ངོས་དང་པོ > ལོ་རྒྱུས། > རྒྱལ་རབས་ལོ་རྒྱུས། > ༄༅། །རྒྱལ་ཆེན་བང་སོའི་རྡོ་རིང་གི་མ་ཡིག་བསྐྱར་བཤུ་དང་བུ་ཡིག་གི་བྱུང་བའི་སྐོར་ལ་དཔྱད་པ།
༄༅། །རྒྱལ་ཆེན་བང་སོའི་རྡོ་རིང་གི་མ་ཡིག་བསྐྱར་བཤུ་དང་བུ་ཡིག་གི་བྱུང་བའི་སྐོར་ལ་དཔྱད་པ།
རྩོམ་པ་པོ།:ཤ་བོ་མཁའ་བྱམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-25 08:40:55
ཀློག་གྲངས།:
༄༅། །རྒྱལ་ཆེན་བང་སོའི་རྡོ་རིང་གི་མ་ཡིག་བསྐྱར་བཤུ་དང་བུ་ཡིག་གི་བྱུང་བའི་སྐོར་ལ་དཔྱད་པ།
ཤ་བོ་མཁའ་བྱམས།
ནང་དོན་གནད་བསྡུས། རྒྱལ་ཆེན་བང་སོའི་རྡོ་རིང་ནི་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ཁག་ལས་ནང་དོན་རྒྱས་ཤོས་དང་བསླངས་པའི་ལོ་ཚིགས་གསལ་བ། བརྐོས་རིས་སྣ་མང་ཤོས་དང་ད་ལྟའི་བར་གནས་འགྱུར་མ་བྱུང་བའི་རྡོ་རིང་ཡིན་པའི་ཆ་ནས་རྒྱལ་ཕྱི་ནང་གི་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཞིབ་འཇུག་པའི་སྡེ་ནས་དོ་སྣང་ཤུགས་ཆེར་གནང་བཞིན་པ་དང་ད་ལྟའི་བར་ཞིབ་འཇུག་གི་འབྲས་བུ་ཡང་མི་དམན་པ་བླངས་ཡོད། ཡིན་ཡང་ཅུང་ཕངས་པ་ནི་ད་ལྟ་ང་ཚོར་ཡོད་པའི་དཔེ་དེབ་ཁག་ཏུ་བསྡུ་རུབ་གནང་པའི་བུ་ཡིག་ཁག་ལོ་ངོ་བཞི་བཅུ་ལྷག་གི་གོང་དུ་བཤུས་པ་ཡིན་ལ། ཕན་ཚུན་བར་ཕབ་ཁྱད་ཅུང་ཆེ། ཐེངས་འདིར་སྤྱི་ལོ2012-2013ལོའི་གནའ་དཔྱད་རྟོག་ཞིབ་སྐབས་ཀྱི་གབ་རིས་བླངས་པ་གཞི་བྱས། རྒྱུག་ཆེ་བའི་བུ་ཡིག་ཁག་ཕན་ཚུན་བསྡུར་བ་བྱས་རྗེས་ཡི་གེ་མ་དག་པ་དག་པར་བཅོས། སྔ་མ་བཤུ་མ་ཐུབ་པ་ཁ་བསྐངས། དེ་བཞིན་རྡོ་རིང་འདིའི་ལོ་རྒྱུས་སྟེང་གི་བུ་ཡིག་ཁག་གི་བྱུང་བ་དང་འབྲེལ་ཡོད་གནས་ཚུལ་ཁག་ལ་དབྱེ་ཞིབ་ཅུང་ཞིབ་པར་བྱས་ཡོད།
གནད་ཚིག །ཁྲི་ལྡེ་སྲོང་བཙན། བང་སོ་རྒྱལ་ཆེན་འཕྲུལ། མ་ཡིག །
རྒྱལ་ཆེན་བང་སོའི་རྡོ་རིང་ནི་རྒྱལ་བོ་ཁྲི་ལྡེ་སྲོང་བཙན་སྐུ་བཀྲོངས་པའི་ལོ་སྟེ་སྤྱི་ལོ815ལོའི་སྔ་ཕྱིར་བསླངས་ཞིང་། བོད་ཀྱི་རྡོ་རིང་ཁག་ལས་ནང་དོན་རྒྱས་ཤོས་དང་བརྐོས་རིས་ཕུན་སུམ་ཚོགས་པ། ད་ལྟའི་བར་གནས་འགྱུར་མ་བྱུང་པའི་རྡོ་རིང་ཡིན་པའི་ཆ་ནས་རྒྱལ་ཕྱི་ནང་གི་བོད་བཙན་པོའི་ལོ་རྒྱུས་ཞིབ་འཇུག་པའི་སྡེ་ནས་དོ་སྣང་ཤུགས་ཆེར་གནང་བཞིན་པ་དང་ད་ལྟའི་བར་ཞིབ་འཇུག་གི་འབྲས་བུ་ཡང་མི་དམན་པ་བླངས་ཡོད། ཡིན་ཡང་ཅུང་ཕངས་པའི་གནས་ཤིག་ལ་ད་ལྟ་ང་ཚོར་ཡོད་པའི་དཔེ་དེབ་དག་ཁག་ཏུ་བསྡུ་རུབ་གནང་པའི་བུ་ཡིག་ཁག་ལོ་ངོ་བཞི་བཅུར་ཉེ་བའི་གོང་དུ་བཤུས་པ་ཡིན་ལ། སྔ་མ་རྣམས་པར་ལ་རྟེན་པའམ་མིག་གིས་གང་མཐོང་བཤུས་པ་ཙམ་ཡིན་པས་ཕབ་ཁྱད་ཆེ་བ་སོགས་མི་འདང་པའི་ཆ་མང་། ཐེངས་འདིར་བོད་བཙན་པོའི་བང་སོའི་གནའ་དཔྱད་རྟོག་ཞིབ་ཀྱི་ལས་གཞི་དང་བསྟུན་རྡོ་རིང་གི་མ་ཡིག་དངོས་ལ་མདུན་བཅར་རྟོག་ཞིབ་དང་གབ་རིས་བླངས་པ་བརྒྱུད་བུ་ཡིག་ཁག་གི་ཕབ་ཁྱད་གཅིག་གྱུར་དང་གསར་པ་ཁ་སྐོང་། བུ་ཡིག་ཇི་ལྟར་བྱུང་བའི་ལོ་རྒྱུས་སྐོར་ངོ་སྤྲོད་ཅུང་ཞིབ་པར་བྱས་ཡོད།
དང་པོ། རྡོ་རིང་གི་གནས་སྟངས་དང་ཞིབ་འཇུག་གི་གནས་ཚུལ།
རྡོ་རིང་འདི་འཕྱོང་རྒྱས་རྫོང་མུ་ར་རིའི་རི་འདབས། ཁྲི་ལྡེ་སྲོང་བཙན་གྱི་བང་སོའམ་བང་སོ་རྒྱལ་ཆེན་འཕྲུལ་གྱི་ཤར་ལྷོའི་ཟུར་གྱི་ཁང་པའི་ནང་ཡོད་ཅིང་། རྒྱལ་ཆེན་བང་སོའི་རྡོ་རིང་ཡིན་པའི་ཆ་ནས་མཚན་ལ་ཡང་རྒྱལ་ཆེན་བང་སོའི་རྡོ་རིང་ཞེས་ཐོགས་ཡོད། རྡོ་རིང་ལ་ཞབས་རྭ་དང་དངོས་གཞི། ཆར་ཁེབས་གསུམ་གྱིས་གྲུབ་ཡོད་ཅིང་སྤྱིའི་མཐོ་ཚད་ལ་རྨིད7.18ཡོད།

པར་དང་པོ། རྡོ་རིང་གི་སྐྱ་རིས།
