམ་བརྒྱའི་གོང་དུ་བྱོན་པའི་བླ་མ་ཞིག་གི་གདན་ས་ཁག་མཇལ་འདོད་པ་ཡིན། བླ་མ་དེ་ནི་བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པ་མཆོག་ཡིན་ལ། ཁོང་ནི་མདོ་ཁམས་ཚ་བ་རོང་སྟེ། དེང་གི་བོད་ལྗོངས་ཆབ་མདོ་མཛོ་སྒང་རྫོང་གི་གླིང་ཁ་འོག་མ་ཤང་གི་དབྱིབས་པ་གྲོང་དུ་རབ་བྱུང་བཅུ་གཉིས་པའི་ཤིང་བྱ(༡༧༠༥)ལོར་འཁྲུངས་ཤིང་། རབ་བྱུང་བཅུ་གཉིས་པའི་ཤིང་ཡོས(༡༧༣༥)ལོར་ཁྱུང་ཡུལ་རྩེ་དྲུག་དགོན་དུ་སྐུ་ཞི་བར་གཤེགས། ཁོང་ནི་དགུང་གྲངས་མཐོན་པོར་མ་བཞུགས་ཀྱང་འགྲོ་དོན་རྒྱ་ཆེན་པོ་མཛད་པའི་སྐྱེས་བུ་དམིགས་བསལ་བ་ཞིག་ཡིན། ཁོང་གི་འགྲོ་དོན་མཛད་སའི་གནས་ནི་རོང་བཞི་ཤོད་བརྒྱད་ཅེས་པའི་ཡུལ་ཁམས་དག་ཡིན། ཁོང་ལ་རང་རྣམ་ཞིག་བཞུགས་ཡོད་པ་དེའི་མཚན་ལ«བསྟན་གཉིས་སངས་རྒྱས་གླིང་པའི་རྣམ་ཐར་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན»ཞེས་ཞུ་བ་དེབ་སྟོད་སྨད་གཉིས་ལས་གྲུབ་པ། ༢༠༢༡ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི«བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས»ཞེས་པའི་གྲལ་དུ་བཞུགས་ཡོད། ཁོང་གི་རྣམ་ཐར་ནང་ཡུལ་ཁམས་འདིའི་སྐོར་མང་དུ་འཁོད་འདུག་ཅིང་། ཁོང་ཡུལ་འདིར་ལན་གསུམ་ཕེབས་མྱོང་འདུག་སྟེ། ཐོག་དང་པོ་ནི་ཁོང་དགུང་གྲངས་བཅོ་ལྔའི་དུས་སུ་ཡབ་ཀྱི་བཀའ་མངགས་ལྟར་ཡུལ་འདིའི་བླ་མ་དྲང་སྲོང་གཡུང་དྲུང་ཡེ་ཤེས་འགྲམ་དུ་བཅར་ཡོད། ཁོང་གི་རྣམ་ཐར་ལས་གསལ་བ་ལྟར་ན། ཡུལ་ཁམས་འདི་ཤོད་ཆེན་གཉིས་ཀྱིས་གྲུབ་ཡོད་ཅིང་། ཤོད་ཆེན་གཉིས་ནི་ལྡེམ་ཤོད་དང་ཝ་ཤོད་གཉིས་ཡིན། ལྡེམ་ཤོད་ནི་དེང་གི་དཔའ་ཤོད་རྫོང་མཁར་ཡོད་སའི་ལུང་པ་དེར་ཟེར་བ་རེད། ལྡེམ་ཞེས་པ་ནི་དཔའ་ཤོད་ནས༣༡༨ཀྱི་གཞུང་ལམ་བརྒྱུད་ནས་འགྲོ་དུས་ར་འོག་མ་སླེབས་སྔོན་གྱི་གནས་རི་ནམ་མཁའ་མཛོད་ཡོད་སར་གོ་བ་དང་། དེའི་མར་གཤམ་གྱི་ལུང་པ་ལ་ལྡེམ་ཤོད་ཅེས་འབོད་པ་དང་། དེ་ནས་མར་འབབ་ཡོང་བའི་ཆུ་བོ་དེར་ཁ་སྐད་དུ་གླིང་ཆུ་ལྟ་བུར་འབོད་ཀྱང་དོན་ལ་ལྡེམ་ཆུ་ཡིན་པ་ཁྲོ་བླ་རྣམ་རྒྱལ་ལགས་ཀྱིས་གསུངས། དཔའ་ཤོད་རྫོང་ཁོངས་སུ་དེང་གི་ཆར་སྲིད་འཛིན་གྲོང་རྡལ་བཅུ་བཞི་ཡོད་པ་ལས་བཞི(ར་འོག་གྲོང་རྡལ་དང་། སྐྱིད་གདགས་ཤང་། པདྨ་གྲོང་རྡལ། བླ་དགེ་ཤང་)ནི་ལྡེམ་ཤོད་ཀྱི་ཁོངས་སུ་གཏོགས་ཡོད། ཡུལ་ཁམས་འདིར་ལྡེམ་ཤོད་དུ་འབོད་པ་ནི་ཡིག་ཆ་གཞན་དག་ལས་ཀྱང་གསལ་ཏེ། དཔེར་ན། གཏེར་སྟོན་སྟག་ཤམ་རྡོ་རྗེ(༡༦༥༥-༡༧༡༡)ལགས་ཀྱི་རང་རྣམ་ལས་ཀྱང་ལྡེམ་ཤུལ་ཞེས་ལན་འགའ་བྱུང་བ་ལྟ་བུ་རེད། ཝ་ཤོད་ནི་དཔའ་ཤོད་རྫོང་གི་གླིང་ཁ་ཤང་གནས་སའི་ལུང་པར་གོ་བ་ཡིན་ལ། དེང་གི་ཆར་ཡང་འབོད་སྲོལ་མ་ཉམས་པར་གནས་ཡོད། དེར་བརྟེན། དཔའ་ཤོད་ནི་སྔར་གྱི་རྫོང་མཁར་རྙིང་པ་ཆགས་སའི་ས་གནས་བྱེ་བྲག་པ་ཞིག་གི་མིང་སྤྱི་ལ་ཐོགས་པ་ཞིག་ཡིན། རྫོང་འདིར་མདོ་ཁམས་ཀྱི་ཤོད་ཆེན་གཉིས་འདུས་ཡོད་ཅིང་། གཞན་ཡང་ཚ་བ་སྒང་སོགས་ཀྱི་ཆ་ཤས་ཀྱང་འདུས་ཡོད། བོད་ཀྱི་གནའ་བོའི་འབོད་སྲོལ་གྱི་དབང་དུ་བྱས་ན། རྫོང་འདི་ཚ་བ་སྒང་རོང་གཉིས་སུ་གཏོགས་ཤིང་། ཝ་ཤོད་དང་ལྡེམ་ཤོད་ནི་ཚ་བ་རོང་གི་ཁོངས་སུ་འདུས་པ་ཡིན། སྤྱིར་ན་དཔའ་ཤོད་རྫོང་ནི་ས་བབ་མི་འདྲ་བ་དང་གནམ་གཤིས་མི་འདྲ་བ། རི་ལུང་གི་ཆགས་ཚུལ་མི་འདྲ་བ། ཐོན་ཁུངས་མི་འདྲ་བ་སོགས་ཀྱིས་གྲུབ་པ་ཞིག་རེད་འདུག དུས་ཚོད་གཅིག་གི་ནང་དུ་ཡང་དབྱར་དགུན་ལྟ་བུའི་གནམ་གཤིས་ཀྱི་ཁྱད་པར་དང་། ཡུལ་ཕྱོགས་གཅིག་ཏུ་སྦྲང་ཆར་ཁོ་ན་འཇོ་ཞིང་མཁའ་ཡི་གླང་པོ་ནི་རྟག་ཏུ་ནོར་འཛིན་བུ་མོར་འཁྲས་ཤིང་སྡོད་མོད། འགའ་ཤས་སུ་རྟ་བདུན་དབང་པོ་ས་གཞི་དང་དཔག་ཚད་འགའ་ཞིག་ཉེ་བར་བཅར་བ་ལྟ་བུའི་ཚ་གདུག་རྒྱས་ཤིང་། སྤྲིན་གྱི་མེ་ཏོག་ནི་མི་རྣམས་ཀྱིས་ཡང་ཡང་རེ་སྒུག་དགོས་པའི་གནས་སུ་གྱུར་འདུག ཚ་རོང་མཛོ་སྒང་གི་གླིང་ཁ་བར་མ་ཤང་དང་འོག་མ་ཤང་གཉིས་དང་། དཔའ་ཤོད་ཀྱི་གླིང་ཁ་ཤང་གསུམ་ནི་དེང་གི་ཆར་རྫོང་ཁག་སོ་སོར་གནས་ཀྱང་སྡར་བདེ་པ་གཞུང་གི་དུས་སུ་ཚང་མ་རྫ་ཡུལ་གྱི་གསང་སྔགས་ཆོས་རྫོང་གི་ཁོངས་སུ་གཏོགས་པ་དང་། ཡུལ་ཁམས་ཆགས་ཚུལ་དང་རང་བྱུང་ཐོན་ཁུངས། སྐད་ལུགས་རྒྱན་གོས། ས་བབ་མཐོ་དམན་སོགས་ཀྱི་ཐད་ནས་འདྲ་མཚུངས་སུ་གནས་ཡོད།གཤམ་དུ་སྤྲུལ་སྐུ་སངས་རྒྱས་གླིང་པའི་རྣམ་ཐར་དང་། ཁྲོ་ཚང་བླ་མའི་ངོ་སྤྲོད་དང་འགྲོགས་ནས་ང་ཚོས་མུ་མཐུད་ཡུལ་འདིའི་རང་བྱུང་གི་བཀོད་པ་དང་། རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་བྱེད། རྫོང་ཐོག་ནས་མར་ཤར་ངོས་སུ་གཞུང་ལམ་བརྒྱུད་དེ་སྤྱི་ལེ་ཉི་ཤུ་ཙམ་ཡོང་ན་གླ་དགེ་ཤང་གི་ཁོངས་སུ་གྲོང་སྡེ་ཞིག་འདུག་ཅིང་། དེ་ནི་ཝ་དག་གྲོང་ཚོ་རེད།«སངས་རྒྱས་གླིང་པའི་རྣམ་ཐར»ནང་དུ་ལྡེམ་ཤོད་ཝ་དག་བཀྲ་ཤིས་ཐང་ཞེས་བཀོད་འདུག