དེབ་གསར«མོག་ཆུང་ཕུར་ཁོའི་ཆེད་རྩོམ་ཕྱོགས་བསྒྲིགས»པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-07 09:02:33 ཀློག་གྲངས།:
       ཉེ་ལམ། མོག་ཆུང་ཕུར་ཁོ་ལགས་ཀྱི་བརྩམས་དེབ་གསར་པ«མོག་ཆུང་ཕུར་ཁོའི་ཆེད་རྩོམ་ཕྱོགས་བསྒྲིགས»ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

མཇུག་གཏམ།

       རྩོམ་བཏུས་འདི་ནི་བདག་གིས་ལོ་ངོ་བཞི་བཅུ་ལྷག་ལ་ལས་ཀའི་ཞོར་དུ་བོད་རིག་པར་སྦྱང་བརྩོན་བྱས་པའི་ཟིན་བྲིས་ལྟ་བུ་ཞིག་ཡིན། དེང་སང་ལོ་ན་བདུན་ཅུར་སླེབས་པའི་དུས་སུ་ཁ་ཕྱིར་འཁོར་ནས་བལྟས་ན་བོད་རིག་པའི་གངས་ལྗོངས་སུ་ཙི་གུ་ར་བཟི་བ་ཞིག་གི་རྐང་རྗེས་འཁྱར་འཁྱོར་ཀར་ཀོར་ཞིག་ནག་ཤད་ལེར་ཁྲ་རིག་གེར་མིག་ལ་ཤར་ཡོང་བ་ཆེར་མི་མཛེས་ནའང་སེམས་ལ་དྲོད་འཁོལ་སྦྱིན་པའི་འོད་ཀྱི་ཐིག་ལེ་ཞིག་དང་འཚོ་བའི་སྐྱ་ལམ་རིང་མོ་ནས་རག་པའི་རྔན་པ་ཞིམ་པོ་ཞིག་རེད། འོ་ན་ཁྱོད་ཀྱིས་བོད་རིག་པ་ལས་ངེས་ཤེས་གསར་པ་ཅི་འདྲ་ཞིག་རྙེད་སོང་ཟེར་ན། ང་རང་གངས་འདབས་ནས་སྐྱེས་སྦྲ་ནང་ནས་འཚར་ཡོང་བས་གངས་གསེང་དང་རྫ་གསེང་ལ་དད་པ་ཤིན་ཏུ་ཆེ། རྒྱུ་མཚན་ནི་མཐོ་ས་བཙན་ས་དེ་དག་ཏུ་ང་ཚོས་གོང་རྩྭ་ཟོས་ནས་ཐར་སླ་བ་སྟེ། གནས་དེ་དག་ཏུ་དབྱར་རྩྭ་དགུན་འབུ་འབེལ་ལ་རྫ་དུག་ཀྱང་སྟུག་ཕྱིར་གཞན་དག་སླེབས་དཀའ། དེའི་ཕྱིར་གནས་དེ་ནི་བོད་རིག་པ་སྦྱང་བརྩོན་གྱི་དག་ཞིང་རེད།
       རྩོམ་བཏུས་དཔར་སྐྲུན་བྱེད་པའི་སྐལ་བ་ལྡན་པའི་དུས་འདིར་སྙིང་གི་ན་ཟུག་མནན་ནས་ཞུ་དགོས་པ་ཞིག་ནི་སྐུ་ཟླ་འདས་མོས་འཚོ་བཞུགས་སྐབས་སུ་བོད་རིག་པར་བརྩེ་དུང་ཟབ་མོ་བཅངས་ཏེ་ཡི་གེ་རྡོག་མ་རེ་རེ་བཞིན་ཁོང་མོ་རང་གིས་ལེགས་པར་བརྟགས་ཤིང་ལེགས་པར་བཅོས་པར་མ་ཟད་ནམ་རྒྱུན་རྩོམ་བཏུས་ཀྱི་དཔར་སྐྲུན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཐ་ན་སྨན་ཁང་གི་མལ་ཁྲིའི་ཐོག་ནས་ཀྱང་ཡང་ཡང་གླེང་པས་མཆི་མ་ཉིལ་ཉིལ་འཐོར། ང་ཡི་དཔེ་ཆ་གཞན་དག་མཐོང་ཡང་རྩོམ་བཏུས་འདི་ཉིད་མཐོང་མ་ཐུབ་པར་ཞིང་ས་གཞན་ཞིག་ཏུ་བཞུད་སོང་། དེ་ནི་ཇི་འདྲའི་ཕངས་པ་ཞིག་ལ་ཨང་། ད་ཆ་དངོས་སུ་དཔེ་སྐྲུན་གྱི་སྐལ་བ་ལྡན་པ་འདིས་རང་ཅག་འདི་ཕྱི་གཉིས་ཀྱི་སེམས་ཀྱི་ན་ཟུག་རྩ་ནས་བཅག་སྟེ་དགའ་བ་འབུམ་གྱིས་ངེས་པར་མྱོས་པར་འགྱུར།
       དེ་མིན་ལོ་ངོ་བརྒྱད་དགུ་ཙམ་གྱི་གོང་རོལ་ནས་རྩོམ་བཏུས་ཀྱི་དཔེ་སྐྲུན་ལ་ཐུགས་ཁུར་གནང་མཁན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་འབྲུག་པ་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ་མགོན་པོ་དར་རྒྱས། དེང་སྐབས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་རྣམ་རྒྱལ་ཚེ་རིང་དང་བོད་ཡིག་ཁང་གི་མགོ་འཛིན་ཤེར་དོན་རྣམ་གཉིས། ད་དུང་རྩོམ་སྒྲིག་འགན་ཁུར་པ་བོང་སྟག་པ་ཚེ་རིང་དཔལ་མགོན་དང་བསྟན་འཛིན་ནོར་བུ་སོགས་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་བླ་ལྷག་གནང་བར་མ་ཟད་སེམས་པ་མྱ་ངན་གྱིས་ནོན་པའི་སྐབས་སུ་ཆེད་མངགས་སྡོད་ཤག་ཏུ་ཡོང་ནས་སེམས་གསོ་དབུགས་དབྱུང་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