རྡོ་རིང་གི་ཆར་ཁེབས་ཀྱི་རྩེ་མོའི་མཐོ་ཚད་ལ་རྨིད0.9ཅན་གྱི་ནོར་བུ་དང་འོག་པད་འདབ་ཆུང་བ་བཅུ་དྲུག །ཆར་ཁེབས་ནི་རྒྱའི་ཁང་ཐོག་གི་བཟོ་བཀོད་ལ་མཐའ་བཞིར་སྤྲིན་པ་ལྡིང་པའི་རི་མོ་དང་། ཁེབས་འོག་གི་དཀྱིལ་གྲུ་བཞི་སྟོང་བའི་ངོས་བཞིར་སྤྲིན་རིས་དང་ཟུར་བཞིར་ཚ་བའི་ཡུལ་གྱི་ཁྱད་ཆོས་ལྡན་པའི་མཆོད་པའི་ལྷ་མོ། དེ་བཞིན་ཤར་ནུབ་ཀྱི་མཐའ་རུ་ཉི་ཟླའི་རི་མོ་བརྐོས་ཡོད་ཅིང་། ཆར་ཁེབས་རིང་ཚད་ལ་རྨིད1.25དང་། ཞེང་ལ་རྨིད0.89 མཐུག་ཚད་ལ་རྨིད0.4ཡོད། རྡོ་རིང་གི་ངོས་བྱང་དུ་འཁོར་ཡོད་ལ། སྟེང་དུ་ཉི་ཟླའི་གཟུགས་དང་། དེའི་འོག་ཏུ་ཡིག་རྙིང་ཐིག་ཕྲེང59དང་། ཐིག་ཕྲེང་རེའི་བར་ཁྱད་ལ་རྨིད0.1ཡོད། རྡོ་རིང་གི་རྒྱབ་ངོས་སྟོང་བ་ཡིན་ལ། རྡོ་རིང་གི་ཟུར་གཉིས་སུ་སྒང་གཡུ་འབྲུག་གཤོག་ལྡན་གཉིས་མཁའ་ལ་འཕུར་བའི་རྣམ་པ་དང་དེའི་གཤམ་དུ་པད་འདབ་སྟེང་སྦྲུལ་རྔ་མ་འཁྱིལ་ཞིང་མགོ་བོ་དགྱེ་བ་བཞི་ཡོད། རྡོ་རིང་དངོས་གཞིའི་རིང་ཚད་ལ་རྨིད5.6དང་། སྟེང་གི་ཞེང་ཚད་ལ་རྨིད0.78 མཐུག་ཚད་ལ་རྨིད0.42 གཤམ་གྱི་ཞེང་ཚད་ལ་རྨིད0.94 མཐུག་ཚད་ལ་རྨིད0.52ཡོད། རྡོ་རིང་གི་ཞབས་རྭ་སྟེགས་བུ་རྨིད1ཅན་གྱི་སྟེང་རུས་སྤལ་ཡོད་ལ། དབུ་མདུན་དུ་རྒྱངས་ནས་རྐང་ལག་བསྐུམས་པ། རྒྱབ་རིས་ཟུར་དྲུག་མས་བརྒྱན་ཡོད་ཅིང་། རུས་སྤལ་གྱི་མཐོ་ཚད་ལ་རྨིད0.84དང་། ལུས་ཀྱི་རིང་ཚད་ལ་རྨིད2.02 ཞེང་ལ་རྨིད1.86 སའི་གཏིང་རིམ་སྔོག་མྱོང་མེད་པས་སྤྱིའི་མཐོ་དམའ་མི་གསལ་ལ། སྒལ་སྟེང་གི་ཤུར་གྲུ་བཞིའི་གཤོངས་ལ་རྡོ་རིང་བསླངས་ཡོད།(པར་དང་པོ་དང་གཉིས་པ། གསུམ་པར་གཟིགས།)

པར་གཉིས་པ། ཆར་ཁེབས་འོག་གི་སྐྱ་རིས།
སྤྱི་ལོ1948དང་སྤྱི་ལོ1949ལོར་དབྱི་ཐ་ལི་བ་ཐུའུ་ཆིས་དང་རས་ཆར་རྡི་སིང་གཉིས་སྔ་ཕྱིར་ཡུལ་དངོས་རྟོག་ཞིབ་ལ་ཕེབས་ཡོད་པ་དང་། སྔ་མས་སྤྱི་ལོ1950ལོར«བཙན་པོའི་བང་སོ»བྱ་བའི་དེབ་དུ་རང་ཉིད་ཀྱིས་ངོ་བཤུས་བྱས་པའི་ས་སྟེང་གི་ཐིག་ཕྲེང22དང་ཕྱི་མས་ཕྱི་ལོར་ས་བསྔོགས་པ་ལ་བརྟེན་ནས་གསར་དུ་ཐིག་ཕྲེང25བཤུས་པ་བཅས་བསྡོམས་པས་ཐིག་ཕྲེང46གི་ཡིག་རྙིང་ལ་འགྲེལ་བཤད་དང་ཡིག་བསྒྱུར་བྱས་ཡོད།[1] སྤྱི་ལོ1969ལོར་རས་ཆར་རྡི་སིང་གིས་ཀ་ཐོག་ཚེ་དབང་རིག་འཛིན་ནོར་བུས་ཉར་ཚགས་གནང་བའི་ཡིག་རྙིང་ཐིག་ཕྲེང29ཅན་གྱི་ཕྱི་མོའི་སྟེང་དེ་སྔ་རང་གིས་བཤུས་པའི་ཡི་གེ་དང་པར་རྨང་གཞི་བྱས་ནས«ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་གི་ཡི་གེ»ཅེས་པའི་ཆེད་རྩོམ་དུ་འབྲེལ་ཡོད་གནས་ཚུལ་ལ་ཞིབ་འཇུག་གནང་ཡོད་པ་དང་།[2] རྡོ་རིང་གི་མ་ཡིག་ཕྱིས་ཀྱི«རྡོ་རིང་དང་ཅོང་ཡིག་ཕྱོགས་བསྒྲིགས»སུ་ཡང་བསྡུས་ཡོད།[3] སྤྱི་ལོ1977ལོར་ཉི་ཧོང་བ་ཐཱ་ཁ་ས་ཁེ(Takasaki)ལགས་ཀྱིས་ཀ་ཐོག་གིས་ཉར་པའི་རྡོ་རིང་གི་མ་ཡིག་ཉི་ཧོང་སྐད་དུ་ཡིག་བསྒྱུར་དང་ཞིབ་འཇུག་བྱས་པ་དང་།[4] སྤྱི་ལོ1982ལོར་བང་ཡོ་ནས་རང་གིས་ངོ་བཤུས་བྱས་པ་དང་རས་ཆར་རྡི་སིང་གིས་ངོ་བཤུས་གཉིས་རྒྱ་འགྱུར་བྱས་ཡོད།[5] སྤྱི་ལོ1984ལོར་བོད་ལྗོངས་རིག་དངོས་ཨུ་ཡོན་ལྷན་ཁང་གིས་ས་བསྔོགས་ནས་རྡོ་རིང་ཡོངས་སུ་ས་ཁར་བཏོན་པ་དང་། ས་ལོག་ཏུ་ལུས་པའི་རྡོ་རིང་གི་ཐིག་ཕྲེང་བཅུ་གཉིས་པོ་ཐོག་མར་ངོ་བཤུས་དང་རྒྱ་འགྱུར་གནང་ཡོད།[6] སྤྱི་ལོ1987ལོར་ཨ་རིའི་རྒྱ་མི་ལིས་ཧྥང་ཀེ་དང་ཁི་ཝེ་ནན་གཉིས་ཀྱི«བོད་ཀྱི་རྡོ་རིང་དང་ཅོང་ཡིག»ཏུ་རྡོ་རིང་འདིའི་ཡི་གེ་ཆ་ཚང་ཐོག་མར་ཕྱོགས་བསྒྲིགས་དང་སྔ་མོའི་ཞིབ་འཇུག་གི་རྨང་བྱས་ནས་དབྱིན་འགྱུར་གསར་པ་གནང་ཡོད།[7] སྤྱི་ལོ2011ལོའི་རྒན་པ་སངས་དབང་འདུས་ཀྱི་རྡོ་རིང་སྐོར་གྱི་ཆེད་དེབ་དུ་བང་ཡོ་དང་ལིས་ཧྥང་ཀེ་ཡི་རྡོ་རིང་མ་ཡིག་རྨང་གཞི་བྱས། དེའི་སྟེང་ཀ་ཐོག་གི་མ་ཡིག་ལ་གཞི་བཅོལ་ནས་རྡོ་རིང་ཡོངས་ཀྱི་ཡིག་འབྲུ73ལ་ཞུས་དག་གནང་ཡོད།[8] གོང་དུ་བསྟན་པ་ཁག་རྡོ་རིང་གི་མ་ཡིག་བཤུ་ཚུལ་ལ་མི་འདྲ་བའི་ཆ་ཡོད་པ་ཕུད། ཕྱི་མ་རྣམས་སྔ་མའི་རྨང་གཞིའི་སྟེང་ཞུས་དག་པར་ཡོང་བའི་ཁུལ་ཡིན་པས་ཞིབ་ཏུ་ངོ་སྤྲོད་གནང་པ་ཡིན་ལ། གཞན་དུ་ནི་ལོ་འདི་དག་རིང་གསར་བསྒྲིགས་བྱས་པའི་རྡོ་རིང་དང་བརྡ་རྙིང་གི་དུས་དེབ་སོགས་སུ་རང་ལག་གང་ཆུད་ཀྱིས་བཅུག་ཡོད་པ་མང་མོད་ཞིབ་ཏུ་ངོ་སྤྲོད་ཀྱི་དགོས་པ་ཆེར་མ་མཐོང་།[9]