ཡུལ་འདིར་བཀྲ་ཤིས་རྩེ་དགོན་ཞེས་པའི་བོན་དགོན་ཞིག་བཞུགས་ཤིང་། དགེ་བཤེས་ཤེས་རབ་གྲགས་པ་ལགས་ནས་བཏུས་རྩོམ་གནང་བའི«ཞང་བོད་གདན་རབས»ནང་དུ་དགོན་འདི་སྤྲུལ་སྐུ་བློ་ལྡན་སྙིང་པོས་ཕྱག་བཏབ་ཅིང་། སྔ་ཕྱིར་གཡུང་དྲུང་དབང་དྲག་དང་མཁན་པོ་གཡུང་དྲུང་། མཁན་པོ་གཡུང་དྲུང་ཚེ་འཕེལ་སོགས་ཀྱིས་གདན་ས་བསྐྱངས་མྱོང་བ་གླེང་འདུག«སངས་རྒྱས་གླིང་པའི་རྣམ་ཐར»ནང་དུ་ཁོང་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག(༡༧༢༤)ལོར་དགོན་འདིར་ཕེབས་བཞུགས་མཛད་པ་དང་། སྐབས་དེར་དགོན་འདིའི་བླ་མ་ནི་ཁོང་གིས་བསྟེན་མྱོང་བའི་བླ་མ་དྲང་སྲོང་གཡུང་དྲུང་ཡེ་ཤེས་ཞུ་བ་དེ་ཡིན་པ་གསལ་ཡོད། གཞན་ཡང་ཁོང་གི་རྣམ་ཐར་ནང་མེ་རི་རི་ཁྲོད་ཅེས་པའི་དབེན་ཁྲོད་ཅིག་གསལ་བ་ཡུལ་འདིའི་རི་སྐེད་ཅིག་ཏུ་ཡོད་འདུག་མོད། བགྲོད་ལམ་དཀའ་ཁག་ཆེ་བས་མཇལ་མ་ཐུབ། དགོན་འདི་ད་ལྟའང་ཕྱི་ནང་རྟེན་དང་བརྟེན་པ་བཅས་པ་གང་འཚམ་བཞེངས་གནང་འདུག དགོན་པའི་རྒྱབ་ཕྱོགས་ཀྱི་རི་གཤམ་དུ་གདུང་འབུམ་འགའ་ཞིག་བཞེངས་འདུག འདི་ནི་དགོན་འདིའི་བླ་མ་རྣམས་སྐུ་གཤེགས་རྗེས་གདུང་ཐལ་བཞག་སྟེ་བརྩེགས་པ་ཡིན་འདུག ཡིན་ནའང་། སྐྱེས་བོ་ཕལ་པ་དག་ལ་དེ་འདྲ་བྱེད་སྲོལ་མེད་འདུག འདི་ལས་གནའ་དུས་ཀྱི་བང་སོའི་རིག་གནས་ཀྱི་ཤུལ་མཐོང་ཐུབ།
དེ་ནས་ང་ཚོ་ལྡེམ་ཤོད་ནས་གྱེས་ཏེ་ཝ་ཤོད་ཕྱོགས་སུ་ཆས་པ་དང་། ཝ་ཤོད་ཅེས་པའི་ཡུལ་ལུང་ནི་ཁ་བྱང་ཤར་དུ་གཏད་པའི་ལུང་པ་རིང་མོ་ཞིག་ཡིན། ཡུལ་འདིར་ས་བབ་དམའ་ལ་རི་མགོ་ལ་ཤིང་ནགས་ཕྲན་ཙམ་ལས་རི་ངོས་སུ་རྩི་ཤིང་གང་ཡང་མེད་པའི་རྫ་བྲག་ལྟ་བུར་གནས་པ་དང་། རི་གཤམ་སྟེ་ཆུ་འགྲམ་དུ་གྲོང་སྡེ་ཆགས་ཡོད་པ་དང་། དེར་ཞིང་ཁའི་ནང་དུ་སྙེ་མའི་མགོ་ལྕོག་ལྡེམ་པ། ཤིང་འབྲས་སྣ་ཚོགས་ཀྱི་སྡོང་པོ་དང་ལྕང་མ་སོགས་ཤིང་ནགས་ཀྱིས་བརྒྱན་པར་བྱས་ཡོད། ཡུལ་འདིར་ས་བབ་དམའ་བས་ལོ་ཏོག་ཐེངས་གཉིས་ལ་འདེབས་ཆོག་སྟེ། ཐེངས་དང་པོ་ནི་བོད་ཟླ་དང་པོའི་ཟླ་མཇུག་ནས་སོ་ནམ་བྱེད་པ་དང་། གཉིས་པ་ནི་བོད་ཟླ་དྲུག་པའི་འགོ་ཙམ་ནས་འདེབས་པ་ཡིན་འདུག འབྲུ་རིགས་ནི་ནས་དང་བྲ་བོ། སྲན་མ། ཡུང་མ་སོགས་འདེབས་པ་ཡིན་འདུག
ད་དུང་ཁ་མཐོ་སར་འབྲོག་པ་སྡོད་ས་དང་དེར་དབྱར་རྩྭ་དགུན་འབུ་ཡང་སྐྱེ་བར་བཤད། ཡུལ་འདིར་གྲུབ་མཐའ་འདྲ་མིན་ཡོད་པ་དང་། བོན་གྱི་དགོན་པའང་འགའ་ཞིག་ཡོད་འདུག་མོད། ང་ཚོ་གཙོ་བོ་ཝ་སྟོད་སེང་གེ་བྲག་གི་གནས་རི་དང་དགོན་པ་མཇལ་དུ་ཕྱིན་པ་ཡིན། དགོན་འདི་ནི་རང་བྱུང་གི་བཀོད་པ་ངོ་མཚར་མང་པོས་བརྒྱན་པའི་གནས་ཤིག་ཏུ་ཆགས་ཡོད། གནས་འདི་མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་མཆོག་གིས་བྱིན་གྱིས་བརླབས་ཤིང་། དམ་སྲི་བཏུལ་བའི་གནས་ཡིན་པ་ལུང་དུ་བསྟན་པ་ལྟར་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག(༡༧༢༤)ལོར་གཏེར་སྟོན་སངས་རྒྱས་གླིང་པ་མཆོག་གིས་གནས་སྒོ་ཕྱེས་པ་དང་། དེའི་ལོ་རྗེས་མ་སྟེ་ཤིང་སྦྲུལ(༡༧༢༥)ལོར་ཁོང་གིས་གནས་འདིར་ལྷ་ཁང་བཞེངས་སུ་གསོལ་ཞིང་ནང་རྟེན་ལ་སྟོན་པ་གཙོ་འཁོར་གསུམ་དང་། གྷུ་དྲག་སེང་གསུམ། རྣམ་རྒྱལ་མཆོད་རྟེན་སོགས་བཞེངས། སྐབས་དེར་ཁོང་གིས་བདུན་ཕྲག་གསུམ་ལ་བཅད་རྒྱ་བསྡམས་ཏེ་གྷུ་དྲག་བསྙེན་ཚད་བསྐྱལ་ཞིང་། མཁའ་འགྲོའི་ཐུགས་སྒྲུབ་ཀྱི་སྙན་རྒྱུད་ཡི་གེར་བཀོད། ལྷ་སྲུང་གི་ཞལ་ཡང་གཟིགས། དེ་རྗེས་ཁོང་གྱིམ་ཤོད་དང་ཀོང་ཡུལ་ཕྱོགས་སུ་ཕེབས་གྲུབ་ནས་མར་དྲག་པོ་རྫོང་དུ་ལོག་སྐབས་རབ་བྱུང་བཅུ་གཉིས་པའི་ས་བྱ(༡༧༢༩)ལོར་ལྷ་ཁང་ཞལ་གསོ་དང་ལོགས་བྲིས་རྒྱས་པར་བཞེངས། ཁོང་གི་བཀའ་གཏེར་གྱི་སློབ་མར་གཏོགས་པ་ཡུལ་དེའི་བླ་མ་འདན་མ་གཡུང་དྲུང་རྣམ་རྒྱལ་ལོ་དེར་ཞིང་གཟིགས་པ། ཁོང་གི་སྐུ་གདུང་ཡང་དགོན་དེར་བཞེངས་སུ་གསོལ། རྒན་རབས་བསོད་ནམས་ཚེ་སྒྲོན་ལགས་ཀྱིས་གསུངས་ན་དུས་འགྱུར་སྔོན་དུ་དགོན་དེར་ནང་རྟེན་དང་ལྡེབས་རིས་ཆ་ཚང་བཞུགས་ཡོད་ཟེར། ད་ལྟ་ཁྲོ་ཚང་བླ་བྲང་གིས་ཉམས་གསོ་གནང་བའི་སྔར་མལ་གྱི་ལྷ་ཁང་དང་ནང་རྟེན་གསུང་རབ་སོགས་བཞུགས་ཡོད། གཞན་ཡང་གནའ་སྔ་མོ་ནས་འདི་ཕྱོགས་སུ་མ་ཏྲི་བུམ་སྒྲུབ་འཚོགས་སྲོལ་ཡོད་པ་ལྟར། སྔ་དུས་ནས་འདན་མའི་གདན་ས་འབུམ་ལུང་དགོན་དང་། ཕྱྭ་ཡི་གདན་ས་དབེན་རྩེ་དགོན་གཉིས་མཉམ་དུ་ལོ་ལྟར་སྤྱི་རིམ་ཚུལ་དུ་གནས་འདིར་མ་ཏྲི་བུམ་སྒྲུབ་འཚོགས་སྲོལ་ཡོད་འདུག དུས་འགྱུར་རྗེས་སུ་ཡང་ཁྲོ་བླ་གཡུང་དྲུང་བློ་ལྡན་ལགས་ཀྱི་སྣེ་ཁྲིད་འོག་ཏུ་དགོན་པ་གཉིས་ཀྱི་བླ་གྲྭ་མཉམ་འཛོམས་ཐོག་ཏུ་ལོ་ལྟར་མ་ཏྲི་བུམ་སྒྲུབ་དང་། དཔྱིད་ཀ་ལོ་ཏོག་གི་རིམ་འགྲོའི་ཚུལ་དུ་རྩ་གསུམ་བོན་སྐྱོང་བཞི་སྦྲགས་ཀྱི་ཚོགས་དང་བཟློག་པ་སོགས་བྱེད་སྲོལ་ཡོད་འདུག འདི་སྐབས་སུ་དམིགས་བསལ་གྱི་ལུགས་སྲོལ་ཡང་འགའ་ཞིག་ཡོད་པར་གྲགས།