༢༠༢༥ལོའི་ཟླ༥པའི་ཚེས༢༩ལ།
དཀར་ཆག
རྩོམ་མཁན་ངོ་སྤྲོད།
       མོག་ཆུང་ཕུར་ཁོ། རིམ་གཉིས་ཞུས་ཆེན་རྩོམ་སྒྲིག་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། 1955ལོར་མདོ་སྨད་བོང་སྟག(ཐེམ་ཆེན)མོག་ཆུང་སྡེ་བར་སྐྱེས། 1974ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ནས་སློབ་ཐོན་བྱུང་། 2008ལོ་ནས2009ལོའི་བར་ཆིན་ཧྭ་སློབ་གྲྭ་ཆེན་མོའི་མཐོ་རིམ་དཔེ་སྐྲུན་འཛིན་གྲྭ་རུ་ཟབ་སྦྱོང་གནང་། སྔ་རྟིང་དུ་སྙན་དེབ«ཀ་ཁའི་འཇའ་ཡིག»དང་། དཔྱད་དེབ«བོད་ཀྱི་གསོ་རིག་སྙན་ངག་གི་རྣམ་གཞག་སྔོ་ཡི་བུ་མོའི་འཛུམ་ཟེར» «ཕ་མས་བདག་ལ་འདི་སྐད་གསུངས»དང་། སྒྲུང་གཏམ«ལྷ་སྒྲོལ་མ་དང་མི་སྒྲོལ་མ» «ཨ་མའི་ལྕི་བའི་བག་ལེབ» «འབྲོང་ཚ»སོགས་དཔར་དུ་བཏབ་པ་དང་། དཔྱད་རྩོམ«སྐད་བཞིའི་རོལ་མོ་མཉམ་དཀྲོལ»ཅེས་པར་རྒྱལ་ཡོངས་ཀྱི་དཔྱད་རྩོམ་བྱ་དགའ་ཨང་དང་པོའང་ཐོབ། གཞན«འབྲུག་པ་པདྨ་དཀར་པོའི་བྱམས་སྙིང་རྗེའི་ཁྲིད»དང་། «རྒྱ་ཆེན་སྤྱོད་པའི་ཁྲིད»སོགས་བསྟན་བཅོས་དུ་མ་རྒྱ་ཡིག་ཏུ་བསྒྱུར་ཏེ་རྩོམ་སྒྱུར་དཔྱད་གསུམ་ཐད་གཞན་དྲིང་མི་འཇོག་པ་ཞིག་བྱུང་། 2004ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་བྱས་རྗེས་གཟེངས་སུ་མཐོ་བའི་ཆེད་རམས་པ་ཞེས་པའི་ལུང་གིས་བསྔགས། 2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་བདག་རྐྱེན་ལོངས་སུ་སྤྱོད་པའི་སྐལ་བ་ལྡན། 2007ལོར་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་ནས་རིག་པའི་དཔུང་རྒྱན་ཞེས་པའི་མཚན་འདོགས་བསྩལ། 2009ལོར་སླར་ཡང་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་ནས་ཆེད་ལས་མཁས་བརྒྱ་ཞེས་པའི་གྲལ་ཐོབ་གནང་། ད་ཆར་རྒན་ཡོལ་གནང་སྟེ་པེ་ཅིང་དུ་བཞུགས།
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།