པར་གསུམ་པ། རྡོ་རིང་དངོས།
གཉིས་པ། རྡོ་རིང་ངོ་བཤུས་བསྐྱར་མ་དང་དེའི་དགོས་མཁོའི་སྐོར།
དེང་གི་རིག་གཞུང་ཞིབ་འཇུག་པའི་སྡེ་རུ་རྡོ་རིང་འདིའི་ཡི་གེའི་མ་ཕྱི་མི་འདྲ་བ་མང་དུ་ཡོད་མོད། ཕན་ཚུན་ཞིབ་དུ་དཔེ་བསྡུར་གནང་དུས་ཕབ་ཁྱད་ཅུང་ཆེ། ཕབ་ཁྱད་ནི་གི་གུ་ཁ་ཕར་འཁོར་ཚུར་འཁོར་དང་། ཤད་དང་ཚེག་གཅིག་གཉིས་ཀྱི་གནད་དོན་མིན་པར་མཚམས་རེར་དོན་ལ་ཡང་ཁྱད་འབྱུང་ཞིང་། ལྷག་པར་སྤྱི་ལོ1982ལོའི་གཞུག་ཏུ་ཡུལ་དངོས་འགྲིམས་པའམ་གབ་རིས་ལ་བརྟེན་ནས་བསྐྱར་དུ་བཤུས་པ་བྱུང་མེད། ལྷག་པར་སྤྱི་ལོ2011ལོར་རྒན་པ་སངས་དབང་འདུས་ལགས་ཀྱིས་རྡོ་རིང་ཡི་གེ་བཤུས་མ་རྒྱུག་ཆེ་བ་ཁ་ཤས་དཔེ་བསྡུར་གྱིས་ཞུས་དག་གནང་ཡོད་པས་ཁུངས་བཙུན་པར་ཆགས་ཡོད་ཀྱང་། གཅིག་ནས་ཁོང་གི་ཁུངས་གང་ཡིན་མི་གསལ་ལ། གཉིས་ནས་ངེད་ཚོས་གབ་བཤུས་བླངས་པའི་མ་ཡིག་དང་བསྡུར་བ་བྱེད་དུས་བཅོས་ཐལ་དྲགས་པའི་ཆ་ཡོད་པ། གསུམ་ནས་གབ་རིས་ལས་ཡིག་འབྲུ་བཞི་བཅུ་ལྷག་ཁ་གསབ་བྱུང་བའི་ནང་དོན་ཁ་ཤས་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཀྱི་གལ་གནད་དང་འབྲེལ་ཡོད་ཅིང་། ཞོར་ནས་ད་སྔ་རྒྱུགས་ཆེ་བའི་རས་ཆར་རྡི་སིང་དང་། བང་ཡོ། རྒན་པ་སངས་དབང་འདུས་གསུམ་གྱི་མ་ཡིག་རིགས་བསྡུར་གྱིས་ཡི་གེ་གང་དག་ཁུངས་བཙུན་པ་དང་། ཡི་གེ་གང་དག་ཀ་ཐོག་གི་མ་དཔེ་ལས་ཁ་གསབ་གནང་བ། གང་དག་གསར་དུ་བསྐངས་པ་རྣམས་མཆན་དུ་གསལ་བོར་བཀོད་ནས་དེང་གི་རྡོ་རིང་ཡི་གེ་ཇི་ལྟར་གྲ་རྒྱས་སུ་སོང་བའི་རིམ་པ་ངོ་སྤྲོད་གསལ་བོར་གནང་ཡོད་ལ། ཡིད་མི་ཆེས་པའམ་དོགས་གཞི་འདྲ་ཡོད་ན། སྨྱུག་འཛིན་མཁན་པོའི་སོར་རྩེའི་མ་རགས་པའི་གབ་རིས་དང་བསྡུར་རྒྱུ་གལ་ཆེ།(པར་བཞི་བར་གཟིགས།)མ་ཡིག་དངོས་གཤམ་གསལ།(1)༄། །བཙན་པོ་ལྷ་སྲས།[10]འོ་དེ་སྤུ་རྒྱུལ། །གནམ་གྱྀ་
(2)ལྷ་ལས་མྱྀའི་རྗེར་གཤེགས་པ། །[11]ཆོས་ལུགས་བཟང་
(3)པོ་ནི་གཞར་གཙུག་མྱྀ་འགྱུར། །མངའ་ཐང་ཆེན་པོ་ནི་ནམ་[12]
(4)ཀྱང་བྱྀན་མྱི་ཉམསྟེ།[13]ཆབ་སྲྀད་ནི་ཕྱིར་ཞྀང་ཆེ། །དབུ་རྨོག་
(5)ནི་ཡུན་ཏུ་[14]བརྩན་པའྀ། །གཡུང་དྲུང་གི་གཙུག་ལག་ཆེན་པོ་
(6)བཞིན་དུ། །བཙན་པོ་ལྷ་སྲས་ཁྲྀ་ལྡེ་སྲོང་བཙན། མྱྀའི་རྗེ་
(7)མཛད་པ། །ལྷའྀ་ལུགས་དང་འཐུན་པར་ནི་མངའ་ཐང་ཆེ།
(8)གནམ་གྱྀ་ཆོས་དང་མཚུངས་པ་ནི། །བཀའ་བརྩན་ཏེ།
(9)ཐུགས་སྒམ་པོའི་རླབས་དང་། བཀའ་ལུང་བཟང་པོའྀ་[15]
(10)ལུགས་ཀྱིས། ཕྱྀ་ནང་གཉིས་སུ་ལེགས་ཤིང་། ཆབ་སྲྀད་ཆེ་
(11)བའི་[16]ཚུལ། །ནམ་དུ་ཡང། མྱི་ཡོངས་ཀྱིས་ཤེས་པར། མདོ་
(12)ཙམ་ཞྀག་རྡོ་རིངས་ལ་བྲྀས་པའོ། །[17]
(13)༄། །བཙན་པོ་ལྷ་སྲས། ཁྲྀ་ལྡེ་སྲོང་བཙན། ལྷ་འཕྲུལ་གྱྀ་
(14)ཞ་སྔ་ནས། །ཐུགས་སྒམ། །ཁོང་ཡངས། བཀའ་བརྟན། ཟུང་ཐུབ།
(15)ཐུགས་སྟོབས་ཆེའོ། རང་ཉྀད་དེ་ལྟ་བས་ན། འགྲེང་གྀ་[18]
(16)རྗེ་མཛད་ན་ཡང་། །མྱྀ་དགོས་པའི་ལས་ཀྱི་མུ་བསྐྱུངས་པས་
(17)ནང་དུ་འཁྲུགས་པ་དང་། །མྱྀ་བདེ་བ་མྱེད་ཅྀང་། །བོད་ཡོངས་ཀྱིས་
(18)ཁོངས་ལ་ཡུལ་ཕྱུག་སྟེ།[19]འབངས་སྐྱྀད་[20]དོ། །ནམ་ཞར། དབོན་
(19)སྲས་རྒྱུད་ཀྱི་ཆབ་སྲྀད་བརྟན་ཞིང་། འབངས་སྐྱྀད་པར་བྱ་བའི་[21]
(20)གདམས་ངག་དང་། །ཕྱྀའི་དགྲ་འདུལ་བའྀ་བྱིན་གྱྀ་དགྲའ་ཐབས་[22]
(21)སྔོན་མེད་པའྀ་བཟང་པོ་བཀའ་ལུང་དུ་བཞག་སྟེ། །ཡུན་གྱྀ་ལེགས་[23]