གནས་འདིར་སངས་རྒྱས་གླིང་པས་ལྷ་ཞལ་མཇལ་སའི་ལྷ་ར་དང་། ཁྱུང་དཀར་དམར་ནག་གསུམ་གྱི་གནས་རི། ངོ་མཚར་གྱི་རང་བྱུང་བཀོད་པ་དང་བཀའ་རྟགས་ཞབས་རྗེས་འདུག་པ་རེ་རེ་བཞིན་བརྗོད་པའི་ངལ་བ་མ་བྱས། དགོན་པ་ཡོད་སའི་འོག་དེར་གནས་ནང་ཚང་ཞེས་ཁྲོ་ཚང་བླ་བྲང་གི་གཞིས་ཀ་འདུག་ཅིང་། ཁྲོ་ཚང་བླ་བྲང་ནི་སྔར་ཚ་བ་སྒང་གི་ཁེ་ཤོད་ཅེས་པའི་ཡུལ་དུ་གདན་ས་བཟུང་མྱོང་བ་དང་། «སངས་རྒྱས་གླིང་པའི་རྣམ་ཐར»ལས་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག(༡༧༢༤)ལོར་ཁེ་ཤོད་ཁྲོ་ཚང་བླ་མས་དད་འདུན་འབུལ་ཚོགས་གཏོས་ཆེ་བ་བྱུང་ཚུལ་འཁོད་འདུག དེ་རྗེས་ཁྲོ་ཚང་གི་གདུང་རྒྱུད་ཡུལ་འདིར་གཞིས་ཆགས་པ་དང་། ཁྲོ་ཚང་བླ་རབས་བཅུ་གསུམ་ཟེར་བའི་ངག་རྒྱུན་ཀྱང་ད་བར་རྒྱུན་འཇགས་སུ་ཡོད། ཁྲོ་བླ་རྣམ་རྒྱལ་ལགས་ཀྱིས་གསུངས་པ་ལྟར་ན། ཡུལ་འདིར་ཐོག་མར་ཕེབས་མཁན་ནི་ཁོང་གི་མེས་པོ་ཁྲོ་བླ་རྣམ་རྒྱལ་གྲགས་པ་ཡིན་ཟེར། དམ་པ་དེས་མཛད་པའི«གནས་མཆོག་སེང་གེ་བྲག་གི་བསང་མཆོད་འདྲ་བརྗོད་ཚིག་བཤད་ངེས་པའི་དོན་བཀོད་བཞུགས་སོ»ཞེས་པ་ཞིག་འདུག་ཅིང་། དེའི་མཇུག་བྱང་དུ། ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོར་སེང་རྫོང་བླ་བྲང་དུ༧ཁྲོ་ཚང་ཨོ་རྒྱན་སྔགས་འཆང་པདྨ་རབ་རྒྱས་གྱིས་བརྩམས་ཞེས་འཁོད་འདུག ཁོང་གིས་མཛད་པའི་བསང་ཡིག་དེ་ནི་སྙན་ངག་གི་ཉམས་འགྱུར་མངོན་པར་གསལ་བ་ཞིག་འདུག་པ་ལས་ཚན་པ་ཞིག་བཀོད་ན། མདོ་ཁམས་སྒང་དྲུག་ཉི་མ་ནུབ་ཀྱི་ཕྱོགས། །མཐའ་འཁོབ་ལྷོ་མོན་ཡུལ་ཕྱོགས་ཉེ་བའི་ས། །སྲིན་མོ་ཁོག་པ་བྱང་ཤར་གཏད་འདྲའི་ལུང་། །ལུང་པ་ཐང་མེད་རི་ཡིས་ར་བ་བསྐོར། །མར་འབབ་གཙང་རྒྱས་གོར་མོ་རྡོ་དང་འཐབ། །ཉ་ལྕོང་སྦལ་གསུམ་རྒྱང་ནས་བྲོས་པའི་ཆུ། །འགྲོ་ལམ་ཧྲོབ་པོ་རྫ་ཡི་སྐེད་རགས་ཅན། །བྱོལ་སོང་རྐང་ལ་གཞོབ་པའི་ངད་པ་འཐུལ། །ཕར་རི་ཚུར་རི་ཕྱག་རྒྱ་ཐལ་སྦྱར་བ། །གྲོང་ཁྱེར་ཆེ་ཆུང་བ་སྟག་རྩེ་འདྲ་ཆགས། །ཞེས་པ་ལྟ་བུའོ། ། དེ་ནས་ད་བར་ཁྲོ་ཚང་གི་བླ་རབས་ཟམ་མ་ཆད་པར་བྱུང་འདུག་ཅིང་། ཡུལ་ཁམས་འདིའི་གཡས་གཡོན་གྱི་བོན་དགོན་མང་པོ་ཞིག་གི་བླ་རབས་ཁྲོད་དུ་ཁྲོ་ཚང་གི་བླ་མའི་མཚན་ཐོ་གསལ་འདུག ང་ཚོས་གནས་འདི་ནས་ཡུལ་ཁམས་ཀྱི་ཆགས་ཚུལ་དང་གནས་ཀྱི་བཀོད་པ་དག་ལ་ཞིབ་མཇལ་ཞུས་ཤིང་། མཉམ་བཞག་སྒོམ་པའི་ངང་ཚུལ་ཡང་བྱས། དེ་ནས་ང་ཚོ་མར་ལོག་ཡོང་ནས་ལམ་བར་དུ་ཡུལ་འདིའི་ངག་རྒྱུན་དུ། ཕྱྭ་དང་འདན་མ་བཀའ་གདམས་གསུམ། དེའི་གོང་དུ་བླ་མ་ཡོད་པ་མིན། ཞེས་སུ་འབོད་པའི་ནང་ཚན་ཕྱྭ་ཡི་གདན་ས་དབེན་རྩེ་དགོན་ཞེས་པ་རྒྱང་མཇལ་བྱས། ཡུལ་འདིར་ཕྱྭ་དང་འབྲེལ་བའི་ས་མིང་མང་པོ་ཡོད་པར་བཤད་ཅིང་། དཔེར་ན། ཕྱྭ་རྫོང་ཞེས་པའི་མཁར་ཤུལ་དང་ཕྱྭ་དགེ་ཕུག་ཟེར་བའི་ས་གནས་སོགས་ཡོད་པར་གྲགས། ཕྱྭ་ནི་བོད་ཀྱི་ཆེས་རྙིང་བའི་རུས་རིགས་ཤིག་ཡིན་ལ། སྤུ་རྒྱལ་བཙན་པོ་རིམ་བྱོན་དག་ཀྱང་ཕྱྭ་ཡི་གདུང་ལས་གྲོལ་བ་ཡིན་ཏེ།«ཀོང་པོ་གཡུང་དྲུང་མཛེས་ཀྱི་རྡོ་རིང»ལས། ཐོག་མ་ཕྱྭ་ཡབླ་བདག་དྲུག་གྀ་སྲས་ལས། ཉ་ཁྲྀ་བརྩན་པོ་མྱི་ཡུལ་གྱྀ་རྗེར། ལྷ་རི་གྱང་དོར་གཤེགས་པ་ཚུན་ཆད། དྲི་གུམ་བཙན་པོ་ཕན་ཆད། གདུང་རབས་བདུན་གྱྀ་བར་དུ། ཕྱིང་བ་སྟག་རྩེ་ན་བཞུགས། ཞེས་གསལ་བ་དག་གིས་རྟོགས་ཐུབ། དུས་རབས་བཅུ་བཞིའི་ནང་བྱོན་པའི་རྒྱལ་བ་མཉམ་མེད་ཆེན་པོའི་བླ་མའི་གྲལ་དུའང་གདུང་རྒྱུད་ཕྱྭ་ཡིན་པའི་བླ་མ་བཞུགས་ཡོད་པས། དེ་སྐབས་ནས་མདོ་ཁམས་ཕྱོགས་སུ་གདུང་རིགས་འདི་མང་པོ་ཡོད་པ་ཤེས་ཐུབ།
