ལིག་བུ་མིག་ལ་དཔྱད་པ།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-07 08:35:02
ཀློག་གྲངས།:
མགོ་བརྗོད།
ལིག་བུ་མིག་ལ་ངོས་འཛིན་མི་འདྲ་བ་འགའ་རེ་མཆིས་ཏེ། མདུང་རྩེ་སྨུག་པོ་སོགས་རྡོ་སྨན་ལ་ངོས་འཛིན་པ་སྐོར་ཞིག་དང་། དཀར་ཁྲ་མེན་སོགས་རིན་པོ་ཆེ་ལ་ངོས་འཛིན་པ་བཅས་སྣ་ཚོགས་ཅི་རིགས་ཤིག་མཆིས་པ་དང་། དེ་ལས་ཁྱད་པར་དུ་ཆུ་ལས་བྱུང་བའི་རིན་པོ་ཆེ་ཞེས་པ་ནི། རང་གི་བསམ་ཚུལ་ལྟར་ན་ད་སྐབས་མིག་ཏུ་གཏོང་པའི་ཨ་མདོའི་ཡུལ་སྐད་དུ་འཕེལ་གདུང་ཟེར་བ་དེ་རེད་སྙམ་པས། གཤམ་ནས་རང་བློས་དཔོག་ཚོད་ལྟར་དེ་རེ་རེ་བཞིན་གླེང་པར་བྱའོ། །

གཅིག ལིག་བུ་མིག་གི་ངོས་འཛིན་རྙོག་འཛིང་ཡིན་པ་སྤྱིར་བཤད་པ།
རྒྱུད་བཞི་ལས། ལིག་བུ་མིག་དང་བཙག་ཡུག་རྣམ་ལ་སོགས། །མིག་ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ། །[1]ཞེས་པ་དང་། དེའི་འགྲེལ་བ་བེེ་སྔོན་དུ། ལིག་བུ་མིག་ལ་སྤྱིར་མིང་གཉིས་འདིར་གཅིག་སྟེ། འདི་ལ་ཟུར་མཁར་བ་རེས་སྟང་ཟིལ་དང་། རེས་མདུང་རྩེ་འདྲ་བ་ལ་དེ་ལས་ལྗིད་ཡང་བ་ཞིག་ཡོད་པར་བཞེད་པ་དང་། བྱིངས་རྣམས་ཀྱིས་གང་ཡིན་མ་རྟོགས་པར་མདུང་རྩེ་སྨུག་པོ་བརྡར་ན་སེར་པོར་འོང་བ་དེ་ལ་བཞེད་པ་སོགས་ལོང་བའི་མཁར་བ་ལྟར་གར་འཛུགས་མེད་པ་མཛད་མོད་ཡིན་ནའང་པད་དཀར་ཆུན་པོ་ལས། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཞིང་། །དམར་སེར་སྔོ་ལྗང་འདྲེས་པ་མིག་གི་རྒྱན། །འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ། །འདི་ཡི་ནུས་པས་རྒྱུ་སྐར་གནོད་པ་ཐུབ། །ཅེས་བཤད་པ་དང་། སྐད་དོད་དུ་ཨ་ཛ་ན་མ་ཎི་ཞེས་ནོར་བུར་ཡང་བཤད་ཅིང་། གཟི་དེའང་རྡོ་རིགས་རྙིང་མའམ་ནོར་བུའི་རིགས་ནས་ནུས་པ་མི་འགལ་ཙམ་བཅས་གཟི་མདོག་ནག་ལ་དམར་སེར་སྔོ་ལྗང་གི་མིག་ཡོད་པ་དེ་མི་འཐད་པ་རང་མ་མཆིས་རུང་། མཆོག་ནི་རྡོ་མིག་གི་རྣམ་པ་འབུར་སྟབས་སུ་ཡོད་པ་རྩི་བཅག་ན་མཁྲེགས་ཤིང་འོད་ལྡན་ནག་པོ་མཆོག་དང་སེར་པོའང་འོང་བ་དེ་དང་།[2]ཞེས་པ་ལས། ལོང་བའི་མཁར་བ་གར་འཛུགས་མི་ཤེས་པ་ལྟ་བུ་ཞིག་ཡིན་ཟེར་བ་ནི་དོན་དུ་ལིག་བུ་མིག་ངོས་འཛིན་དཀའ་བའི་ཚུལ་བསྟན། དེ་ལྟར་རྗེ་ཟུར་མཁར་པ་དང་། བེེ་སྔོན་སོགས་ཀྱིས་རྡོ་སྨན་ལ་བཞེད་པ་དང་། ཡང་སྐོར་ཞིག་གིས་དཀར་ཁྲ་མེན་སོགས་ལ་ངོས་འཛིན་པ། པད་དཀར་ཆུན་པོ་ལས། ཆུ་ལས་བྱུང་བའི་རིན་པོ་ཆེ་མདོག་དམར་སེར་སྔོ་ལྗང་འདྲེས་པ་ཞིག་ལ་དགོངས་པ་སོགས། དེ་ཡི་ངོས་འཛིན་མ་འཁྲུལ་མ་ནོར་བ་ཡང་དག་པ་ཞིག་འབྱུང་རྒྱུ་ནི་ཤིན་ཏུ་གལ་ཆེ་མོད། ཡིན་ན་ཡང་། དེ་ཧ་ཅང་དཀའ་ཁག་ཅན་ཞིག་ཡིན་པ་ནི། ཤེལ་ཕྲེང་ལས། འདི་སྐབས་བཤད་པའི་ལིག་བུ་མིག་དང་ཧུམ་ཆེན་པས་གསུངས་པ་མི་གཅིག་པ་ནི། ཡང་ན་ཧུམ་ཆེན་ཀ་རས་རྡོ་ངོ་མ་ཤེས་ནས་རིན་པོ་ཆེར་རློམ་པར་ཟད། ཡང་ན་རྒྱུད་ཆེན་བཞི་མཛད་པ་པོས་རིན་པོ་ཆེ་ངོ་མ་ཤེས་ནས་རྡོའི་སྡེ་ཚན་དུ་བཤད་པར་ཐལ། ཅིའི་ཕྱིར་ན། ཧུམ་ཆེན་པས། རིན་པོ་ཆེའི་སྡེར་བཤད་ལ། འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ་ཞེས་གསུངས། རྒྱུད་འདིར་རྡོའི་སྨན་གྱི་ནུས་པ་བསྟན་པ་ནི། ཞེས་རྡོའི་སྡེར་བཤད་པ་ལས། སྔོན་དུ་རིན་པོ་ཆེའི་སྡེར་མ་བཤད་པས་སོ། །[3]ཞེས་པ་སོགས་རིགས་འགྲེའོ། ། གཉིས། རྡོ་སྨན་ལིག་བུ་མིག
གོང་དུ་སྨྲས་པ་ལྟར། ཟུར་མཁར་བ་རེས་སྟང་ཟིལ་དང་། རེས་མདུང་རྩེ་འདྲ་བ་ལ་དེ་ལས་ལྗིད་ཡང་བ་ཞིག་ཡོད་པར་བཞེད་པ་དང་། བེེ་སྔོན་གྱིས་མཆོག་ནི་རྡོ་མིག་གི་རྣམ་པ་འབུར་སྟབས་སུ་ཡོད་པ་རྩི་བཅག་ན་མཁྲེགས་ཤིང་འོད་ལྡན་ནག་པོ་མཆོག་དང་སེར་པོའང་འོང་བ་དེ་དང་། གