«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»དེབ་ཕྲེང་པར་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས།

རྩོམ་པ་པོ།:བནྡེ་འཚོ། ཕག་མོ་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-04-24 16:31:45 ཀློག་གྲངས།:
       2026ལོའི་ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»དེབ་ཕྲེང་པར་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས། ཚོགས་འདུར་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟུར་པ་སྟག་འབུམ་ཐར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག དེ་མིན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་བཅས་ཞུགས་ཡོད་ཅིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་དོན་འགྲུབ་དབང་འབུམ། ཀྲུང་གོ་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲོའུ་ལི་ཕིང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་ཟུར་པ་ཤེར་འཚོ་སོགས་ཆེད་མཁས་པ་རྣམས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་།
       ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་ནས་ལོ་འཁོར40ལོན་པའི་ཕྲེང་བསྟར་རིག་གཞུང་བྱ་འགུལ་ཁྲོད་ཀྱི་གཅིག་ཡིན་ཞིང་། ཚོགས་འདུའི་སྟེང་ཞི་ཅིང་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ལ་ཞིབ་འཇུག་དང་རྒྱུན་འཛིན་བྱེད་པའི་ཐད་ནས་བགྲོ་གླེང་གཏིང་ཟབ་བྱས་པར་མ་ཟད། དེབ་ཕྲེང་གི་རྩོམ་སྒྲིག་གོ་རིམ་དང་། རིག་གཞུང་དང་རིག་གནས་ཀྱི་རིན་ཐང་ཐད་ནས་རེ་རེ་བཞིན་ངོ་སྤྲོད་བྱས་ལ། དཔེ་མཛོད་ཁང་དང་ཞིབ་འཇུག་ཁང50ལ་ཡུལ་དངོས་སུ་དེབ་ཕྲེང་ལེགས་སྐྱེས་སུ་བྱིན།
       «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»ཞེས་པའི་དེབ་ཕྲེང་འདི་ནི་བློ་བཟང་ལྷུན་གྲུབ་རྡོ་རྗེ་ཡིས་གཙོ་སྒྲིག་གནང་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས2012ལོར་ལས་མགོ་བརྩམས་པའི་ཞིབ་འཇུག་གི་ལས་གཞི་གལ་ཆེན་ཞིག་ཡིན་ལ། གཙོ་བོ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད། དེབ་ཕྲེང་འདིར་གཙོ་བོ་ཏང་ཀྲུང་དབྱང་གིས་མཚོ་བོད་མཐོ་སྒང་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ས་ཁུལ་དུ་བསྐྲུན་པའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་དོན་འཁྱོལ་བྱེད་པ། མཚོ་བོད་མཐོ་སྒང་གི་རིགས་སོ་སོའི་མི་དམངས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་སྲུང་སྐྱོང་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མ་ལག་ལྡན་པའི་སྒོ་ནས་སྔོག་འདོན་དང་དར་སྤེལ་གཏོང་བ་གཙིགས་སུ་བཟུང་ཡོད། དེར་མ་ཟད་ད་དུང་རིག་གནས་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པ། སྐྱེ་ཁམས་རིག་པ་སོགས་བསླབ་ཚན་མང་པོའི་མཐོང་སྣེ་ནས་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་མ་ལག་དང་ལྡན་ཞིང་ཕྱོགས་ཡོངས་རང་བཞིན་གྱི་སྒོ་ནས་ཞིབ་འཇུག་བྱས་ཡོད།
       ལོ་ངོ་བཅུ་ཕྲག་གི་རིང་ལ། ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་ལྔ་ཡི་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་ཁང་གི་ཆེད་མཁས་པ་དང་དམངས་ཁྲོད་རིག་གནས་རྒྱུན་འཛིན་པ་སོགས་མི400ལྷག་འདུ་བའི་དེབ་ཕྲེང་རྩོམ་སྒྲིག་ཚོགས་པས་མཐོ་སྒང་གི་མཁའ་དབུགས་དཀོན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ། བོད་ལྗོངས་དང་བོད་འབྲེལ་ས་ཁུལ་གྱི་ཞིང་ཆེན་བཞིའི་ཁུལ་དང་གྲོང་ཁྱེར19ལ་སོང་ནས། གཞི་ཁྱོན་ཆེ་བའི་ཡུལ་དངོས་རྟོག་དཔྱོད་ཐེངས40ལྷག་དང་། རིག་གཞུང་བགྲོ་གླེང་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་འཚོགས་ཏེ། ངག་རྒྱུན་ལོ་རྒྱུས་དང་རི་ཆུར་བསྟོད་པ་སོགས་རྒྱུ་ཆ་གང་མང་འཚོལ་སྡུད་བྱས་ཤིང་། མིག་སྔའི་བར་དུ། རི་ཆུའི་རིག་གནས་དེབ་ཕྲེང24དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།
       ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་དེབ་ཕྲེང་འདི་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས། རྒྱལ་ཁབ་དང་འབྲེལ་ཡོད་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་འཕེལ་རྒྱས་ཀྱི་སྲིད་ཇུས་ལ་ཚན་རིག་དང་ལྡན་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ཇུས་ཆོད་ཀྱི་དཔྱད་གཞི་འདོན་སྤྲོད་བྱས་ཏེ། མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ཐད་ཐོག་དང་པོར་མ་ལག་རང་བཞིན་གྱི་ཤེས་བྱ་གཞི་ཁྱོན་ལྡན་པའི་སྒོ་ནས་ཁྱབ་སྤེལ་བྱས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རི་ཆུའི་རིག་གནས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མཚོན་ཡོད་པར་འདོད།
       བཞུགས་མོལ་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་ཤིང་། པེ་ཅིན་དང་མཚོ་སྔོན། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་འབྲེལ་ཡོད་སྡེ་ཁག་དང་མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། དཔེ་མཛོད་ཁང་། གནའ་དཔེ་ཞིབ་འཇུག་ལས་ཁུངས་སོགས་ཀྱི་འཐུས་ཚབ་པ་ཚོགས་འདུར་ཞུགས། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།