དེ་ནས་མུ་མཐུད་མར་ཡོང་བས་ཝ་སྨད་བཀྲ་ཤིས་སྟག་རྫོང་ཞེས་པའི་རི་ཁྲོད་མཇལ། ཡུལ་འདིའི་ངག་སྒྲོས་ལ་ཝ་སྟོད་སེང་གེ་གཡུ་རྫོང་། ཝ་སྨད་བཀྲ་ཤིས་སྟག་རྫོང་། ཞེས་སྟག་སེང་ཁ་སྤྲོད་ལྟ་བུའི་ས་གནད་ཀྱི་བར་དུ་ཡུལ་སྡེ་ཆགས་ཡོད་པ་བཤད་སྲོལ་འདུག ཝ་སྨད་བཀྲ་ཤིས་སྟག་རྫོང་གི་རི་ཁྲོད་དེ་ནི་གླིང་ཁ་ཤང་གི་ཆུ་སྒྲོན་གྲོང་གི་ཉེ་འགྲམ་དུ་གནས་ཡོད། ཆུ་སྒྲོན་ནི་ཡུལ་འདིའི་ཁ་སྐད་དུ་རང་བྱུང་གི་ཆུ་ཚན་ལ་གོ་བ་ཡིན་ལ། གྲོང་འདིར་ཆུ་ཚན་ཞིག་ཡོད་པས་དེ་ལྟར་ཐོགས་པར་བཤད། རི་ཁྲོད་འདིར་མཚམས་རྒན་སངས་རྒྱས་འཕྲིན་ལས་ཞུ་བ་ཞིག་བཞུགས་འདུག་ཅིང་། ཁོང་ནི་ཀོང་པོ་དབུས་ཕུག་གི་མཚམས་པ་ལྷ་འདུས་རིན་པོ་ཆེ་དང་། མེ་སྟོན་གནམ་ལྷ་རིན་པོ་ཆེ་གཉིས་ཀྱི་སློབ་མ་ཡིན་འདུག རང་བཞིན་གྱིས་དམན་ས་བཟུང་ཞིང་གཅིག་པུར་དབེན་ཁྲོད་དུ་བཞུགས་ནས་སྒོམ་སྒྲུབ་གནང་མཁན་གྱི་མཚམས་རྒན་ཡག་པོ་ཞིག་འདུག་སྙམ་པ་བྱུང་། ད་ལྟའི་དུས་སུ་འཇིག་རྟེན་བོན་བརྒྱད་དང་གཏམ་སྙན་གྲགས་པས་མ་བསླུས་པའི་དགེ་སྦྱོར་ཚད་ལྡན་དེ་འདྲ་མཐོང་དཀོན་པོར་སྣང་བས་དགེ་སྦྱོར་བ་འདི་འདྲ་བཞུགས་པ་སེམས་ལ་དགའ་བ་འཕེལ། དབེན་ཁྲོད་འདི་ནི་གནས་དགོན་ཟུང་འབྲེལ་གྱི་ཚུལ་དུ་ཆགས་ཤིང་གཏེར་སྟོན་སངས་རྒྱས་གླིང་པས་གནས་སྒོ་ཕྱེས་པ་དང་གདན་ས་བཏབ་པ་ཡིན་འདུག ད་ལྟའང་གཏེར་སྟོན་ཁོང་དང་འབྲེལ་བའི་བཀའ་རྟགས་དང་། ཁོང་གི་གསོལ་འདེབས་རྡོ་བརྐོས། ངག་རྒྱུན་སོགས་བཞུགས་འདུག དེ་ལྟར་དུས་ཚོད་ཀྱི་དབང་གིས་ང་ཚོ་ཕྱིར་རྫོང་ཐོག་ཏུ་ལོག ལམ་བར་དུ་རབ་བྱུང་བཅུ་གཅིག་པའི་ཤིང་ལུག(༡༦༥༥)ལོར་འཁྲུངས་པའི་གཏེར་སྟོན་སྟག་ཤམ་ནུས་ལྡན་རྡོ་རྗེའི་གདན་ས་ཁྱུང་སྒོང་དགོན་ཞེས་པ་མཇལ་ཙམ་བྱས། དེ་ནས་ཡར་ལམ་དུ་ཆས་ཤིང་ལམ་བར་ནས་འོ་སེ་ཞེས་པའི་ཤིང་འབྲས་བཏོགས་ནས་མྱོང་རོལ་བྱས་པས་ཞིམ་མངར་དམིགས་བསལ་ལྡན་པ་ཞིག་རེད། ཁྲོ་བླ་རྣམ་རྒྱལ་ལགས་ནས་གསུངས་ན་སྨན་གཞུང་དུ་ཤིང་འདིར་དར་ཤིང་ཞེས་བྲིས་ཡོད་ཟེར། འོ་སེ་ནི་འབར་སླ་བའི་ཤིང་ཞིག་ཡིན་པས་འགྲམ་དུ་མེ་འབུད་མི་ཉན་པ་བཤད་སྲོལ་ཡོད་ཟེར། ཝ་ཤོད་དང་ལྡེམ་ཤོད་གཉིས་ཀྱི་ལུང་པའི་འདུས་མདོའི་ཤར་ངོས་དང་། དཔའ་ཤོད་དང་མཛོ་སྒང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་རི་བོ་མཐོ་ཞིང་བརྗིད་པ་ཞིག་སྣང་བ་དེ་ནི་སངས་གླིང་རྣམ་ཐར་ནང་གི་ཡུམ་ཆེན་ཐུགས་རྗེ་ཀུན་གྲོལ་གྱི་དབུ་ཡི་ཚུལ་དུ་ཆགས་པའི་རྩ་རི་ལྷ་བྲག་ཅེས་པའི་གནས་ཆེན་དེ་ཡིན་འདུག དེ་ནས་ང་ཚོ་རྫོང་དུ་འབྱོར་བ་དང་ཁྲོ་བླ་རྣམ་རྒྱལ་ལགས་ཀྱི་མཐུན་སྦྱོར་རོགས་རམ་འོག་ཏུ་ཁྲོ་ཚང་གི་གསུང་རབ་རྙིང་པ་དང་རྟེན་གསུམ་རྩ་ཆེན་དག་ལ་མཇལ་ཁ་ཞུས། དེ་ནས་ཁྲོ་ཚང་བླ་མ་དང་གྱེས་ཕྱག་ཕུལ་ནས་ལམ་ལ་ཆས་ཏེ་ར་འོག་ཕྱོགས་སུ་བསྐྱོད། ལམ་བར་ནས་ར་འོག་ཤང་གི་ཁོངས་སུ་གཏོགས་པའི་ནམ་མཁའ་མཛོད་ཅེས་པའི་གཏེར་གནས་དེར་རྒྱང་མཇལ་ཞིག་བྱས། གནས་འདི་ནས་གཏེར་སྟོན་སངས་རྒྱས་གླིང་པ་མཆོག་གིས་རབ་བྱུང་བཅུ་གཉིས་པའི་ས་བྱ(༡༧༢༩)ལོར་ཟབ་གཏེར་འགའ་ཞིག་བཞེས་པ་དང་། ཁོང་གིས་གནས་འདིའི་དཀར་ཆག་ཅིག་ཕབ་པ་གསལ་འདུག་མོད་ད་ལྟ་བཞུགས་མིན་མ་ཤེས། དེ་ནས་མུ་མཐུད་ལམ་དུ་ཆས་པས་ར་འོག་གྲོང་རྡལ་དུ་འབྱོར་བ་དང་མཚོ་འགྲམ་གྱི་མགྲོན་ཁང་ཞིག་ཏུ་བསྡད། གནས་འདི་ནི་ར་འོག་མཚོ་འགྲམ་དུ་ཆགས་ཡོད་ཅིང་། གཡས་གཡོན་གྱི་རི་ཚོགས་དག་ནི་རྩེ་མོ་གངས་དཀར་གྱི་དབུ་རྨོག་གསོལ་ཞིང་སྤྲིན་དཀར་གྱི་སེང་རས་ཀྱིས་ཞལ་གྱི་དཀྱིལ་འཁོར་གཡོགས་ནས་ཟུར་ཙམ་ལས་མངོན་པར་མི་བྱེད་པས། མི་རྣམས་ལ་ངོ་མཚར་དང་། ལྐོག་གྱུར། ཁྱད་འཕགས་ཀྱི་ཚོར་སྣང་ཞིག་སྦྱིན་པར་བྱེད། བར་གྱི་རི་ལུང་ནི་སྨུག་པོ་རྫ་དང་སྔོན་མོ་སྤང་། རྩི་ཤིང་ནགས་ཚལ་སོགས་ཀྱིས་བརྒྱན་ཅིང་དྭངས་གཙང་གི་རྫ་ཆུ་བསིལ་མ་ནི་ལྷུང་ལྷུང་དུ་འབབ་པར་བྱེད། མཚོ་འགྲམ་ཀུན་ཏུ་ཡུལ་སྡེ་དང་མགྲོན་ཁང་སོགས་ཀྱིས་ཁྱབ་ཅིང་། མཚམས་ཁ་ཤས་སུ་ཚོང་ལས་ཀྱི་ངོ་བོར་མ་འདྲེས་པའི་གྲོང་སྡེ་དང་དུད་ཁྱིམ་གྱི་བཀོད་པ་ཡིད་དུ་འོང་བ་ཡང་འདུག་གོ །
གསུམ་པ། ར་འོག་ནས་སྤོ་བོར་བསྐྱོད་པ།
གཟའ་མིག་དམར་ཏེ། སྤྱི་ཚེས་བཅུ་ཉིན་ཞོགས་ཟས་སྟབས་བདེ་ཞིག་ཟོས་ནས་མཚོ་འགྲམ་དུ་འཁྱམ་འཁྱམ་ཕྱིན་པ་ཡིན། ཉི་འོད་འཇམ་པོ་ཞིག་མཚོ་ངོགས་སུ་ཕོགས་པ་དང་བསིལ་རླུང་དར་གྱིས་ལྡངས་ཏེ་སྣང་ཁམས་ཡོད་ཚད་ལ་དྭངས་བསིལ་གྱི་སྣང་བས་ཁྱབ་པར་བྱེད། ཡུལ་ཁམས་ཀྱི་བཀོད་པ་ཡིད་དུ་འོང་ཞིང་གནམ་གཤིས་ཀྱི་དྲོ་གྲང་འོས་འཚམ་ཡིན་པའི་དུས་ཀྱི་སྐད་ཅིག་མ་འདིར། འདས་ཟིན་པའི་དོན་དག་དང་། མ་འོངས་པའི་འཆར་གཞི། ད་ལྟའི་དྲན་རྟོག་ཡོད་ཚད་ཅམ་གྱིས་བཞག་སྟེ། རང་བྱུང་གི་ཁམས་ཆེན་པོ་དང་དབྱེར་མེད་དུ་འདྲེས་པར་བྱས། དེ་ལྟར་ཁམས་གསོ་ཡག་པོ་ཞིག་བྱས་རྗེས་མུ་མཐུད་ར་འོག་གྲོང་རྡལ་གྱི་ཁོངས་སུ་གཏོགས་པའི་གངས་རི་ཞིག་ལ་བལྟ་བར་ཕྱིན། གངས་རི་དེ་ནི་ཡུལ་དེའི་མི་སེར་ནས་བདག་བྱས་འདུག