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་ལས། ལིག་བུ་མིག་ལ་མིང་། སཽ་ཏི་ཛེ་ན། སི་སརྦྷེ་ར། ལ་ལས་སྨུག་པོ་མདུང་རྩེ། སྨུག་ནག་མདུང་རྩེའང་ཟེར། ངོ་བོ། རྡོ་སྨུག་ནག་མདུང་རྩེ་འདྲ་བ་དེ་ལས་ནག་ཅིང་མཁྲེགས་པ་བརྡར་ན་ཁུ་བ་དམར་སེར་དོན་པ་དེའོ། །[4]ཞེས་པ་དང་། ཤེལ་གོང་ཤེལ་ཕྲེང་དུ། རྡོ་སྨུག་ནག་མདུང་རྩེ་འདྲ་བ་ལ་དེ་ལས་ནག་ཅིང་མཁྲེགས་པའོ། །ལ་ལས་ནག་པོ་མདུང་རྩེ་ཟེར། ཁ་ཅིག་སྨུག་ནག་མདུང་རྩེར་འབོད་པའོ། །འདི་ལ་རིགས་དཀར་སྔོ་ཡང་འོང་བར་བཤད།[5]ཅེས་པ་དང་། བྱང་བ་རྣམ་རྒྱལ་གྲགས་བཟང་གིས་ཀྱང་། ལིག་བུ་མིག་ལ་ངོས་འཛིན་མི་གཅིག་པ་སྣང་ཡང་། རྒྱུད་འདིར་མདུང་རྩེ་ལ་མཛད་པར་བྱུང་སྟེ། མདུང་རྩེ་ཟུར་དུ་མ་སྨོས་པས་སོ། །འདི་ལ་མདུང་རྩེ་དཀར་དམར་ནག་གསུམ་ལ། མདུང་རྩེའི་སྐད་དོད་སམ་སརྦྷེ་ད་ཞེས་པ་ཡོད་ཅིང་། ལིག་བུ་མིག་གི་སྐད་དོད་སོ་སོ་ཏྲམྫན་ཟེར་བས་རྣམ་གྲངས་སུ་བྱེད་དགོས་སོ། །[6]ཞེས་དང་། ཀརྨ་རང་བྱུང་རྡོ་རྗེས། ལིག་བུ་མིག་ནི་མདུང་རྩེ་འདྲ། སྨུག་པོ་མིག་གདོན་ཀུན་ལ་ཕན།[7]ཞེས་གསུངས། བསོད་ནམས་ཡེ་ཤེས་རྒྱལ་མཚན་གྱིས། ལིག་བུ་མིག་ནི་རྡོ་ལུག་མིག་ཅེས་པ་ལུག་གི་མིག་རིལ་འདྲ་བ་ཁྲ་ཡོད་ཙམ་ཞིག་འབྱུང་བ་དེ་དང་།[8]ཞེས་དང་། གླིང་སྨན་བཀྲ་ཤིས་འབུམ་ནས། ལིག་བུ་མིག་ནི་ཆུ་བོ་ཡ་མུ་ན་ནས་འབྱུང་བའི་མི་ཏཉྫ་ན། ཆུ་བསོར་མིག་སྨན་ཟེར་བ་རྡོ་ནག་པོ་མིག་གི་རྣམ་པ་འབུར་སྟབས་ཅན་བཅག་ན་མཁྲེས(མཁྲེགས་ཡིན་པར་འདོད)ཤིང་འོད་ལྡན་བཟང་བ། དེ་བས་དམན་པ་སེར་པོའང་སྲིད་པ་དེ་ཡིན་ཀྱང་། ལོན་ནི་ཤིན་ཏུ་དཀའ་བས་མདུང་རྩེ་སྨུག་པོ་བརྡར་ན་ཁུ་བ་སེར་པོ་འོང་བ་དེས་ཚབ་རུང་།[9]ཞེས་གསུངས། མཁས་གྲུབ་ཀརྨ་ཆོས་རྒྱལ་ཡེ་ཤེས་འགྱུར་མེད་ཀྱིས། རྒྱ་གར་