སྔོ་ཚོད་དང་ཤིང་ཏོག་གིས་ཕན་ཚུན་གྱི་ཚབ་བྱེད་ཐུབ་བམ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2026-08-13 08:35:10 ཀློག་གྲངས།:
       འཚོ་བའི་ཁྲོད་མི་མང་བོར་སྔོ་ཚོད་དང་ཤིང་ཏོག་ཟ་བའི་ངོས་འཛིན་ཐད་ནོར་འཁྲུལ་ཡོད་པ་སྟེ། སྔོ་ཚོད་བཟའ་རྒྱུར་མི་དགའ་ན་ཤིང་ཏོག་མང་ཙམ་ཟ་བ་དང་། སིལ་ཁུ་འཐུངས་ནས་ཤིང་ཏོག་གི་ཚབ་བྱེད་པ། མཉམ་འདུས་ཝེ་འཚོ་རྒྱུས་སྔོ་ཚོད་དང་ཤིང་ཏོག་གི་ཚབ་བྱེད་པ་སོགས་ཆོག་པར་འདོད། ཆེད་མཁས་པས་བྱེད་སྟངས་དེ་དག་ནི་ཚན་རིག་དང་མི་མཐུན་ཚུལ་གསལ་འདེབས་བྱས་ཡོད།
དྲི་བ་དང་པོ། སྔོ་ཚོད་བཟའ་རྒྱུར་མི་དགའ་བར་ཤིང་ཏོག་མང་ཙམ་ཟོས་ན་འཚོ་བཅུད་ཕལ་ཆེར་གཅིག་འདྲ་ཡིན་ནམ།
       སྔོ་ཚོད་དང་ཤིང་ཏོག་གིས་ཕན་ཚུན་གྱི་ཚབ་བྱེད་མི་ཐུབ། སྔོ་ཚོད་ཀྱི་རིགས་ལ་རྩི་ཤིང་གི་རྩ་བ་དང་། གཞུང་རྟ། ལོ་མ། མེ་ཏོག འབྲས་བུ་བཅས་ཚུད་ཡོད་པས་སྣ་ཁ་དེ་བས་ཕུན་སུམ་ཚོགས་ཤིང་། དེའི་བཟའ་བཅའི་ཚི་སྣ་དང་། འདབ་སྐྱུར། གཏེར་རྒྱུ་བཅས་ཀྱི་འདུས་ཚད་ཕུན་སུམ་ཚོགས་པས། སྤྱིར་བཏང་དུ་ཤིང་ཏོག་ལས་འདུས་ཚད་མཐོ་བར་མ་ཟད། མདོག་ནག་ཞད་ཆེ་བའི་སྔོ་ཚོད་ནི་རྒྱུ་ལམ་བདེ་ཐང་རྒྱུན་འཁྱོངས་བྱེད་པར་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། ཤིང་ཏོག་ལ་སིལ་ཁུ་མང་ཞིང་མངར་ཆའི་འདུས་ཚད་ཀྱང་ལྟོས་བཅས་ཀྱིས་མཐོ་བས། དེ་ནི་ཝེ་འཚོ་རྒྱུCཡི་འབྱུང་ཁུངས་གཙོ་བོ་ཡིན། དེ་མིན། ཤིང་ཏོག་ལ་ད་དུང་སྐྱེ་ལྡན་སྐྱུར་དང་དྲི་ཞིམ་ཐིན་འདུས་པས། ཡི་ག་འབྱེད་པ་དང་ཟས་འཇུ་བར་ཕན། སྔོ་ཚོད་དང་ཤིང་ཏོག་གཉིས་ཀ་ཟོས་ཚེ་འཚོ་བཅུད་དེ་བས་དོ་མཉམ་ཡོང་ཐུབ།
       དངོས་ཡོད་འཚོ་བའི་ཁྲོད། སྔོ་ཚོད་ཟ་བར་མི་དགའ་བའི་མི་ལ་བཙན་གྱིས་ཟ་རུ་འཇུག་མི་དགོས། སྔོ་ཚོད་ཧྲུག་ཧྲུག་ཏུ་གཏུབས་ནས་ཚོད་མ་དང་། ཆུ་མོག སྒོ་ངའི་བག་ལེབ། ཤ་རིལ་བཅས་ཀྱི་ནང་དུ་བཏུམས་ཆོག དེ་ལྟར་བྱས་ན་ཚི་སྣ་ཉར་ཚགས་བྱེད་ཐུབ་པར་མ་ཟད། བྲོ་བ་ཡང་ཞིམ་པོ་ཡོང་ཐུབ། སོ་མི་བཟང་བའི་རྒན་པ་རྣམས་ལ་སྔོ་ཚོད་བཙོས་ནས་ཚོད་ཉོག་བཟོས་ཏེ་ཁུ་བ་དང་རྩིག་པོ་མཉམ་དུ་བཟའ་རུ་འཇུག་དགོས་པ་ལས། སྔོ་ཚོད་ཀྱི་ཁུ་བ་ཁོ་ན་འཐུངས་ཏེ་རྩིག་པོ་འདོར་མི་རུང་།