ང་ཚོ་གངས་རི་ཡོད་སའི་ལུང་མདའ་དེར་སླེབས་དུས་ཕལ་ཆེར་ང་ཚོ་རབ་བྱུང་བ་ཡིན་པ་མཐོང་ཙམ་ཡིན་པ་འདྲ། འཛིན་བྱང་ཉོ་མི་དགོས་པར་བཏང་སོང་། ཡུལ་འདིའི་ཁ་སྐད་དང་ང་ཚོའི་ཁ་སྐད་གཉིས་ཐག་ཉེ་པོ་ཡིན་པའི་སྣང་བ་ཞིག་བྱིན། དེ་ནས་གངས་རིའི་ཉེ་འདབས་སུ་འབྱོར་དུས་དེར་རས་གུར་ཕུབ་པའི་ཚོང་ཁང་འགའ་ཞིག་འདུག་ལ། དེ་ནས་གངས་རིའི་འགྲམ་དུ་རྟ་འཁྱེར་ནས་འགྲོ་ཆོག་འདུག རྒྱ་རིགས་ཡུལ་སྐོར་བ་ཕལ་མོ་ཆེས་རྟ་ཞོན་པར་བྱེད་ཅིང་། ཁ་ཤས་རྐང་ཐང་དུའང་འགྲོ་བཞིན་འདུག ང་ཚོ་རྐང་ཐང་དུ་སོང་བས་ལམ་བར་དུ་རྟ་འཁྲིད་མཁན་གྱི་ཡུལ་མི་དག་དང་འཕྲད་ཅིང་། ཁོ་ཚོས་ངེད་ཅག་མཐོང་འཕྲལ་དགའ་སྣང་དང་བཅས། ཁྱེད་རྣམ་པ་གངས་རི་བལྟ་བར་འགྲོ་བ་ཡིན་ནམ། ཕ་ཡུལ་གང་ནས་ཡིན། མར་ཡོང་དུས་གུར་ནང་དུ་མེ་འདེ་བར་ཤོག་ལྟ་བུའི་འཚམ་འདྲིའི་སྐད་ཆ་སྣ་ཚོགས་བརྗོད་པར་བྱེད། དེ་ནི་གཅིག་ནས་ངེད་ཅག་བོད་རིགས་ཡིན་པ་དང་ཡང་སྒོས་སུ་རབ་བྱུང་བ་ཡིན་པས་རེད་འདུག ཡུལ་ཁམས་གང་དུ་སླེབས་རུང་བོད་པ་ཞིག་ཡིན་ན་རང་བཞིན་གྱིས་རབ་བྱུང་བ་དག་ལ་དད་གུས་དང་དགའ་སྣང་བྱེད་སྲོལ་འདུག འདི་ནི་ཕལ་ཆེར་བོད་པའི་ཁྲག་རྒྱུན་ནང་རྒྱུ་བའི་གོམས་སྲོལ་ཞིག་ཡིན་པ་འདྲ། ཞོགས་པ་དེར་སྦྲང་ཆར་ཟིམ་ཟིམ་འཐོར་བ་དང་། གངས་དཀར་ལྷ་མོ་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མགྲོན་པོ་དག་ལ་ངོ་སྐྱེངས་ནས་སྤྲིན་དཀར་གྱི་བང་རིམ་གསེབ་ཏུ་བྲོས་པའམ། ཚེ་རབས་གོང་ནས་འདྲིས་ཤིང་འགྲོགས་པའི་མཛའ་གྲོགས་ཤིག་གློ་བུར་དུ་གཞིས་སུ་སླེབས་སྐབས་དགའ་སྐྱོ་འདྲེས་མའི་ཚོར་སྣང་གང་ཞིག་གིས་སྨུག་སྤྲིན་གྱི་ལྭ་བའི་གྲིབ་ཏུ་ཡང་ཡང་ཡིབ་པ་གང་ཡིན་ཆ་མ་འཚལ། ཡིན་ནའང་། ང་རང་ནི་གངས་དཀར་ལྷ་མོ་མཇལ་བ་ལས་ཀྱང་རང་སེམས་དགའ་བ་ནི་ཡུལ་མི་དག་གི་ལྷད་མེད་པའི་འཛུམ་མདངས་དང་འཚམ་འདྲི། ཁོ་ཅག་ལའང་རང་རང་གི་ཡོང་འབབ་འཚོལ་བའི་གོ་སྐབས་བཟང་པོ་ཞིག་འདུག་པ་མཐོང་བ་དེ་རེད། ང་ཚོ་གངས་རིའི་འགྲམ་དུ་བཅར་ནས་གང་འཚམ་བསྡད་རྗེས་ཕྱིར་ལོག་པས་གངས་དཀར་ལྷ་མོས་སུ་ཞིག་བློས་མི་ཐོངས་པ་ལྟར་སྤྱན་ཆབ་དྲག་ཏུ་བསིལ། ང་ཚོས་ཀྱང་གངས་དཀར་ལྷ་མོ་དང་ཡུལ་མི་དག་ལ་གྱེས་ཕྱག་གི་སྨོན་འདུན་བརྗོད་ཅིང་ཕྱིར་ལོག་པའི་ལམ་དུ་ཞུགས།དེ་ནས་ར་འོག་གྲོང་རྡལ་དུ་འབྱོར་བ་དང་ཁ་ལག་གྲུབ་རྗེས་སྤོ་བོ་རྫོང་གི་ཕྱོགས་སུ་བསྐྱོད་པ་ཡིན། སྤོ་བོ་རྫོང་གི་ས་མཚམས་སུ་སླེབས་རིམ་བཞིན་ས་བབ་དམའ་རུ་འགྲོ་བ་དང་། འགག་དོག་ཏུ་འགྲོ་བ། ནགས་ཚལ་གྱི་རྫོངས་མཐུག་ཏུ་འགྲོ་བཞིན་འདུག དེ་ནས་འགག་དོག་ཅིང་ནགས་ཀླུངས་ཀྱིས་རི་ལུང་ཡོངས་སུ་བསྐོར་བའི་སྤོ་བོའི་ཡུལ་ལུང་འགྲིམ་པར་བྱས། ཕྱི་དྲོར་སྤོ་བོ་རྫོང་གི་བོད་རྒྱལ་གཉའ་ཁྲི་བཙན་པོའི་འཁྲུངས་གཞིས་སུ་གྲགས་པའི་གནས་ཀྱི་ཉེ་འགྲམ་དུ་སླེབས། སྤོ་བོ་ནི་རྔམ་བརྗིད་ལྡན་པའི་རི་ཚོགས་ཀྱིས་མཐའ་ནས་བསྐོར་ཞིང་། རི་བོ་དེ་དག་ཀྱང་དཔངས་མཐོ་ལ་གཟར་ཞད་ཆེ་བ། རྩེ་མོ་གངས་དཀར་གྱིས་བརྒྱན་པ། སྐེད་པ་རྫ་རི་སྨུག་པོ་མཆོང་གི་མདོག་ལྟར་མཚར་བ། རི་གསེང་དུ་ནགས་ཚལ་གྱི་རྫོངས་འཐུག་ཅིང་། རི་འདབས་སུ་མཚོ་དང་མཚེའུ་འཁྱིལ་བ། གྲོང་སྡེའི་ཞིང་ཁ་ནང་དུ་པད་ཁའི་མེ་ཏོག་གི་ཚོན་མདོག་རྣམ་པར་བཀྲ་བ། འདབ་ཆགས་ཀྱི་ཚོགས་རྣམས་རང་དབང་གིས་གཤོག་འགྱུར་ངོམས་ཤིང་སྐད་སྙན་སྣ་ཚོགས་སྒྲོག་པ། སྦྲང་ཆར་ནི་ཟམ་མི་ཆད་པའི་ཚུལ་དུ་འཇོ་ཞིང་། རི་གཤམ་གྱི་སྤང་ལྗོངས་ངོས་སུ་ཅང་ཤེས་རྟ་མཆོག་དང་འདོད་འཇོ་བ་མོ་སོགས་ཀྱིས་ཅི་དགར་རྩྭ་ཆུ་ཟས་སུ་རོལ་བ་སོགས་ངོ་མཚར་བའི་ཡུལ་ཁམས་ཤིག་རེད། ང་ཚོས་གནས་དེའི་སྣོད་བཅུད་ཀྱི་དཔལ་ཡོན་ལ་རོལ་ཞིང་མགྲོན་ཁང་ཞིག་ཏུ་མལ་གསོས།
གཟའ་ལྷག་པ་སྟེ། སྤྱི་ཚེས་བཅུ་གཅིག་ཉིན། ང་ཚོ་མགྲོན་ཁང་ནས་ཆས་ཏེ། གཉའ་ཁྲི་བཙན་པོའི་འཁྲུངས་གཞིས་སུ་གྲགས་པའི་ཕུག་པ་དེར་མཇལ་བར་ཕྱིན། འདི་ནི་ཡུལ་སྐོར་བའི་བློ་སྣ་འགུག་པའི་ཐབས་ཤེས་ཙམ་ལས་ལོ་རྒྱུས་དོན་དངོས་ཡིན་པའི་སྣང་བ་གང་ཡང་མི་སྦྱིན་ལ་རང་སེམས་ལ་དགའ་སྡུག་གི་ཚོར་སྣང་གང་ཡང་མ་སྟེར། ཡིན་ནའང་། བྲག་ཕུག་འདི་སྤོ་བོ་ནས་ཉིང་ཁྲི་འགྲོ་སའི་ལམ་བར་དུ་འདུག་པས་དམིགས་བསལ་དཀའ་ལས་གང་ཡང་རྒྱག་དགོས་མི་འདུག དེ་ནས་ལམ་ལ་ཆས་ཏེ། གནའ་མིའི་བཤད་སྲོལ་ལ། ཀོང་པོའི་ཀླུ་ནང་སླེབས་ན། ཨར་ཅོའི་ཕ་ཡུལ་མི་དྲན། ཞེས་སུ་གྲགས་པའི་ཡུལ་དེར་སླེབས། གནས་དེ་ནི་ལྟོས་བཅས་ཀྱིས་རི་ལུང་ཐང་གསུམ་ཡངས་ཤིང་རྒྱ་ཆེ་ལ་སྤང་དང་ནགས་ཚལ་གྱིས་བརྒྱན་པ་ཞིག་རེད། ལྷག་ཏུ་ཡུལ་འདིའི་ཁང་པའི་བཟོ་བཀོད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འདུག