གྱི་ཆུ་བོ་ཡ་མུའི་ཆུ་རྡོ་ནག་པོ་མིག་གི་རྣམ་པ་ཅན་ཡིན་པ་བོད་དུ་དེ་འདྲ་མི་འབྱུང་གསུངས། མདུང་རྩེ་སྨུག་པོ་བརྡར་ན་ཁུ་བ་སེར་པོར་འོང་བས་ཚབ་བྱེད་པ་ཟུར་ལུགས།[10]ཞེས་ཁོང་གིས་མདུང་རྩེ་སྨུག་པོ་བརྡར་ན་ཁུ་བ་སེར་པོ་འབབ་པ་དེ་ཡང་རྡོ་སྨན་ལིག་བུ་མིག་གི་ཚབ་ཡིན་པ་མ་ཟད། དེ་ནི་བྱང་ཟུར་གཉིས་ལས་ཟུར་ལུགས་ཀྱི་ངོས་འཛིན་ཡིན་པ་གསལ་པོར་གསུངས་འདུག། མེས་པོའི་དགོངས་རྒྱན་ལས་ཀྱང་། གཞན་ཡང་ཨནྫ་ན་ཞེས་པ་མདུང་རྩེར་འདོད་ཅིང་། ཡང་ན་སརྦྷེ་ཏ་ཞེས་པ་རྡོ་མདུང་རྩེའོ། །མདུང་རྩེ་དེ་ལའང་རིགས་དཀར་པོ་དང་། ནག་པོ་དང་། སྨུག་པོ། སེར་པོ་དང་ལྔ་ལས། འདིར་དབྱིབས་མདུང་གི་རྩེ་འདྲ་བ་མདོག་སྨུག་སེར་ལ་བརྡར་ན་སེར་པོར་ཡོང་བ་དེའོ། །དེ་རྣམས་དེང་སང་སྟོད་གསེར་ཁའི་རྡོ་ཐང་། རྩེག་གེ་དམར་རུ། ཨོ་གོག་ཁྲོད་དང་ཆུང་སོགས་སོ་སོ་ནས་ཚང་མ་དང་། ནག་ཆུ་ཁ་སོགས་ཙན་ཏན་དགོན། ཀྲེའོ་ཧོར་ཚར་སོགས་ནས་དཀར་པོ། སྟོད་ལུང་འཕན་ཡུལ་སོགས་ནས་ནག་པོ་ཡོང་ངོ་། །[11]ཞེས་མདུང་རྩེར་འདོད་ཅིང་དེའི་ཐོན་ཁུངས་ཀྱང་། ནག་ཆུ་སོག་རྫོང་གི་སོག་ཙན་ཏན་དགོན་པ་ད་སྐབས་མཐོང་མ་ཐག་ཏུ་ཕོ་བྲང་པོ་ཏ་ལ་དང་ཆ་འདྲ་བ་ཞིག་ཡོད་པ་དེ་སོགས་ས་ཆ་མང་པོ་ཞིག་གསུངས་བཞིན་པ་ལྟར་རོ། །མཛོད་དགེ་ཉི་མས་ཀྱང་། འདི་རྡོ་སྨུག་ནག་མདུང་རྩེ་འདྲ་བ་ལ་དེ་ལས་ནག་ཀྱང་མཁྲེགས་པའོ། །[12]ཞེས་པ་དང་། མེས་ཞལ་སྨད་ཆ་ལས། ལིག་བུ་མིག་ནི་རྡོ་མདུང་རྩེའོ། །[13]ཞེས་གསུངས་འདུག། ལྷ་ཡི་དཔལ་ནས། མདུང་རྩེ(ལིག་བུ་མིག་གསལ་བྱེད་རྡོ། རྡོ་ཁབ་ལེན་ཟེར་རོ)ཞེས། དེ་ནི་ཁབ་ལེན་ཡིན་ཞེས་གསུངས་འདུག།[14]གཡུ་ཐོག་ཆ་ལག་བཅོ་བརྒྱད་ལས། ལིག་བུ་མིག(མདུང་རྩེ)[15]ཅེས་གསུངས་སོ། །སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