དྲི་བ་གཉིས་པ། སིལ་ཁུ་འཐུངས་ན་ཤིང་ཏོག་གི་ཚབ་བྱེད་ཐུབ་བམ།
       མི་ཐུབ་སྟེ། ཤིང་ཏོག་གི་ཁུ་བ་བཙིར་བའི་གོ་རིམ་ཁྲོད། བཟའ་བཅའི་ཚི་སྣ་ཕལ་ཆེར་འཆོར་སྲིད་པ་དང་། ཤིང་ཏོག་ནང་གི་མངར་ཆ་འཕར་བའི་འགྲོས་ཚད་ཇེ་མགྱོགས་སུ་འགྲོ། དོན་དངོས་སུ་ཚ་ལུ་མའི་ཁུ་བ་ཕོར་གང་གི་མངར་ཆའི་འདུས་ཚད་ཀྱང་མི་དམའ་སྟེ། ཕལ་ཆེར་ཁེ20ནས25ཡིན་པས། ཁུ་ནག་ཕོར་གང་དང་ཁྱད་པར་ཆེན་པོ་མེད། དེ་ལྟར་རྒྱུན་འཐུང་བྱས་ན་ཤ་རྒྱགས་པར་འགྱུར་བ་དང་མཆིན་པ་ཚིལ་འགྱུར། དྲེག་ནད་འབྱུང་བ་བཅས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། གཞན་ཤིང་ཏོག་ཁྲོད་ཀྱི་ཝེ་འཚོ་རྒྱུCནི་ཁུ་བ་བཙིར་བའི་གོ་རིམ་ཁྲོད་མགྱོགས་མོར་དབྱང་འགྱུར་བྱས་ནས་ཤོར་སྲིད། བྱིས་པར་མཚོན་ན། ཤིང་ཏོག་ལ་སོ་བཏབ་ན་སོ་འདེབས་པའི་ནུས་པ་སྦྱོང་བརྡར་བྱེད་ཐུབ་པས། སོའི་བདེ་ཐང་ལ་ཕན་པར་མ་ཟད། ད་དུང་མཆིལ་མ་ཟགས་ཐོན་བྱེད་པར་ཡང་ཕན།
དྲི་བ་གསུམ་པ། མཉམ་འདུས་ཝེ་འཚོ་རྒྱུ་ཟོས་ན་གནད་དོན་ཐམས་ཅད་ཐག་གཅོད་བྱེད་ཐུབ་བམ།
       བཟའ་བཅའི་ཁ་གསབ་སྨན་གྱིས་ཀྱང་སྔོ་ཚོད་དང་ཤིང་ཏོག་གི་ཚབ་བྱེད་མི་ཐུབ། སྔོ་ཚོད་དང་ཤིང་ཏོག་གསར་བར་ཝེ་འཚོ་རྒྱུ་དང་གཏེར་རྒྱུ་འདུས་ལ། ད་དུང་རྩི་ཤིང་གི་འདྲེས་འགྱུར་རྫས་མང་བོ་ཞིག་གིས་མཉམ་དུ་ཕན་ནུས་འཐོན་གྱིན་ཡོད། དེའི་ནང་གི་བཅུད་རྫས་གཅིག་གམ་བཅུད་རྫས་འགའ་ཁོ་ན་བླངས་ནས་ཁ་གསབ་བྱས་ན། སྔོ་ཚོད་དམ་ཤིང་ཏོག་ཧྲིལ་བོའི་ཕན་ནུས་འཐོན་མི་ཐུབ། བཟའ་བཅའ་ཁ་གསབ་སྨན་གྱི་ལུགས་མཐུན་གནས་ཁེལ་ནི“ཅི་ཞིག་ཆད་ན་གང་དེ་ཁ་གསབ་བྱེད་པའི”མྱུར་སྐྱོབ་དེ་ཡིན། དཔེར་ན། ལྕགས་རྒྱུ་མི་འདང་བ་ངོས་འཛིན་བྱས་ན་ལྕགས་རྒྱུ་ཁ་གསབ་བྱེད་པ་དང་། ཉི་མར་ལྡེ་བ་མ་འདང་ན་ཝེ་འཚོ་རྒྱུDཁ་གསབ་བྱེད་པ། དཀར་ཟས་ཟ་བའི་མི་ཚོགས་ལ་ཝེ་འཚོ་རྒྱུB12ཁ་གསབ་བྱེད་པ། མངལ་ཆགས་པར་གྲ་སྒྲིག་བྱེད་ན་འདབ་སྐྱུར་ཁ་གསབ་བྱེད་པ་བཅས་སོ།། འོན་ཀྱང་དེས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་སྔོ་ཚོད་དང་ཤིང་ཏོག་གི་ཚབ་བྱེད་མི་རུང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།