(22)པ་ཡང་རྒྱ་ཆེར་དགོངས་སོ། ལྷ་འཕྲུལ་གྱྀ་ཞ་སྔ་ནས་མཐའ་
(23)བཞི་ཕྱོགས་བརྒྱད་དུ། བཀའ་བཙན། །ཆབ་སྲྀད་ཆེ་སྟེ། །ཤར་ཕྱོགས་
(24)རྒྱལ་པོ་ཆེན་པོར་རྒྱ་འདུག་པ་དང་། བར་དུ་བཀའ་ཁོན་བྱུང་ནས་
(25)དགྲར་བསྡོ་བ་ལས། །དང་པོ་ཆབ་སྲིད་[24]ཕྱག་ཏུ་བཞེས་མ་ཐག་དུ། །བོད་
(26)ཀྱི་དམག་གྀས། །རྒྱའི་ཡུལ་ཐོག་ཕྱོགས་སུ་དྲངས་པས་སྤ་བའོ[25]། །
(27)དེ་ཙུན་[26]ཆད་ཀྱིས་ཆབ་སྲྀད་[27]ཀྱི་མངའ་བདག་མཛད་མ་ཐོག་ལ་
(28)བར་དུ་ལན་འགའ་རྒྱས་ཆབ་སྲིད་ལ་མ་བསྡོ་སྟེ། །རྟག་ཏུ་འཇལ་
(29)དུམ་གསོལ་ལོ། །ལྷོ་ཕྱོགས་ཀྱི་རྒྱལ་པོར་རྒྱ་གར་འདུག་
(30)པ་ཡང་། །××××××ཀྱྀས་×××ཕྱྀ་ཚུས་མཛད་[28]
(31)×××དན་××××××ཆབ་སྲིད××
(32):××མང་མཛད་××××××××ས་ཀྱི[29]
(33)×××སུ་××རྡོ××××××གཅེས་
(34)××××སྐྱེ་ཕུལ×××ད་གྱི་རྒྱལ་པོ་ཆེན་པོ་གཉིས་[30]
(35)×××××××དང་×ཆེན་པོ×××ཞིག་འདུག[31]
(36)×ཡང་ད××××××××ཀྱྀས་××མཛད་[32]
(37):མྱེད་པ་××××××××××ཉྀ་འོག་ཏུ་ཆབ་[33]
(38)××××××××××××ཏ་ཞི་སྦྱྀར་ཞེས
(39)××ཡོ་ཧི×××××××བྱང་ཕྱོགས་ན་དྲུ་གུ་×ས
(40)×××××××དུང་ཀ་ཁོན་བྱུང་ནས་ཆབ་སྲྀད་[34]
(41)ལ་བསྡོ་བ་ལས་×དྲུ་གུ་××××སི་ཏུ་ཚན་ཚུན་ཆད་དུ།[35]བོད་
(42)དམག×××ཆེར་×××××དུ་ནངས་བཅད་རྟན་པའྀ་མྱ་[36]
(43)ཡུལ་གྱི་སུ་ཆེ××××དོང་××××ཚུན་ཅད་ཧོ་ཡོ་ཧོར་ཁག་[37]
(44)གྱིས་ཀྱང་ཆབ་སྲིད་ལས་ལ་[38]བསྡོས་ཏེ། མཇལ་དུམ་གསོལ་ལོ།འདི་དག་
(45)ལས་སྩོགས་པ་རྒྱལ་པོ།×××××××ཉི་འོག་ཏུ་
(46)×××ཆབ་སྲིད་ཀྱང་××××××པ་དམ་པའི་ཆོས་
(47)ཀྱང་×ར་ཏུ་རྩལ་×××××བྱང་
(48)ཆུབ་ཆེན་པོ་ས་ཁྱོན་××××××སྒྲོན་མ་བསོད་[39]
(49)ནམས་ཀྱང་རྒྱ་ཆེར་སྐྱོངས་×××××དམ་པའི་[40]ཆོས་རྒྱས་པར།
(50)མཛད་××པའྀ་[41]བཀའ་དྲྀན་གྱྀས་ཀྱང་ས་××པའི་××ལྷ་འཕྲུལ་གྱྀ་ཞ་སྔ་
(51)ནས་ཐུགས་སྒམ།[42]བཀའ་བརྩན་ཆབ་××བསོད་ནམས་ལྔ་ལྡན་གྱྀ་
(52)གོང་དུ་འཕགས་པར་སྐུ་×གཞན་ལས་ལྷག་པའྀ་མཛེས་སྐུ་རྩལ་
(53)ལོ། རེ××སྐུ××××ཆན་×××པར་མྱྀ་ཡོངས་ཀྱྀས་ཤེས་ཤིང་།
(54)མཐའ་བཞིའི་རྒྱལ་པོ་ཆེ་ཕྲ་ཀུན་ཀྱང་བཀའ་འོག་ཏུ་ཚུད་པའྀ་དྲྀན་[43]གྱིས་ཁྱབ།
(55)×××××བཀའྀ་ཆེ××པ་རྒྱ་ཁྱབ་ཀྱྀས་×་སྔ×བཞིས་ལས་སྩོགས་
(56)གཡོའྀ་རྒྱལ་པོ་ཆེ་ཕྲ××ཀུན་བྱས། སོ་སོའྀ་བློན་པོ་གཅེས་པ་མང་པོ།
(57)×××ས་ནས་×དུ་××××སྩོགས་པའྀཆིག་སྦ་སྲྀམ་ཕུལ་ནས།[44]སྲི་ཞི་ཆེར་བྱས་
(58)×××ལྟ་བུས་མྱྀ་ཡུལ་གྱྀ་རྗེ་མཛད་པ་ལས། ནོངས་དང××མ་གི་[45]×ར་གཤེགས
(59)××××བ་ཤོད་ཀྱྀ་རྗེའྀ་བང་སོ་རྒྱལ་ཆེན་འཕྲུལ་ཞེས་མཚན་པ་འདི་ལེགས་སོ།

པར་བཞི་བ། རྡོ་རིང་གི་ཡི་གེའི་གབ་རིས།
གསུམ་པ། རྡོ་རིང་གི་བུ་ཡིག་གི་བྱུང་བའི་སྐོར་གླེང་བ།
རྡོ་རིང་འདི་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་ཐོག་མར་བྱུང་བའི་སྐབས་ནི་དུས་རབས་བཅུ་བཞིའི་ཚལ་བ་ཀུན་དགའ་རྡོ་རྗེའི(1309-1364)«དེབ་ཐེར་དམར་པོ»ཡིན་ལ། དེར་རྒྱ་གར་ན་དྷ་རྨ་པཱ་ལ་བཞུགས་པའི་རིང་ལ། བོད་ན་རྒྱལ་པོ་སད་ན་ལེགས་འཇིང་ཡོན་ཡོད་པར་ཡར་ལུངས་བང་སོའི་རྡོ་རིངས་ཀྱི་ཡི་གེ་ལ་ཡོད་ཅེས་གྲུབ་ཆེན་ཨུ་རྒྱན་པས་བྲིས་འདུག་ཅེས་དང་།[46] སྤྱི་ལོ1434ལོར་བརྩམས་པའི«རྒྱ་བོད་ཡིག་ཚང»དུ་རྒྱ་གར་ན་དྷ་རྨ་པཱ་ལ་བཞུགས་པའི་རིང་ལ་བོད་ན་རྒྱལ་པོ་སད་ན་ལེགས་འཇིང་ཡོན་ཡོད་པར་ཡར་ལུངས་བང་སོའི་རྡོ་རིངས་ཀྱི་ཡི་གེ་ལ་ཡོད་ཅེས་གྲུབ་ཐོབ་ཨོ་རྒྱན་པས་བྲིས་འདུག་གོ་ཞེས་པ།[47] སྤྱི་ལོ1564ལོར་བརྩམས་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»དུ་ཨོ་རྒྱན་པ་ཡིས་གསུངས་བར་སྣང་ཞེས་པ་ལས་ཚིག་གཞན་རྣམས་གོང་དང་འདྲ།[48] ཡིན་ཡང་དུས་རབས་བཅོ་ལྔ་བར་བྱོན་པའི་ཆག་ལོ་ཆོས་རྒྱལ་གྱི«དུས་འཁོར་ཆོས་འབྱུང»དུ་རྒྱ་གར་རྒྱལ་པོ་དྷརྨ་པཱ་གའི་དུས་སུ་བོད་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཡོད་པའི་ནང་དོན་ཕུད། སད་ན་ལེགས་ཀྱི་སྐབས་སུ་ནུབ་ཕྱོགས་ན་དམག་ལ་མངའ་བ་ཏ་ཞིག་གི་རྒྱལ་པོ་ལ་མེར་མུ་ལེ་ཧེབ་ཅེས་པ་ཡོད། དེས་བོད་ཀྱི་རྒྱལ་པོ་ལ་དམག་གསུམ་འབུམ་མན་སྦྱོར་རོ། །ཞེས་རྒྱལ་ཆེན་བང་སོའི་རྡོ་རིང་ལས་བྱུང་ལ། ཏཱ་ཡི་ཞེས་པ། ཏ་ཞིག །དེ་ཡང་སྟག་གཟིགས་ཅེས་གྲག་གོ[49]ཞེས་དུས་རབས་བཅུ་བཞིའི་གཡས་གཡོན་ནས་རྒྱལ་ཆེན་བང་སོའི་རྡོ་རིང་གི་ནང་དོན་ལོ་རྒྱུས་དེབ་ཐེར་ཁག་ཁ་ཤས་སུ་བེད་སྤྱད་ཡོད་པ་དང་དེས་ན་གོང་གི་མ་ཡིག་གི་ཁུངས་ཡང་ཡིག་ཆ་གཅིག་ལ་འཁེལ་ཡོད་པར་སྙམ་མོ། །

པར་ལྔ་བ། ཀ་ཐོག་གིས་ཉར་བའི་རྡོ་རིང་གི་མ་ཡིག །
གཞན་ད་ལྟ་ང་ཚོར་ཡོད་པའི་རྡོ་རིང་འདིའི་ཕྱི་མོ་ནི་ཀ་ཐོག་རིག་འཇིན་ཚེ་དབང་ནོར་བུས་ཉར་བའི་རྡོ་རིང་ཡི་གེ་ལྔའི་ཕྱི་མོའི་གྲས་ཡིན་ལ།(པར་ལྔ་བར་གཟིགས།) དེར་སྲོང་བཙན་བང་སོའི་རྡོ་རིང་དང་། འཕྱོངས་རྒྱས་ཟམ་སྣེའི་རྡོ་རིང་། ར་ས་འཕྲུལ་སྣང་གི་རྡོ་རིང་། སྐར་ཆུང་རྡོ་རིང་། རྐོང་པོའི་རྡོ་རིང་བཅས་ཁག་ལྔས་གྲུབ་ཡོད་ཅིང་། སྲོང་བཙན་བང་སོའི་རྡོ་རིང་ཞེས་པ་སྐབས་སུ་བབས་པའི་རྡོ་རིང་གི་མ་ཡིག་ཡིན། བཤུས་མ་དེར་ད་ལྟའི་རྡོ་རིང་གི་མདུན་གྱི་ཐིག་ཕྲེང29ལས་མེད་ལ། གི་གུ་ལོག་པ་དང་ད་དྲག །གཅོད་མཚམས་སོགས་རྡོ་རིང་དངོས་དང་མི་འདྲ་མོད། ཐིག་ཕྲེང29ཡི་ཡི་གེ་ཆ་ཚང་བར་ཡོད། རྡོ་རིང་གི་མཚན་རྗེས་སུ་བསྣན་པ་ཞིག་ཡིན་པ་ཡིག་གཟུགས་ཀྱིས་རྟོགས་ནུས་ཤིང་། གཞན་ཡི་གེའི་མཇུག་ལ་གསལ་བྱེད་ཐུང་ངུ་ཡོད་པ་ནི། འདིར་བྲིས་པ་ཡན་ལ་ཡིག་ཕྲེང་ཉི་ཤུ་རྩ་དགུ །མི་གསལ་བ་མན་ལ་ཡིག་ཕྲེང་བཅུ་བཞི། དེ་ནས་ས་འོག་ཚུད་པ་ལ་ཇི་ཙམ་ཡོད་མ་བྲིས་སོ། རྡོ་རིངས་འདིའི་སྲིད་དུ་ས་ལས་མཐོན་པ་ཡན་ལ་མཐོ་ཉི་ཤུ་རྩ་གཅིག །ཞེང་ཆེ་ངོས་ལ་མཐོ་བཞི། ཆུང་ངོས་ལ་མཐོ་དོ་ཡོད་ཞེས་དང་།[50] གོང་གི་གསལ་བཤད་འདིའི་གལ་ཆེ་བ་ཞིག་ནི་བཅིངས་གྲོལ་སྔོན་གྱི་གནས་སྟངས་དང་བསྡུར་བ་བྱེད་དུས་ཀ་ཐོག་གི་ཕྱག་དཔེ་འདིའི་མ་ཡིག་ངོ་བཤུས་བྱས་པའི་དུས་ཚོད་རོབ་ཙམ་གོ་བ་དེ་ཡིན། རྡོ་རིང་དངོས་ལ་ཐིག་ཕྲེང59དང་འོག་གི་རྨིད་གཅིག་ལྷག་གི་རུས་སྤལ་གྱི་ཞབས་རྭ་སོགས་རྨིད་གསུམ་ཙམ་ས་འོག་ཏུ་ནུབ་ནས་རྡོ་རིང་དངོས་གཞིའི་ཡིག་ཕྲེང་ཞེ་གསུམ་ལྷག་ཡོད་སྐབས་ཡི་གེ་ངོ་བཤུས་རྒྱབ་པ་དང་། སྤྱི་ལོ1948ལོར་ཏུའུ་ཆིས་སླེབས་དུས་ས་སྟེང་དུ་ཡོད་པ་ཐིག་ཕྲེང་ཉེར་གཅིག་ལས་ལྷག་མེད་ན་སྔ་མ་ལས་རྡོ་རིང་མདུན་གྱི་ས་བབས་ཇེ་མཐོར་རྨིད་གཉིས་ལྷག་གི་འགྱུར་བ་ཐེབས་ཡོད་པས། ས་བབས་ཀྱི་འགྱུར་རིམ་སྙོམ་བགོས་ཀྱི་རྩིས་ལ་བརྟེན་ན་ཕྱག་དཔེ་དེ་ཐོག་མར་བཤུས་པའི་དུས་ཧ་ལམ་དུས་རབས་བཅུ་བཞི་ནས་བཅོ་ལྔའི་ནང་འཁེལ་བ་ཚོད་དཔག་བྱས་ཆོག་པ་ཞིག་དང་། གོང་གི་རྡོ་རིང་ཡིག་ཆ་དང་མཉམ་དུ་ཡོད་པའི་ཀོང་པོ་གཡུང་དྲུང་འཛིན་ནམ་ལོ་རྒྱུས་སྟེང་རྟ་བར་རྡོ་རིང་དུ་འབོད་པའི་ཡིག་ཆར་གོང་གི་རྡོ་རིང་དང་འདྲ་བའི་ཆ་མཆིས་པ་ནི་འོག་གི་ཡིག་ཕྲེང་དྲུག་ཀ་ཐོག་སྐུ་སྒེར་གྱིས་ཁ་གསབ་གནང་འདུག་ཅིང་།[51] དེ་ལས་ཀྱང་ལྷ་སའི་རྡོ་རིང་གི་མཇུག་ཏུ། དེ་ལྟར་ན་རྡོ་རིངས་ཆུ་ཡོས་ལ་བཙུགས་ནས་ད་ལྟའི་ཆུ་སྟག་གི་བར་ལྔ་བརྒྱ་དགུ་ཅུ་རྩ་དགུ་འགྲོའོ་ཞེས་ཡི་གེ་བཤུས་པའི་ལོ་ནི་སྤྱི་ལོ1422ལོར་འཁེལ།[52] དེ་བཞིན་ཉེ་ཆར་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས«བཀའ་གཙིགས་དང་རྡོ་རིང་གི་ཡི་གེ་བཞུགས་སོ»ཞེས་པའི་ཕྱག་དཔེ་ཞིག་བྱུང་འདུག་ཅིང་། དེར་སད་ན་ལེགས་ཀྱི་བཀའ་གཙིགས་ཀྱི་ཡི་གེ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ །བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ལ་ཆོས་བྱུང་བའི་ལོ་སྒྲུང་གི་ཡི་གེ །[53] ལྷ་སའི་རྡོ་རིང་གི་ཡི་གེ་བཅས་ཡི་གེ་བཞི་ཡོད་ལ། ལྷ་སའི་རྡོ་རིང་གི་མཇུག་ཏུ་རྡོ་རིང་ངོ་བཤུས་གང་ཡོད་ཀྱི་དཀར་ཆག་གི་ཐོ་ཞིག་ཡོད་པར། སྐར་ཆུང་རྒྱལ་ལྡེའི་རྡོ་རིངས་ཡི་གེ རྒྱལ་ཆེན་བང་སོའི་རྡོ་རིངས་ཡི་གེ །བསམ་ཡས་རྡོ་རིངས་ཡི་གེ །བང་སོ་འཕྲུལ་རིའི་རྡོ་རིངས་ཡི་གེ །ཀོང་པོ་རྟ་བར་གྱི་རྡོ་རིངས་ཡི་གེ་དེ། རྡོ་རིངས་ཀྱི་ཡི་གེ་འདི་གཉིས་བདུན་ཡོད་དོ། སྐར་ཆུང་ལྷ་ཁང་ནས་བྲིས་སོ་ཞེས་འབྱུང་ལ།[54] གཅིག་བྱས་ན་ཀ་ཐོག་གི་ཕྱག་དཔེ་དང་འབྲས་སྤུངས་ནས་བྱུང་བ་དེ་སྔ་ཆ་ཚང་གཅིག་ལ་ཕྱིས་སུ་ཁ་འཐོར་བྱུང་བ་ཡང་ཡིན་སྲིད་ལ། དངོས་བསྟན་རྡོ་རིང་བདུན་ཞེས་ད་ལྟ་ང་ཚོར་རྡོ་རིང་དྲུག་གི་མ་ཡིག་མ་གཏོགས་ལྷག་མེད། གཞན་ཕྱོགས་གཉིས་ཀར་ཡོད་པའི་ལྷ་སའི་རྡོ་རིང་མ་ཡིག་གཉིས་པོར་མདུན་རྒྱབ་གཉིས་ལས་ཟུར་གྱི་ཡི་གེ་མེད་ལ། སྔ་ཕྱིའི་གོ་རིམ་དང་ཏིང་ཀྱོག་གི་མཚམས་ཡང་གཅིག་པར་སྣང་བས་ཁུངས་གཅིག་ཨེ་ཡིན་སྙམ་ཞིང་། གཞན་ཐོ་ཡིག་འདིར་དེ་སྔ་ང་ཚོས་འབོད་ཀྱིན་པའི་འཕྱོང་རྒྱས་ཟམ་སྣེའི་རྡོ་རིང་དང་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་ལ་བང་སོ་འཕྲུལ་རིའི་རྡོ་རིངས་ཡི་གེ་དང་རྒྱལ་ཆེན་བང་སོའི་རྡོ་རིངས་ཡི་གེ་ཞེས་དུས་རབས་བཅོ་ལྔ་བར་བྱོན་པའི་ཆག་ལོ་ཆོས་རྒྱལ་གྱི་དུས་འཁོར་ཆོས་འབྱུང་གི་མིང་འབོད་སྲོལ་དང་ཆ་འདྲ་ལ། སྔ་མོའི་བང་སོའི་མཚན་ལས་བཏགས་ཡོད་པ་རྒྱུ་མཚན་ཅན་དུ་གནས། མདོར་ན་དུས་རབས་བཅུ་བཞི་ནས་བཅོ་ལྔ། ཡང་ན་དེ་ལས་སྔ་བའི་དུས་རབས་བཅུ་གསུམ་ནང་རྡོ་རིང་གི་མ་ཡིག་བཤུ་བའི་དབུ་བཙུགས་ཡོད་པ་ཤེས་ནུས་ཤིང་། དབྱི་ཏ་ལི་བ་ཐུའུ་ཆིས་ཀྱིས་ཨོ་རྒྱན་གླིང་བའི(1323-1360)གཏེར་ནས་བཞེས་པའི«རྒྱལ་པོ་བཀའ་ཐང»དུ་རྡོ་རིང་གི་ཡི་གེ་ཆ་འདྲ་བ་ཐོན་ཡོད་པ་རྡོ་རིང་གི་ཡི་གེ་ལས་བྱུང་བར་འདོད་ཅིང་།[55] ཕྱིས་ཀྱི་རས་ཆར་རྡི་སིང་གིས་ཀྱང་སྔ་མའི་རྨང་གཞིའི་སྟེང་རྒྱབ་སྣོན་ཡང་བྱས་ཡོད།[56] ཡིན་ཡང་གོང་གི་ཡིག་ཚང་ཁག་ཏུ་བྱུང་ཞིང་རྡོ་རིང་ཐོག་མར་བེད་སྤྱོད་མཁན་མཚན་ཅུང་མི་འདྲ་བ་གྲུབ་ཐོབ་ཨུ་རྒྱན་པའམ་གྲུབ་ཆེན་ཨོ་རྒྱན་པ། ཨོ་རྒྱན་པ་ཞེས་པ་དུས་རབས་བཅུ་གསུམ་སྐབས་ཀྱི་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ(1230-1309)ལམ་ཡང་ན་གཏེར་སྟོན་ཨོ་རྒྱན་གླིང་བར(1323-1360)འཇོག་དགོས་མིན་ཐད་ད་དུང་མུ་མཐུད་དུ་ཞིབ་འཇུག་བྱ་དགོས་ཤིང་། «རྒྱལ་པོ་བཀའ་ཐང»གི་ནང་དོན་ཆ་འདྲ་བ་ལས་རྡོ་རིང་དངོས་ཀྱི་མ་ཡིག་གམ་བུ་ཡིག་གང་རུང་གཞིགས་ཡོད་མེད་ཡང་གནད་དོན་ཞིག་ཡིན་པ་ཡང་ཞབས་མཆན་གོང་མ་གཉིས་ལས་རྟོགས་ནུས། སྔོན་མ་ངེད་ཀྱིས་ཀྱང་ལྷ་སའི་རྡོ་རིང་བཤུས་པའི་ལོ་ལ་གཞིགས་ཏེ་རྡོ་རིང་དེ་དག་གི་མ་ཡིག་བཤུ་མཁན་དུས་རབས་བཅོ་ལྔ་བའི་སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོ་མིན་ནམ་སྙམ་ཡོད་མོད།[57] ད་ནི་སྒྲུབ་བྱེད་ཀྱིས་ཅུང་མི་འདང་བར་བསམ་ཞིང་། རྡོ་རིང་འདི་དག་གཅིག་བྱས་ན་དུས་རབས་མི་འདྲ་བར་མི་སྣ་མ་འདྲ་བས་བཤུས་པ་དང་ཕྱིས་སུ་ཕྱོགས་བསྒྲིགས་བྱས་པ་ཞིག་ཏུ་ཡང་སྣང་ངོ་། །[58]ལུང་འདྲེན་དཔྱད་ཡིག
[1] G.tucci, 1950.the tombs of the Tibetan kings, Roma: 36~39. སྐབས་དེར་ས་ཁར་བུད་པའི་ཡིག་ཕྲེང་ཐད་ཐུའུ་ཆིས་དང་རས་ཆར་རྡི་སིང་གཉིས་རྐང་པ་གཅིག་གིས་མི་མཐུན།
[2] H.E.Richardson, 1969.The inscriptions at the Tomb of Khri Lde Srong Brtsan.JRAS.