། དྲི་མེད་ཤེལ་ཕྲེང་དུ། རྡོ་སྨུག་ནག་མདུང་རྩེ་འདྲ་བ་ལ། དེ་ལས་ནག་ཅིང་མཁྲེགས་པའོ། །ལ་ལས་ནག་པོ་མདུང་རྩེ་ཟེར། ཁ་ཅིག་སྨུག་ནག་མདུང་རྩེར་འབོད་པའོ། །ཞེས་སྨུག་ནག་མདུང་རྩེར་ངོས་འཛིན་མཛད་དེ། སྨུག་པོ་ཆིག་ཐུབ།(མདུང་རྩེ་སྨུག་པོ)(针铁矿)རོ་མངར། ཞུ་རྗེས་སྙོམས། ནུས་པས་ཆུ་སེར་འདྲེན་ཅིང་སྐེམ། མགོ་སོགས་རུས་ཆག་སྦྱོར་ཞིང་རུས་ཚད་སེལ། ཁྱད་པར་མིག་གི་ནད་ལ་མཆོག།[16]ཅེས་གསུངས་ཡོད་པ་དང་། སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ་ལས། ལིག་བུ་མིག།(无名异)ཏོ་ལུགས་སྨན་པ་ཀྲིས། འདི་སྟག་གཟིག་གི་ཡུལ་ནས་འབྱུང་སྟེ། རྡོའི་སྟེང་ཆགས་ཤིང་མདོག་སོལ་རྡོ་ནག་པོ་འདྲ་བ་ཡུལ་དེའི་མི་རྣམས་ཀྱིས་ཏིལ་མར་བསྐོལ་བའི་ནང་འཕངས་པས་སྙིགས་མ་བགྲུངས་ཤིང་ཆུ་སྐེམ། སྣུམ་གྱི་མདོག་གཡང་ཊི་ནག་པོ་འདྲ་བ་གནག་སྣུམ་དང་ལྡན་པར་འགྱུར་ལ་ཟོས་ན་སྔར་ལས་ཞིམ་མངར་ཆེའོ། །[17]ཞེས་དང་། དེང་སང་སི་ཁྲོན་དང་། ཀོང་ཞིའི་གྲོག་རོང་དང་། ཀུའེ་ལིན་གྱི་ཡུལ་ནས་མང་དུ་འབྱུང་སྟེ། གཏེར་རྡོ་གཅིག་གི་ནང་རྡེའུ་ནག་པོ་ལྕགས་ཀྱི་མདེའུ་འདྲ་བ་མང་དུ་འབྱུང་བའམ། ཡང་ན་རྡོའི་རྒྱུ་གསེར་ཟིལ་འདྲ་བ་ཁ་དོག་ནག་ཉམས་ཅན།[18]ཞེས་པ་ལྟར་དང་། རོ་མངར། ནུས་པ་སྙོམས། དུག་མེད། ཁའེ་པའོ་སྔོ་འབུམ་ལས། མཚོན་རྨ་གསོ་ཞིང་རུས་ཆག་སྦྱོར། ཟུག་གཅོག་ཅིང་ཤའུ་སྐྱེའོ། །ཞེས་དང་། ཡིག་བློན་ཆེན་མོ་སུའུ་སུང་གིས། གཉན་དང་ལྷོག་སྐྲངས་འཇོམས་པར་བྱེད་དོ། །ཞེས་གསུངས་ཤིང་། གཞན་ཡང་བརླན་དང་ཆུ་སེར་སོགས་སྡུད་ཅིང་སྐེམ་པར་བྱེད་དོ། །[19]ཞེས་བཀོད་འདུག། གཞན་དུ་རྡོ་སྨན་ལིག་བུ་མིག་གམ་མདུང་རྩེ་མིག་གི་སྨན་དུ་བསྡེབས་ཡོད་པ་འདི་ལྟ་སྟེ། གསལ་བྱེད་ཉི་ཤུ་རྩ་ལྔ་ནི། །འགྲོ་བའི་མིག་ནད་བསལ་བའི་ཕྱིར། །ལྕགས་ཕྱེ་ཨ་བ་གོ་སྙོད་སྦྲུལ། །མདུང་རྩེ་སྦལ་རྒྱབ་གངས་ཐིག(ཐིགས)མཚལ། །རྒྱ་རུ་བསེ་རུ་ཁ་ཤ་ཤ་བའི་རུ། །ཨུཏྤལ་ཧོང་ལེན་བ་ཤ་ཀ །ཛྰ་ཏི་སུག་སྨེལ་གུར་གུམ་ལི་ཤི་དང་། །ཅུ་གང་དང་ནི་ཏིག་ཏ(ཤིང་མངར་ཡང་སྣང)དང་། །ཀ་ཀོ་ལ་དང་ཨར་བར་སྐྱུར་གསུམ་སྦྱར། །ཀ་ར་བུ་རམ་མར་དང་སྦྱར་བ་ཡི། །སྨན་མར་ཕུག་རོན་སྒོ་ང་ཙམ་རེ་ཟ། །རྒྱལ་མོ་ཤེད་སྐྱེད་རབ་རིབ་སེལ། །ར་དང་ལིང་ཏོག་གཉིས་ཀ་འདེགས། །འདི་ལས་ཟབ་པ་ཤིན་ཏུ་དཀོན། །[20]ཞེས་པ་ལྟར་མཐར་གཏུགས་ཚེ་མདུང་རྩེ་སྨུག་པོ་སོགས་མིག་སྨན་དུ་ལག་ལེན་ལ་འདེབས་བཞིན་མཆིས་ནའང་། དེ་ནི་ཆུ་བོ་ཡ་མུ་ན་ནས་བྱུང་བའི་རྡོ་ནག་པོ་མིག་གི་རྣམ་པ་འབུར་སྟབས་ཅན་ཞིག་ཡོད་ཟེར་བ་དེའི་ཚབ་ཡིན་པར་འདུག་པ་ནི། གླིང་སྨན་བཀྲ་ཤིས་འབུམ་ནས། ལིག་བུ་མིག་ནི་ཆུ་བོ་ཡ་མུ་ན་ནས་འབྱུང་བའི་མི་ཏཉྫ་ན། ཆུ་བསོར་མིག་སྨན་ཟེར་བ་རྡོ་ནག་པོ་མིག་གི་རྣམ་པ་འབུར་སྟབས་ཅན་བཅག་ན་མཁྲེས(མཁྲེགས་ཡིན་པར་འདོད)ཤིང་འོད་ལྡན་བཟང་བ། དེ་བས་དམན་པ་སེར་པོའང་སྲིད་པ་དེ་ཡིན་ཀྱང་། ལོན་ནི་ཤིན་ཏུ་དཀའ་བས་མདུང་རྩེ་སྨུག་པོ་བརྡར་ན་ཁུ་བ་སེར་པོ་འོང་བ་དེས་ཚབ་རུང་། ཞེས་པ་དང་། མཁས་གྲུབ་ཀརྨ་ཆོས་རྒྱལ་ཡེ་ཤེས་འགྱུར་མེད་ཀྱིས། རྒྱ་གར་གྱི་ཆུ་བོ་ཡ་མུའི་ཆུ་རྡོ་ནག་པོ་མིག་གི་རྣམ་པ་ཅན་ཡིན་པ་བོད་དུ་དེ་འདྲ་མི་འབྱུང་། མདུང་རྩེ་སྨུག་པོ་བརྡར་ན་ཁུ་བ་སེར་པོར་འོང་བས་ཚབ་བྱེད་པ་ཟུར་ལུགས། ཞེས་གསུངས་པ་སོགས་ལས་རྟོགས་ནུས་སོ། །
མིག་གི་འདེབས་སྨན་ལིག་བུ་མིག