ཁང་པའི་བཟོ་བཀོད་འདི་ནི་བོད་ཡུལ་གྱི་ས་ཆ་གཞན་ལ་མེད་ཅིང་། ལྷོ་མོན་དང་འབྲུལ་ཡུལ་སོགས་ལ་ཡོད་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་རེད། མི་ལ་སྒེར་གཤིས་ཡོད་ན་གཞན་གྱི་ཡིད་དབང་འཕྲོག་པ་བཞིན་སྣང་སྲིད་ཁམས་ཀྱི་དངོས་པོ་གཞན་དག་ལའང་རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་ན་ད་གཟོད་ཡིད་དབང་འཕྲོག་པའི་ནུས་པ་དེ་ཡོད་སྙམ། འདིའི་ཐད་ནས་བསམ་བློ་བཏང་ན། ཡུལ་ཁམས་དེའི་འཛུགས་སྐྲུན་གྱི་བཀོད་པ་དང་། ཁ་ཟས་རྒྱན་གོས། ཆོས་ལུགས་རིག་གནས་དག་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་ན་ཕྱོགས་བཞིའི་མགྲོན་པོ་དག་གི་ཡིད་ཀྱི་དྭངས་བ་འདྲེན་ཐུབ། རིགས་ལམ་འདིའི་ཐོག་ནས་ཡུལ་སྐོར་བའི་དགོས་མཁོ་བསྐང་ན་ད་གཟོད་རྒྱུན་རིང་བའི་ཡུལ་སྐོར་ལས་གཞི་གཏོད་ཐུབ། འཛམ་གླིང་གི་མི་ཕལ་ཆེ་བ་ནི་ལྷད་མེད་དྭངས་གཙང་དང་རང་བྱུང་གི་མཛེས་པ། སྲོལ་རྒྱུན་གྱི་རིག་གནས་དང་གོམས་སྲོལ་དག་ལ་དགྱེས་པ་ལས། ཆེད་དུ་བཟོས་པའི་སྨོན་ཚིག་འདོགས་ས་དང་། ངས་གནས་འདི་ནས་ཁྱོད་རང་དྲན་བཞིན་འདུག་ལྟ་བུའི་ཁ་བྱང་དག་ལ་མགུ་བར་མི་འགྱུར་རོ། །
བཞི་པ། གནས་མཆོག་ཀོང་པོ་བོན་རི་དང་བཙན་པོའི་རྡོ་རིང་ལ་མཇལ་བ།
འུ་ཅག་མུ་མཐུད་ལམ་དུ་ཆས་པས་ཉིན་གུང་གི་དུས་སུ་གནས་མཆོག་བོན་རིའི་མདུན་དུ་འབྱོར། ཀོང་པོ་བོན་རི་ནི་གཡུང་དྲུང་བོན་གྱི་གནས་རི་གྲགས་ཆེན་ཞིག་ཡིན་ལ། སྟོན་པ་གཤེན་རབ་མི་བོ་མཆོག་བདུད་འདུལ་བའི་ཆེད་དུ་འོལ་མོ་ལུང་རིང་ནས་གནས་འདིར་ཕེབས་པ་བཤད་སྲོལ་ཡོད། གནས་འདི་ནི་བོན་གྱི་གྲུབ་ཐོབ་རྟོགས་ལྡན་རི་པ་འབྲུག་གསས་མཆོག་གིས་རབ་བྱུང་དྲུག་པའི་ལྕགས་རྟ(༡༣༣༠)ལོར་གནས་སྒོ་ཕྱེས་པ་ཞིག་ཡིན། གནས་རི་འདི་སྐོར་དུས་ཉིན་ལམ་གཉིས་ཙམ་འགྲོ་དགོས་ཤིང་། གཞུང་ནས་སྤྱི་ལེ་སུམ་ཅུ་ལྷག་སོང་རྗེས་ལ་ཆེན་པོ་ཞིག་བརྒལ་དགོས། དེ་ནས་ཐུར་རིང་པོ་ཞིག་བབ་རྗེས་གཞི་ནས་སྐོར་བ་གཅིག་འཁོར་བ་ཡིན། བཤད་སྲོལ་ལ་ལམ་ཐག་སྤྱི་ལེ་བདུན་ཅུ་ལྷག་ཡོད་པར་གྲགས། གནས་མཆོག་འདིའི་གནས་ཡིག་འགའ་ཞིག་བཞུགས་ཡོད་ཅིང་། རྒྱས་ཤོས་ནི་གཏེར་སྟོན་སངས་རྒྱས་གླིང་པ་མཆོག་གིས་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ(༡༧༢༨)ལོར་ཕབ་པའི«བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ»ཞེས་པ་དེ་ཡིན་ལ། ༢༠༢༡ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི་བོན་གྱི་གནས་ཡིག་ཕྱོགས་བསྒྲིགས་སོགས་ཀྱི་ནང་དུ་བཞུགས་ཡོད། ཡུལ་འདིར་གནས་མཆོག་བོན་རི་ཆེན་པོ་ལས་གཞན་གྲི་གུམ་བཙན་པའི་བང་སོར་གྲགས་པའི་མི་ཡུལ་སྐྱིད་མཐིང་གི་དུར་ཁྲོད་དང་། ཏུན་ཧོང་ཡིག་རྙིང་སོགས་ཡིག་ཚང་རྙིང་པ་ཁག་ཏུ་གསལ་བའི་ཀོང་ཡུལ་བྲེ་སྣ་ཞེས་ཀོང་དཀར་པོ་རྗེའི་གནས་ཡུལ། གཞན་ཡང་གཡུང་དྲུང་བོན་དང་བཙན་པོའི་རྒྱལ་རབས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཡོད། བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ཡུལ་འདིར་ངེས་པར་དུ་ལན་གཅིག་ཕེབས་འོས། དེ་ནས་ང་ཚོས་ཉིང་ཁྲི་གྲོང་རྡལ་ནས་ཁ་ཟས་ཟོས་རྗེས་འཆར་གཞི་ལྟར་སྐོར་བ་འགྲོ་ཞོར་བྱས་ནས་གཡུང་དྲུང་མཛེས་ཀྱི་རྡོ་རིང་མཇལ་དུ་བསྐྱོད། དུས་ཡུན་གང་འཚམ་འདས་རྗེས་ཀོང་པོ་དེ་མོའི་རྡོ་རིང་ངམ་གཡུང་དྲུང་མཛེས་ཀྱི་རྡོ་རིང་ཡོད་སར་སླེབས། རྡོ་རིང་འདི་ནི་བོན་རིའི་འདབས་རོལ་དང་ཡར་ཀླུངས་གཙང་པའི་འགྲམ་བརྒྱུད་དེང་གི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གི་གཡུང་དྲུང་མཛེས་གྲོང་ཚོར་གནས་ཡོད། རྡོ་རིང་འདི་ནི་རང་བྱུང་གི་ཕ་བོང་ཆེན་པོ་ཞིག་གི་ལྷོ་ནུབ་ངོས་སུ་རྡོ་རིང་བཞིན་ངོས་སྙོམ་པོར་བཟོས་ནས་ཡིག་འབྲུ་བརྐོས་ཡོད། སྔར་ཡང་ཆག་འཇིག་ཆེན་པོ་མ་སོང་ཞིང་ད་ལྟའང་ཐོག་ཁང་ཕུབ་ནས་སྲུང་སྐྱོབ་ཡག་པོ་བྱས་འདུག་པས། རྡོ་རིང་གི་ཡི་གེ་ཡང་སྤྱིའི་ཆ་ནས་ཀློག་ཐུབ་པར་འདུག འབྲེལ་ཡོད་ཡིག་ཆ་ལས་གསལ་བ་ལྟར་ན། རྡོ་རིང་འདིར་མཐོ་ཚད་ལ་རྨིད༡.༨༥དང་། མགོ་ཞེང་ལ་རྨིད༡.༥༠། སྨད་དུ་རྨིད༡.