[3] H.E.Richardson, 1985.A corpus of early Tibetan inscriptions, Royal Asiatic Society: 84~87.
[4] 引自Li fang kuei and South coblin, A study of the old Tibetan inscriptions, Nankang, 1987: 237.
[5] 王尧:《吐蕃金石录》第148页,文物出版社,1982年。བང་ཡོའི་བཤད་པའི་ཀ་ཐོག་གི་མ་ཡིག་ནི་དོན་དུ་རས་ཆར་རྡི་སིང་གི་དཔེ་བསྡུར་མ་ཡིན།
[6] 西藏文管会文物普查队:《赤徳松赞墓碑清理简报》,《文物》1985年第9期。
[7] Li fang kuei and South coblin, A study of the old Tibetan inscriptions, Nankang, 1987: 237~249.
[8] Pa sang dbang ‘dus.sphu rgyal bod kyi rdo brkos yi ge phyogs bsgrigs kyi ma yig dag bsher dang de‘i tshig ‘grel dangs sang gangs chu. bod ljongs mi dmangs dpe skrun khang.2011: 133~146.
[9] Bsod nams skyid.bod kyi rdo ring yi ge dang dril bua’i kha byang.mi rigs dbe skrun khang.1984: 101~105;gny’ gong dkon mchog tshe brtan.bod kyi brda rnying yig cha bdams bsgrigs.krung dbyang mi rigs slob grw chen moa’I dbe skrun khang.1995: 153~158;Kazushi IWAO, Nathan HILL and Tsuguhito TAKEUCHI, Old Tibetan inscriptions, ILAA, Tokyo University of Foreign Studies, Tokyo, 2009: 25~28;chab ‘gag rta mgrin.bod yig rdo ring zhib ‘jug.bod ljongs mi dmangs dbe skrun khang.2012: 42~46.
[10] བང་ཡོའི་མ་ཡིག་བཀབ་བཤུས་དང་མཐུན།
[11] བང་ཡོའི་མ་ཡིག་བཀབ་བཤུས་དང་མཐུན།
[12] ལེའུ་ཧྥང་ཀེ་ཡི་མ་ཡིག་བཀབ་བཤུས་དང་མཐུན།
[13] ལེའུ་ཧྥང་ཀེ་ཡི་མ་ཡིག་བཀབ་བཤུས་དང་མཐུན།
[14] ལེའུ་ཧྥང་ཀེ་ཡི་མ་ཡིག་བཀབ་བཤུས་དང་མཐུན།
[15] བང་ཡོའི་མ་ཡིག་བཀབ་བཤུས་དང་མཐུན།
[16] བང་ཡོ་དང་ལེའུ་ཧྥང་ཀེ་ཡི་མ་ཡིག་བཀབ་བཤུས་དང་མཐུན།
[17] ཐིག་ཕྲེང་འདི་རྡོ་རིང་ངོས་སུ་མི་གསལ་ལ། ཀ་ཐོག་གི་ཕྱག་དཔེ་ལས་ཁ་གསབ།
[18] ཐིག་ཕྲེང་འདི་རྡོ་རིང་ངོས་སུ་མི་གསལ་ལ། ཀ་ཐོག་གི་ཕྱག་དཔེ་ལས་ཁ་གསབ།
[19] ཐིག་ཕྲེང་འདི་རྡོ་རིང་ངོས་སུ་མི་གསལ་ལ། ཀ་ཐོག་གི་ཕྱག་དཔེ་ལས་ཁ་གསབ།
[20] ལེའུ་ཧྥང་ཀེ་ཡི་མ་ཡིག་བཀབ་བཤུས་དང་མཐུན།
[21] ཐིག་ཕྲེང་འདི་རྡོ་རིང་ངོས་སུ་མི་གསལ་ལ། ཀ་ཐོག་གི་ཕྱག་དཔེ་ལས་ཁ་གསབ།
[22] ཐིག་ཕྲེང་འདི་རྡོ་རིང་ངོས་སུ་མི་གསལ་ལ། ཀ་ཐོག་གི་ཕྱག་དཔེ་ལས་ཁ་གསབ།
[23] ཐིག་ཕྲེང་འདི་རྡོ་རིང་ངོས་སུ་མི་གསལ་ལ། ཀ་ཐོག་གི་ཕྱག་དཔེ་ལས་ཁ་གསབ།
[24] ཆབ་སྲིད་ཞེས་པ་ཀ་ཐོག་གི་ཕྱག་དཔེ་ལས་ཁ་གསབ།
[25] བའོ་ཞེས་པ་ཀ་ཐོག་གི་ཕྱག་དཔེ་ལས་ཁ་གསབ།
[26] པ་སངས་དབང་འདུས་ཀྱིས་ཙུན་ཞེས་པ་ཚུན་དུ་ཕབ་ཡོད།
[27] པ་སངས་དབང་འདུས་ཀྱིས་སྲྀད་ཞེས་པ་སྲིད་དུ་ཕབ་ཡོད།
[28] ཐིག་ཕྲེང་འདིའི་ཡི་གེ་རྗེས་མ་རྣམས་གསར་དུ་ཕབ་པ་ཡིན།
[29] ཐིག་ཕྲེང་འདི་གསར་དུ་ཕབ་པ་ཡིན།
[30] ཐིག་ཕྲེང་འདི་གསར་དུ་ཕབ་པ་ཡིན།
[31] ཐིག་ཕྲེང་འདི་གསར་དུ་ཕབ་པ་ཡིན།
[32] ཐིག་ཕྲེང་འདི་གསར་དུ་ཕབ་པ་ཡིན།
[33] ཐིག་ཕྲེང་འདི་གསར་དུ་ཕབ་པ་ཡིན།
[34] པ་སངས་དབང་འདུས་ཀྱིས་སྲྀད་ཞེས་པ་སྲིད་དུ་ཕབ་ཡོད།
[35] ཐིག་ཕྲེང་འདི་གསར་དུ་ཕབ་པ་ཡིན།
[36] རྟན་པའྀ་མྱ་ཞེས་པ་གསར་དུ་ཕབ་པ་ཡིན།
[37] ཡུལ་གྱི…ཧོ་ཡོ་ཞེས་པ་གསར་དུ་ཕབ་པ་ཡིན།
[38] ལས་ལ་ཞེས་པ་གསར་དུ་ཕབ་པ་ཡིན།
[39] ཚིག་རྐང་ཕྱི་མ་གསར་དུ་ཕབ་པ་ཡིན།
[40] པ་སངས་དབང་འདུས་ཀྱིས་པའྀ་ཞེས་པ་པའི་རུ་ཕབ་ཡོད།
[41] པ་སངས་དབང་འདུས་ཀྱིས་པའྀ་ཞེས་པ་པའི་རུ་ཕབ་ཡོད།
[42] པ་སངས་དབང་འདུས་ཀྱི་ཕབ་ཡིག་ལ་ཤད་གཅིག་ཆད་ཡོད།
[43] དྲྀན་ཞེས་པ་གསར་དུ་ཕབ་པ་ཡིན།
[44] པ་སངས་དབང་འདུས་ཀྱི་ཕབ་ཡིག་བཀབ་བཤུས་དང་མི་མཐུན།
[45] པ་སངས་དབང་འདུས་ཀྱིས་ནོང་དང××མ་གི་ཞེས་པ་ནོངས་དང་××མ་གྀ་རུ་ཕབ་ཡོད།
[46] ཚལ་བ་ཀུན་དགའ་རྡོ་རྗེ། «དེབ་ཐེར་དམར་པོ་རྣམས་ཀྱི་དང་པོ་ཧུ་ལན་དེབ་ཐེར་འདི་བཞུགས་སོ» [M] དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཆན་བཀོད། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས10
[47] དཔལ་འབྱོར་བཟང་པོ།«རྒྱ་བོད་ཡིག་ཚང་ཆེན་མོ» [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས80 སྟག་ཚང་དཔལ་འབྱོར་བཟང་པོ། «རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡོད་འཛིན་ནོར་བུའི་ཕྲེང་བ» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས48
[48] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན» [M] མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས55
[49] ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ།«དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ་བཞུགས་སོ» [M] བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས43.49.ཁུངས་འདི་བན་ཤུལ་དཔལ་མཁར་རྒྱལ་གྱི་ཟིན་ཐོ་ལས་ཤེས་པ་ཡིན།
[50] Tashi tsering.bka’ gtsigs dang rdo ring gi yi ge bzhung so, Amnye Machen Institute, Dharamsala, 2012: 8.
