དཔལ་མོའི་དེབ་གསར«སྲིད་ཀྱི་ཆུ་མིག་དཀར་པོ»དཔེ་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-02-03 08:39:53
ཀློག་གྲངས།:
ཉེ་ཆར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཔལ་མོ་ལགས་ཀྱིས་བརྩམས་པའི་རིག་གཞུང་དེབ་གསར«སྲིད་ཀྱི་ཆུ་མིག་དཀར་པོ—ཀྲུང་གོའི་བོད་ཀྱི་སྐྱེས་མ་སྐོར་ཞིག་གི་མཛད་རྣམ»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས།

དེབ་འདིར་ཁྱོན་བསྡོམས་པས་ལེའུ་ལྔ་འདུག་སྟེ། ལེའུ་དང་པོའི་ནང་དུ་བོད་བཙན་པོའི་དུས་སྐབས་སུ་བྱུང་བའི་སད་མ་ཀར་དང་མོང་བཟའ་ཁྲི་ལྕམ། འབྲོ་བཟའ་ཁྲི་མ་ལོད་ལྟ་བུ་སོགས་ཀྱིས་བཙན་པོའི་སྲིད་ཕྱོགས་ལ་བཞག་པའི་མཛད་རྗེས་དང་། སྦ་གསལ་སྣང་གི་སྲས་མོ་སྤྱན་རས་གཟིགས་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་ལྟ་བུས་ཆོས་དང་རིག་གནས་ཀྱི་སྐོར་ལ་ཐེབས་པའི་ཤུགས་རྐྱེན་རྣམས་ལོ་རྒྱུས་ཡིག་ཚང་མང་པོར་གཞི་བཅོལ་ནས་གདེང་འཇོག་གནང་ཡོད།
ལེའུ་གཉིས་པའི་ནང་དུ་བོད་སིལ་བུར་ཐོར་ནས་མི་ལོ་བཞི་བརྒྱ་ལྷག་གི་དུས་ཡུན་ནང་བྱུང་བའི་མ་ཅིག་ལབ་སྒྲོན་དང་མ་གཅིག་ཞ་མ། སྣང་ས་འོད་འབུམ་དང་མྱང་ཚ་དཀར་རྒྱན་སོགས་སྐྱེས་མ་སྙིང་རུས་ཅན་དང་མཛད་རྗེས་ཅན་སྐོར་ཞིག་གིས་སྐབས་ཐོག་དེའི་ཆོས་ལུགས་རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཏོན་པའི་ནུས་པ་རགས་ཙམ་བརྗོད་པ་དང་སྦྲགས། ལོ་རྒྱུས་རིག་པའི་མཐོང་སྣེ་ནས་ཁོང་ཚོའི་མཛད་རྗེས་ལ་གདེང་འཇོག་གནང་ཡོད།
ལེའུ་གསུམ་པའི་ནང་དུ་དཔལ་ས་སྐྱ་དང་ཕག་གྲུའི་དུས་སྐབས་སུ་བྱུང་བའི་སྐྱེས་མ་གྲགས་ཅན་ཏེ་དཔེར་ན་བཟོད་པ་རིང་མོ་དང་རྟ་མགྲིན་དབང་མོ། གཙང་སྨྱོན་ཧེ་རུ་ཀའི་སྲས་ཀྱི་ཐུ་བོ་ཡུམ་ཆེན་ཀུན་ཏུ་བཟང་མོ། ཇོ་ནང་པའི་སྒྲུབ་པའི་རྒྱལ་མཚན་འཛུགས་མཁན་རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དབང་མོ། དེ་མིན་བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་སྐྱེས་མའི་སྤྲུལ་སྐུ་ཐོག་མར་འཛིན་པ་རྡོ་རྗེ་ཕག་མོའི་སྤྲུལ་སྐུ་རིམ་བྱོན་སོགས་སྐྱེས་ཆེན་མ་སྐོར་ཞིག་གི་ལོ་རྒྱུས་རགས་བརྗོད་དང་གདེང་འཇོག་གནང་ཡོད།