༦༢ཡོད་ཅིང་ཡིག་ཕྲེང་ཉེར་གཅིག་བརྐོས་ཡོད་པ་དང་། བོད་ཀྱི་བཙན་པོ་ཁྲི་སྡེ་སྲོང་བཙན་མཆོག་གིས་ཀོང་དཀར་པོ་རྗེ་ལ་གནང་བ་ཞིག་ཡིན་པ་གསལ་ཡོད། མ་ཡིག་རྣམས་འབྲེལ་ཡོད་ཡིག་ཆ་ཁག་ཏུ་མཇལ་རྒྱུ་ཡོད། གྲོང་འདིར་གཡུང་དྲུང་མཛེས་ཞེས་འབོད་དགོས་དོན་ཐད་བཤད་སྲོལ་འགའ་ཞིག་འདུག་མོད། གུས་པས་བསམ་ན་རྡོ་རིང་གི་གཤམ་དུ་མཆིས་པའི་གཡུང་དྲུང་གི་རི་མོ་དག་ལ་བརྟེན་ནས་རྡོ་རིང་གནས་ཡུལ་གྱི་གྲོང་ཚོར་མིང་དེ་ལྟར་ཐོགས་པར་འདོད། རྡོ་རིང་གི་འགྲམ་དེར་རྡོ་འབུམ་ཞིག་འདུག་ཅིང་། དེའི་ཁྲོད་དུ་སྤྱན་རས་གཟིགས་སོགས་ཀྱི་སྐུ་བརྙན་བརྐོས་པ་ཧ་ཅང་རྙིང་ཉམས་དོད་པ་དེ་འདྲ་ཡང་འདུགདེ་ནས་ང་ཚོ་མུ་མཐུད་བསྐྱོད་པས་གླང་མཁར་རྡོ་རིང་ཡོད་སར་སླེབས། གླང་མཁར་རྡོ་རིང་ནི། བོན་རིའི་སྐོར་ལམ་དུ་མེད་པར་གཡུང་དྲུང་མཛེས་ནས་ཤར་ཕྱོགས་སུ་སྤྱི་ལེ་བཅུ་བདུན་ཙམ་འདས་པའི་གཙང་པོའི་ཕ་རོལ་ཏེ། སྨིན་གླིང་རྫོང་གཏམ་སྙན་ཤང་དང་ཐག་ཉེ་བའི་གླང་མཁར་སྡེ་བའི་རི་རྒྱབ་ཏུ་གནས་ཡོད། རྡོ་རིང་འདི་ད་ལྟ་ཐོག་ཁང་ཕུབ་པ་དང་ལྕགས་རིས་བསྐོར་ནས་འགྲམ་དུ་བཅར་མི་ཐུབ་པ་བཟོས་འདུག མདུན་དུ་བསང་གཏོང་ས་ཞིག་བཟོས་འདུག་པར་བལྟས་ན་ཡུལ་མི་དག་འདི་ལ་མཇལ་སྐོར་དང་བསང་གཏོང་བར་འགྲོ་བཞིན་པ་ཤེས་ཐུབ། རྡོ་རིང་ངོས་མཐོ་ཚད་ལ་རྨིད༢.༥༥དང་། སྟེང་གི་ཞེང་ཚད་ལ་རྨིད༠.༨༤ འོག་གི་ཞེང་ཚད་ལ་རྨིད༡ མཐུག་ཚད་ལ་རྨིད༠.༢༠ཡོད་པར་བཤད་ཅིང་། རྡོ་རིང་འདི་ནི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སུ་བཞེངས་པར་བཤད། མ་ཡིག་གསལ་པོར་མཇལ་མི་ཐུབ་མོད་ཤ་བོ་མཁའ་བྱམས་ལགས་ཀྱིས་བརྩམས་པའི«བོད་ཀྱི་རྡོ་རིང་སྐོར་གྱི་གནའ་དཔྱད་རིག་པའི་དཔྱད་ཞིབ»ཞེས་པའི་དཔེ་དེབ་ནང་མ་ཡིག་གང་འཚམ་ངོས་བཤུས་བྱས་པ་མཇལ་རྒྱུ་འདུག ཕྲན་ནས་རྡོ་རིང་འདི་གཉིས་སྐོར་གྱི་གནས་ཚུལ་སྔར་ནས་དོ་སྣང་བྱུང་བ་དང་ལྷག་ཏུ་གཡུང་དྲུང་མཛེས་ཀྱི་རྡོ་རིང་གི་ནང་དོན་ཁག་ལ་ཡང་ཡང་མཇལ་མྱོང་མོད། དངོས་སུ་མཇལ་བའི་བསྐལ་བ་ནི་དེ་རིང་མ་གཏོགས་མ་ཤར་བས་སེམས་ལ་ལྷག་ཏུ་དགའ་སྤྲོ་འཕེལ། དེ་ནས་ང་ཚོ་མུ་མཐུད་ཆས་ཏེ་སྨན་རི་གྲོང་དུ་འབྱོར་བ་དང་དེར་ཞག་སྡོད་བྱས།
གཟའ་ཕུར་བུ་སྟེ། སྤྱི་ཚེས་བཅུ་གཅིག་ཉིན་ཞོགས་པ་ཕྱག་ཚོད་བཞི་པ་གཡས་གཡོན་ནས་ཡར་ལངས་ཏེ་ཞོགས་ཇ་བཏུང་བ་དང་། ལམ་གྲོ་དག་ཁུར་ནས་སྐོར་ལམ་དུ་ཞུགས། ཆུ་ཚོད་གཅིག་ལྷག་སོང་རྗེས་བྲག་དཀར་ཞབས་རྗེས་དང་དེ་ནས་རྫོང་ཆུང་ཁར་འབྱོར་བ་དང་བཟའ་བཏུང་རྒྱགས་ཚད་བྱས། རིམ་བཞིན་འགོས་ནས་ཆུ་ལུང་ནང་འབྱོར་བ་དང་། ཆུ་ལུང་ནང་ནས་ཆུ་ཞིག་འཐུང་། ཁ་སྐོམ་ལེ་མིན་ཏེ་རྟེན་འབྲེལ་ཡིན། ཞེས་ཟེར་སྲོལ་ཡོད་པ་ལྟར་དང་པོ་དཀོན་མཆོག་གསུམ་ལ་མཆོད་ཅིང་དེ་ནས་རང་གིས་ཁམ་གང་བཏུང་། མུ་མཐུད་གྱེན་དུ་འགོས་པས་རིམ་བཞིན་སྐྱ་རེངས་བཀྱགས་ཤིང་ནམ་ཡོངས་སུ་གསལ་བར་གྱུར། དེ་ནས་དཀའ་ལས་བརྒྱབ་ནས་མུ་མཐུད་ཡར་འགོས་ཤིང་བར་སྐབས་ཤིག་རང་དགོན་པའི་མཆེད་གྲོགས་འགའ་ཞིག་གི་རྗེས་ཟིན་པ་དང་། དགའ་ཚོར་དང་བཅས་རྟེན་འབྲེལ་བཟང་པོར་བརྩིས་ནས་མཉམ་དུ་ཕྱིན། ཁོང་རྣམ་པ་ག་ལེར་ཕེབས་བཞིན་འདུག་པས། སྔར་གྱི་དཀའ་སྣང་དེ་དག་ཀྱང་རིམ་བཞིན་མེད་པར་གྱུར། བོད་ཀྱི་ཁ་དཔེ་ལ་ཟ་རོགས་ཡག་ན་ཡི་ག་འབྱེད། འགྲོ་རོགས་ཡག་ན་གོམ་ཁ་ཡང་། ཞེས་ཟེར་བ་ལྟར་ཁ་བརྡ་བྱེད་ཞོར་སོང་བས་ཆུ་ཚོད་ཁ་ཤས་མཚམས་ནས་མཚོ་འཕགས༤༦༠༠གཡས་གཡོན་ཡོད་པའི་བོན་རིའི་དབུ་རྩེ་ཀུན་བཟང་ཐུགས་ཀར་སླེབས། ཀུན་བཟང་ཐུགས་ཀ་ནས་གསོལ་སྨོན་རྣམ་དག་གིས་མཚམས་སྦྱར་རྗེས་འོད་ཟེར་འཇའ་ལམ་བརྒྱུད་དེ་ལ་རྒན་དེ་དངོས་སུ་བརྒལ་ཐུབ་པར་གྱུར། སྤྱིར་བཏང་ད་ལྟའི་དུས་ཚོད་ནི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སྐབས་དང་ཁེལ་བས་མང་ཚོགས་གནས་མཇལ་བ་མང་པོ་མི་འདུག་མོད། དེང་གི་ཆར་རྒྱ་རིགས་ཀྱང་གནས་འདི་སྐོར་བའི་ལུགས་སྲོལ་ཞིག་དར་འདུག་པས། དེ་རིང་ཡང་རྒྱ་རིགས་འགའ་དང་འཕྲད། གནས་འདི་བསྐོར་ན་རྒྱུགས་ལེགས་པོ་འཕྲོད་པར་ཕན་ཐོགས་ཡོད་པའི་བཤད་སྲོལ་ཞིག་ཡོད་པ་འདྲ་སྟེ། དེ་རིང་ལམ་བར་ནས་སློབ་མ་མང་པོ་ཞིག་སྐོར་བ་འགྲོ་བཞིན་པ་མཐོང་། དེའི་ཁྲོད་དུ་ཕ་ཡུལ་ཕྱོགས་ཀྱི་སློབ་མ་ཡང་འདུག དེ་ནས་མར་རི་གཤམ་དུ་བབས་པས་དང་ཐོག་རྒྱུག་རྒྱུ་གང་འཚམ་ཡོད་མོད། བར་སྐབས་ཤིག་ནས་དཀའ་ལས་ཁག་ཅིང་ཡང་ཡང་ངལ་གསོ་སྟེ་གྲོ་ཁ་དག་བཟའ་དགོས་པར་གྱུར། དེ་ལྟར་ཆུ་ཚོད་ཁ་ཤས་འདས་རྗེས་གཞི་ནས་རི་འདབས་ཀྱི་གྲོང་སྡེ་ཡོད་སར་འབྱོར། དེ་ནས་ཕྱི་དྲོ་སྟོན་པའི་སྐུ་ཚད་སྐུ་ཤུག་ལྡེམ་དྲུག་སོགས་མཇལ་ཞིང་། དགོང་མོ་ཕྱིར་གསེར་སྐྱེམས་ལ་བརྒྱབ་ནས་ཀླུ་ནང་དུ་ལོག་པ་ཡིན། དེར་བོད་པའི་མགྲོན་ཁང་ཞིག་ཏུ་བསྡད། ད་ཞག་ལྷོ་ལམ་བརྒྱུད་ནས་མགྲོན་ཁང་གི་རིན་གོང་ཆེན་པོ་དེ་འདྲ་རེད་མི་འདུག་སྙམ་པའི་ཚོར་སྣང་བྱུང་། ལམ་བརྒྱུད་ཀྱི་མགྲོན་ཁང་བདག་པོ་དག་གིས་ཡོང་འབབ་ཡག་པོ་མེད་པའི་སྐད་མང་པོ་ཞིག་རྒྱག་གི་འདུག