[51] Tashi tsering.bka’ gtsigs dang rdo ring gi yi ge bzhung so, Amnye Machen Institute, Dharamsala, 2012: 19.
[52] A collection of texts of the imperial pillars’ inscriptions and their “deposited version”, Amnye Machen Institute, Dharamsala, 2012.
[53] འདིར་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་ནས་བསམ་ཡས་རྡོ་རིང་གི་ཡི་གེ་དང་གོ་བ་གཅིག་ཏུ་བླངས་ཡོད་པར་སྣང་ཡང་ད་ལྟའི་རྡོ་རིང་དང་ཁྱད་ཆེ།
[54] ཀོང་པོ་སྨན་རིར་ཡོད་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་རྡོ་བརྐོས་འདིར་དེ་སྔ་ཀོང་པོ་དེ་མོའི་བྲག་བརྐོས་སམ་ཕྱིས་ཀོང་པོ་གཡུང་དྲུང་འཛིན་རྡོ་བརྐོས་བྱ་བར་བསྒྱུར་ཡོད་མོད། རང་རེའི་ལོ་རྒྱུས་ཡིག་ཚང་རྙིང་བར་རྟ་བར་རྡོ་རིང་ལས་མིང་ཕྱི་མ་གཉིས་མི་འབྱུང་ཞིང་།«དཔལ་རྒྱལ་དབང་ཀརྨ་སྐུ་ཕྲེང་དགུ་བ་རྗེ་བཙུན་དབང་ཕྱུག་རྡོ་རྗེའི་རྣམ་ཐར་»དུ་ཀོང་སྨད་ལྟ་བ་གཡུང་དྲུང་འཛིན་དུ་ཆིབས་བསྒྱུར། ལྟ་བ་སྟོད་པ་དང་བར་ཚིགས་པ…ལྟ་བ་སྨད་པ་སོགས་ཀྱིས་འབུད་ཞབས་ཡུན་རིང་རྒྱས་ཅེས་པར་བྱུང་ན་ཀོང་པོ་རྟ་བར་གྱི་རྡོ་རིངས་ཀྱི་ཡི་གེ་ཞེས་པ་ནི་དེང་གི་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡིན་པར་འདོད་དོ། ཞིབ་ཏུ་རྒྱལ་ཚབ་སྤྲུལ་སྐུ་དོན་གྲུབ་གྲགས་པ་རྒྱལ་མཚན་གྱི་དཔལ་རྒྱལ་དབང་ཀརྨ་སྐུ་ཕྲེང་དགུ་བ་རྗེ་བཙུན་དབང་ཕྱུག་རྡོ་རྗེའི་རྣམ་ཐར་ལ་གཟིགས།«བཀའ་བརྒྱུད་གསེར་ཕྲེང» [M] མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས183.184.
[55] G.tucci, 1950.the tombs of the Tibetan kings, Roma: 39~40. ཞིབ་ཏུ་རྡོ་རིང་གི་ཐིག་ཕྲེང14~15ན“ཐུགས་སྒམ། །ཁོང་ཡངས། བཀའ་བརྟན། ཟུང་ཐུབ”ཅེས་པ་དང1986ལོའི་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་བོ་བཀའ་ཐང་གི་ཤོག་ངོས213པའི་“ཐུགས་སྒམ་བཀའ་བཙན་ཁོང་རྒྱུད་ཡངས་པ་དང་། །ཟུངས་ཐུབ་དཔྱད་པས་ཐུགས་སྟོབས་རབ་ཏུ་ཆེ། །”ཞེས་པ་དང་། གཞན་རྡོ་རིང་གི་ཐིག་ཕྲེང23~25ན“ཕྱོགས་བརྒྱད་དུ། བཀའ་བཙན། །ཆབ་སྲྀད་ཆེ་སྟེ། །ཤར་ཕྱོགས་རྒྱལ་པོ་ཆེན་པོར་རྒྱ་འདུག་པ་དང་། བར་དུ་བཀའ་ཁོན་བྱུང་ནས་དགྲར་བསྡོ་བ་ལས། །”ཅེས་པ་དང1986ལོའི་མི་རིགས་དཔེ་སྐྲུན་ཁང་གི་«རྒྱལ་བོ་བཀའ་ཐང་»གི་ ཤོག་ངོས118པའི་“མཐའ་བཞི་ཕྱོགས་བརྒྱད་བཀའ་བཙུན་ཆབ་སྲིད་ལ། །ཕྱོགས་བཞིར་རྒྱལ་པོ་སྡེ་བཞི་གནས་པ་ཡང་། །བར་དུ་བཀའ་འཁོན་བྱུང་ནས་དགྲ་རུ་བདོ། །”ཞེས་པ་སོགས་ཕན་ཚུན་འབྲེལ་བ་ཡོད་པར་བཞེད། H.E.Richardson,1969.The inscriptions at the Tomb of Khri Lde Srong Brtsan.JRAS.ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་སྐོར་ཡང་རྡོ་རིང་གི་ཡིག་རྙིང་ལས་བྱུང་བར་འདོད།
[57] 夏吾卡先.吐蕃王陵的考古发现与研究[D], 四川大学2014年博士论文,2014:109.注释272条。
[58] Charles Manson & Nathan W. Hill: A Gter ma of Negatives.H.E. Richardson’s Photographic Negatives of Manuscript Copies of Tibetan Imperial Inscriptions Possibly Collected by Rig ’dzin Tshe dbang nor bu in the 18th Century CE,Recently Found in the Bodleian Library, Oxford. In K. Tropper (eds) Epigraphic Evidence in the Pre-modern Buddhist World¾Proceedings of the Eponymous Conference Held in Vienna, 14-15 Oct. 2011, Wien, 2014: 83-115.
རྩོམ་པ་པོ་ངོ་སྤྲོད།
ཤ་བོ་མཁའ་བྱམས། བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་སློབ་གླིང་གི་ཞིབ་འཇུག་པ་དང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་བཙན་པོའི་རྒྱལ་རབས་སྔ་གཞུག་གི་གནའ་དཔྱད་དང་སྒྱུ་རྩལ་ལོ་རྒྱུས་སྐོར་ཡིན།
རྩོམ་ཁུངས། ༢༠༡༩ལོའི«མཚོ་སྔོན་སྤྱི་ཚོགས་ཚན་རིག»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号