ལེའུ་བཞི་པའི་ནང་དུ་བོད་ཀྱི་ཟློས་གར་འཁྲབ་སྟོན་དང་རྒྱུད་འཛིན་གནང་མཁན་དྭངས་བཟང་ལྷ་མོ་དང་། གསང་སྔགས་ཟབ་ཆོས་ལ་སྦྱངས་མཐར་ཕྱིན་པའི་སྨིན་གླིང་རྗེ་བཙུན་མ། ཤུག་གསེབ་རྗེ་བཙུན་རིག་འཛིན་ཆོས་ཉིད་བཟང་མོ། ཅོ་ནེ་དཔོན་མོ་རིན་ཆེན་དཔལ་འཛོམས། དབུས་བཟའ་མཁའ་འགྲོ་མ། ཁང་གསར་དབྱངས་ཅན་མཁའ་འགྲོ། ལྷ་རྗེ་དབྱངས་ཅན་ལྷ་མོ། དེ་མིན་གུང་རི་མཁའ་འགྲོ་མའི་སྐུ་ཕྲེང་རིམ་བྱོན་དང་སྡེ་དགེའི་རྒྱལ་མོ་ན་རིམ་ལ་སོགས་ཉེ་རབས་སྤྱི་ཚོགས་སུ་བྱུང་བའི་སྐྱེས་མ་སྐོར་ཞིག་གི་མི་ཚེའི་ལོ་རྒྱུས་དང་། ཁོང་ཚོས་ཆོས་ལུགས་རིག་གནས་དང་སྲིད་སྐྱོང་། སློབ་གསོ། རྩོམ་རིག །གསོ་རིག་སོགས་ལ་བཏོན་པའི་ནུས་ཤུགས་དང་བཞག་པའི་གྲུབ་འབྲས་བརྗོད་ཡོད།
ལེའུ་ལྔ་པའི་ནང་དུ་ཀྲུང་གོ་གསར་པའི་དུས་སྐབས་སུ་བྱུང་བའི་སྐྱེས་མ་སྐོར་ཞིག་སྟེ། དཔེར་ན་རྩོམ་མཁན་ཡེ་ཤེས་སྒྲོལ་མ་དང་གླུ་མ་ཚེ་བརྟན་སྒྲོལ་མ། རི་འཛེགས་པ་གྲགས་ཅན་ཕན་ཐོགས་དང་ཀུན་བཟང་། དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོ་དང་ཚེ་རིང་བཟང་མོ། རིམ་པ་དང་པོའི་རྩོམ་མཁན་མེ་སྒྲོན་དང་རྩོམ་མཁན་གྲགས་ཅན་དབྱངས་སྒྲོན་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་དང་མཛད་རྗེས་གཙོ་བོ་བརྗོད་པ་དང་དེའི་མཚུངས་སུ་གདེང་འཇོག་གནང་ཡོད།

བོད་ཀྱི་ལོ་རྒྱུས་སུ་སྐྱེས་མའི་སྐོར་གྱི་བསྟན་བཅོས་གཏན་ནས་མེད་པ་མིན་ནའང་། དུས་ཀྱི་ཆ་ནས་གནའ་ཉེ་དེང་གསུམ་དང་ཡུལ་གྱི་ཆ་ནས་མདོ་དབུས་ཁམས་གསུམ། ནང་དོན་གྱི་ཆ་ནས་ཆོས་ལུགས་རིག་གནས་དང་ལོ་རྒྱུས། སྲིད་དོན། རྩོམ་རིག་སྒྱུ་རྩལ། སློབ་གསོའི་ལས་དོན། ལུས་རྩལ་བྱ་གཞག་སོགས་མདོར་ན་སྲིད་འབྱོར་རིག་གསུམ་དང་ཡུལ་དུས་དོན་གསུམ་ཁེབས་ཤིང་ཅུང་འཐུས་ཚང་བ་ཞིག་ད་སྔ་མེད་པས། དེབ་འདིའི་ནང་དུ་ལས་རིགས་མི་འདྲ་བ་སྣ་ཚོགས་ནས་ཐོན་པའི་སྐྱེས་མ་གྲགས་ཅན་མང་པོའི་མི་ཚེའི་ལོ་རྒྱུས་དང་སོ་སོའི་མཛད་རྣམ་རགས་བསྡུས་སུ་བརྗོད་ཡོད་པར་མ་ཟད་ལོ་རྒྱུས་ཡིག་ཚང་ལ་གཞི་བཅོལ་བ་དང་རིག་པའི་གཞུང་ལུགས་ལ་རྒྱབ་བརྟེན་ནས་དཔྱད་འཇོག་གང་འཚམ་བྱས་པ་དེས་གངས་ཅན་སྐྱེས་མའི་ཞིབ་འཇུག་སྐོར་གྱི་བསྟན་བཅོས་སྔར་མེད་པའི་སྟོང་ཆ་ཞིག་བསྐངས་ཡོད་པ་རེད།
རྩོམ་པ་པོ་ངོ་སྤྲོད།

དཔལ་མོ། སྙན་ངག་པ། མཚོ་སྔོན་རྐང་ཚའི་མི། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཤེས་རམས་པའི་མཛུབ་སྟོན་དགེ་རྒན། བརྩམས་ཆོས་གཙོ་བོར་སྙན་དེབ«དྲག་ཏུ་ལྡིང་བའི་ཡིག་འབྲུ་འདི་དག»དང«བདག་སེམས་ནམ་ཡང་ཁྱོད་ལ་ཕྱོགས།» ད་དུང་ལྷུག་རྩོམ་དེབ«དཔྱིད་ཀྱི་དཔལ་མོ»སོགས་ཡོད། དུས་རབས་ཉེར་གཅིག་པའི་རྗེས་ནས་སློབ་ཁྲིད་ཀྱི་ཞོར་ལ་རིག་གཞུང་ཞིབ་འཇུག་གི་ལས་ཀར་འཇུས་ཏེ་བོད་ཀྱི་བརྡ་སྤྲོད་དང་དེང་རབས་རྩོམ་རིག་སྐོར་གྱི་ཆེད་རྩོམ་དང་། ལྷག་ཏུ་སྐྱེས་མའི་རྩོམ་རིག་དང་ལོ་རྒྱུས་སྐོར་ནས་ཆེད་རྩོམ་དུ་མ་སྤེལ་མྱོང་།
ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号