ཕལ་ཆེར་ཉེ་བའི་དུས་སྐབས་ནང་ཚང་མར་དཀའ་ལས་ཏོག་ཙམ་ཁག་ཡོད་པའི་ངང་ཚུལ་མཐོང་ཐུབ། རྒྱལ་ཁབ་བར་གྱི་ཚོང་འབྲེལ་ཡག་པོ་མི་ཡོང་བ་དེས་རྒྱལ་ནང་གི་ཚོང་པ་དག་ལ་ཡོང་འབབ་མེད་པར་གྱུར། དེས་དབྱར་རྩྭ་དགུན་འབུ་སོགས་བོད་ཁུལ་གྱི་ཐོན་རྫས་དག་རིན་གོང་མེད་པར་གྱུར་ཅིང་། ཡུལ་སྐོར་བར་ཁ་ཕྱོགས་པའི་ཚོང་ལས་པ་དག་གིས་ཁེ་སྐྱེད་མི་རགས་པར་གྱུར། ལྷག་ཏུ་དབྱར་རྩྭ་དགུན་འབུ་ལ་གོང་ཚད་མེད་ན་རང་བཞིན་གྱིས་བོད་ཁུལ་གྱི་ཚོང་ལས་སྣ་ཚོགས་དང་། བོད་ཁྲོམ་ལ་ཁ་ཕྱོགས་པའི་ཚོང་པ་དག་ལམ་འགྲོ་མི་རྒྱུག་པར་གྱུར་པ་རེད་དྲན།
གཟའ་པ་སངས་ཏེ། སྤྱི་ཚེས་བཅུ་གཉིས་ཉིན། ང་ཚོ་ཞོགས་ཟས་གྲུབ་པ་དང་། མགྲོན་ཁང་གི་རྒྱབ་ཕྱོགས་ཀྱི་རི་འདབས་སུ་ལྟད་མོ་བལྟ་བར་ཕྱིན། དངོས་གནས་ཀླུ་ནང་གི་ཁོར་ཡུག་ནི་ཆེས་ཡིད་དུ་འོང་བ་ཞིག་རེད། དཀྱེལ་ཡངས་པའི་རི་ལུང་དང་། མེ་ཏོག་གི་དྲི་ཞིམ་ཕྱོགས་སུ་འཐུལ་བའི་སྒང་གཤོང་། ལྷག་ཏུ་དེ་རིང་གནམ་ངོ་དྭངས་ཤིང་། མདང་ནུབ་སྦྲང་ཆར་གྱིས་བྱབས་ཁྲུས་བྱས་པའི་སྤངས་ལྗོངས་དང་རི་ལུང་ངོས་སུ་གཤིས་འཇམ་གྱི་ཉི་མ་གཞོན་ནུས་བདུད་རྩིའི་ཟིལ་ཐིགས་ཕྱོགས་སུ་གཏོར་བ། བསིལ་རླུང་འཇམ་པོ་ཞིག་གིས་ལུས་ཕུང་ལ་བྱིལ་བྱིལ་གཏོང་ཞིང་། ག་ལེར་ནང་སེམས་ཀྱི་འཇིག་རྟེན་དུ་ལྷོད་བདེ་བག་ཕེབས་ཀྱི་སྣང་བས་ཁྱབ་པར་བྱེད། གསེར་སྲང་སྟོང་གིས་མི་ཁུག་པའི་དྭངས་གཙང་གི་མཁའ་དབུགས་དེས་ཀྱང་རྙོག་མས་ཁེངས་པའི་དབུགས་ཀྱི་རྒྱུ་ལམ་དག་ཉི་ཧོང་གི་གྲུག་ཞེན་པ་དག་གིས་རང་གི་སྡོད་གནས་གཙང་སེལ་བྱེད་པ་ལྟར་དག་ཅིང་གཙང་བར་བྱེད། དེ་ལྟར་ལྷ་ཡུལ་མིན་ཀྱང་ལྷ་ཡུལ་གྱི་བཀོད་པ་ཡོངས་སུ་རྫོགས་པའི་ཡུལ་ཁམས་འདིས་འུ་ཅག་གི་ལུས་སེམས་ཀྱི་ངལ་བ་ཐ་དག་སྐད་ཅིག་ཏུ་གཞོམ་པར་བྱེད། རྒྱ་རིགས་རྒན་ཁོག་གཉིས་ཀྱིས་ཟེར་ན། ཁོ་གཉིས་ཀྱིས་ཉིན་གསུམ་རིང་འདིར་བསྡད་ནས་གནམ་གཤིས་འདི་འདྲ་ཞིག་ལ་བསྒུགས་པ་ཡིན་ཟེར། ཁོ་གཉིས་ནས་བོད་ཡུལ་གྱི་ཡུལ་ལུང་གང་སར་སྨན་ལྡུམ་གྱིས་ཁེངས་འདུག་ཟེར་ནས་ཡ་མཚན་སྣང་བྱེད། དེ་ལྟར་ང་ཚོ་ཁ་བརྡ་བྱས་ཤིང་གུས་པས་ཀྱང་ཁོ་གཉིས་ལ་དྲན་པ་ཉེ་བར་འཇོག་སྟངས་ཟུར་ཙམ་ཞིག་བསླབས་པས་ཁོ་གཉིས་ཀྱང་རབ་ཏུ་དགའ་བར་གྱུར། དེ་ནས་ང་ཚོས་གནས་དེའི་མཛེས་སྡུག་ལ་མྱོང་རོལ་ཡིད་ཚིམ་པ་ཞིག་བྱས་རྗེས་ཕྱིར་རང་དགོན་དུ་ལོག་པའི་ལམ་དུ་ཞུགས། དེ་ལྟར་ང་ཚོ་ཀླུ་ནང་ནས་སྤོ་བོ་དང་། དེ་ནས་རྡོ་རྗེ་ཤང་། དེ་ནས་ཁངས་ཡུལ་ཤང་། དེ་ནས་ལྷོ་རོང་རྫོང་བརྒྱུད་དེ་སོང་བས། དགོང་མོ་ཤིང་རོང་ཤང་གི་སྦས་ཐོ་གྲོང་ཚོའི་འདབས་རོལ་དུ་སླེབས་དུས་ས་རུད་ཀྱིས་ལམ་བཀག་ཡོད་པ་མཐོང་། དེ་ནས་ཡུལ་དེར་བཞུགས་པའི་མཆེད་གྲོགས་ཁ་ཤས་ཡིད་ལ་དྲན་ནས་ཁོང་རྣམ་པར་གནས་ཚུལ་ཞུས་པས། གློག་འཁྱུག་པ་ལྟར་ཕེབས་ནས་ལམ་གྱི་བར་ཆད་ཡོངས་སུ་སེལ་རོགས་བྱས། ཁོང་རྣམ་པར་བཀའ་དྲིན་ཆེ་ཞུ། ཁོང་རྣམ་པ་ནི་སྟོབས་རྩལ་ཡོངས་སུ་རྫོགས་པའི་སྟག་མོ་ཞིག་དང་འདྲ་བར། ལམ་དཀྱིལ་དུ་ལྷུང་བའི་ཤིང་སྡོང་དེ་སྐད་ཅིག་ཏུ་བཅད་གཏུབ་བྱས་ཤིང་། ཕ་བོང་ཆེན་པོ་དག་ཀྱང་འབྲུ་དགའ་བདེས་རི་བོ་འདེགས་པ་བཞིན་གཙང་སེལ་བྱས། ཡིན་ནའང་། ཆེས་སྙིང་དུ་སྡུག་པ་ནི་ཁོང་རྣམ་པའི་ཤེད་རྩལ་དག་མ་ཡིན་པར་རང་གི་ལྷམ་དང་གྱོན་ཆས་རློན་པ་ཆགས་ཤིང་། དཀའ་སྡུག་ཆེ་ནའང་ཇི་མི་སྙམ་པར་ལྷག་བསམ་རྣམ་དག་དང་ནུས་ཤུགས་ཡོད་རྒུས་ང་ཚོར་རོགས་བྱེད་པ་དེ་རེད། སྤྱིར་བཏང་གྲྭ་ཆུང་དག་གི་རོགས་རམ་གྱིས་ནམ་རྒྱུན་དུ་ཡིད་འགུལ་ཐེབས་པར་བྱེད།
དེ་ནས་མུ་མཐུད་སྨག་ནག་གི་རྔམ་ཁ་གཤགས་ཏེ་ཡོང་བས་མཚན་མོའི་ཕྱག་ཚོད་བཅུ་གཅིག་གཡས་གཡོན་ཐོག་རང་དགོན་དུ་བདེ་བར་འབྱོར། མཇུག་ཏུ་ཞུ་འདོད་པ་ནི་ལམ་བར་ནས་མཐུན་སྦྱོར་གནང་མཁན་གྱི་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ཅག་ཁ་ལས་དགེ་ཞིང་ནམ་ཡང་བདེ་སྐྱིད་ལྡན་པར་ཤོག ཐ་ཚན་མུ་ཙུག་སྨར་རོ། །
ཟུར་བཀོད་པར་རིས། པར་ལེན་མཁན། རྩོམ་པ་པོ།

ལྡེམ་ཤོད་ཝ་དག་བཀྲ་ཤིས་ཐང་།

ར་འོག་མཚོ་འགྲམ་གྱི་རྩྭ་ར།

སྤོ་བོའི་ཡུལ་དང་པད་ཁའི་མེ་ཏོག

ཀོང་ཡུལ་གྱི་ཡར་ལུང་གཙང་འགྲམ།

ཀོང་པོ་གཡུང་དྲུང་འཛིན་རྡོ་རིང་།

སྤྱན་རས་གཟིགས་ཀྱི་སྐུ་བརྙན།

རྡོ་འབུམ།

ཀོང་པོ་གླང་མཁར་རྡོ་རིང་།

ཀོང་པོ་ཀླུ་ནང་གི་ཁང་པའི་བཟོ་བཀོད།

ཀོང་པོ་ཀླུ་ནང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号