བུ་སྟོན་རིན་པོ་ཆེས། ཨ་རུ་སེནྡྷེ་བ་དང་ལིག་བུ་མིག །བཙག་ཡུག་དང་བཅས་ཆུ་ལ་བསྲེས་བཏགས་ཏེ། །མིག་གི་ཕྱི་རོལ་རབ་ཏུ་བྱུགས་བྱས་པས། །འདི་ཡིས་མིག་གི་ནད་ཀུན་ཞི་བར་འགྱུར། །[21]ཞེས་པ་དང་། སྡེ་དགེ་བླ་སྨན་རིན་ཆེན་འོད་ཟེར་གྱིས། བྱ་རྒོད་ཤི་བའི་མགོ་རུས་དང་། །བ་གླང་ལྕི་བ་བསྲེགས་པའི་ཐལ། །ལིག་བུ་མིག་རྣམས་ཆ་མཉམ་ལ། །ཞིབ་པར་བཏགས་པའི་ཕྱེ་མ་ནི། །མིག་བཏབ་གསལ་ཞིང་སྟོབས་ཀྱང་བསྐྱེད། །མཁའ་ལྡིང་བྱ་རྒོད་ལྟ་བུ་ཡི། །མིག་ཐོབ་འགྱུར་པར་ཐེ་ཚོམ་མེད། །[22]ཅེས་པ་དང་། རྒྱུད་བཞིའི་མན་ངག་རྒྱུད་ཀྱི་མིག་ནད་གསོ་བ་རུ། ཅུ་གང་གུར་ཀུམ་ག་བུར་གླ་རྩི་དང་། །ལིག་བུ་མིག་བཏགས་ཀ་ར་སྦྱར་བ་བྱུག །[23]ཅེས་པ་དང་། ཡན་ལག་བརྒྱད་པའི་སྙིང་བསྡུས་ཀྱི་རང་འགྲེལ་གྱི་མིག་ནད་བཅོས་ཐབས་སུ་ཡང་། ཡང་ན་པྲ་པུཎྜ་རཱི་ཀ་དང་། ཤིང་མངར་དང་། བུང་ཚང་རྡོ་དང་། བྲི་ཧ་ཏི་དང་། ཨ་ཀ་རུ་དང་། ལིག་བུ་མིག་དང་དེ་རྣམས་རའི་འོ་མ་དང་བཏགས་པའི་ལྡེ་གུ་སྦྱར་ལ་ཐོག་མ་ནས་མར་གྱི་དུད་བདུག།[24]ཅེས་བཀོད་འདུག། མིག་གསལ་བྱེད་ཀྱི་སྨན། སྒྲོན་མེ་མིག་གི་ལྷ་ལ་ཕྱག་འཚལ་ལོ། །མིག་གི་གསལ་བྱེད་སྨན་ལ། ཁ་ཆེ་གུར་གུམ། མདུང་རྩེ་བཟང་ངེས་པ། སའི་མཁྲིས་པ།(འཕྱི་བའི་མཁྲིས་པ།) མཁྲིས་ཆེན།(མི་མཁྲིས།) གནམ་གྱི་མཁྲིས(བྱ་རྒོད་ཀྱི)བ་དཀར་པོ། ཨ་རུ་ར་ཟུར་ལྔ་བ། དུང་སྲིན་མེད། མཚལ་དཀར། རྒྱ་ཚ། སྤོས་ཤེལ། གླ་བ། རླུང་འགྲིབ་ཡིན་ན་ཛྰ་ཏི། བད་ཀན་ཡིན་ན་མི་ཐོད་བསྲེགས་པ་ནས་ཙམ་གཅིག། ཁྲག་འགྲིབ་ཡིན་ན་འགྲོན་བུ་བསྲེགས་པའི་ཐལ་བ། མཆི་མ་འཛག་ན་སག་རྩི། འབྱུང་བ་སྣ་ཚོགས་འཁྲུགས་ན་ཅུ་གང་། ལིང་རོ་ཆེ་ན་རྒྱ་ཚ་ཆེ་བ། འགྲིབས་པ་མཐུག་ན་དུང་དཀར་ཆེ་བ། བད་ཀན་ཆེ་ན་མི་ཐོད་ཆེ། ཁྲག་ཤས་ཆེ་ན་འགྲོན་བུ་ཆེ། དམར་ན་ཚག་ན་སྣ་རྩེ་གཏར། མཆི་མ་ཤིན་ཏུ་མང་ན་སྣ་རྒྱུད་བསྲེག། མི་ཏྲ་ཛོ་གི་ནས་བརྒྱུད་པའི་མིག་སྨན་གདམས་པ། ངམ་རིང་ལྷ་རྗེའི་གདམས་པ།[25]ཞེས་པའི་མདུང་རྩེ་བཟང་ངེས་པ་ནི་ལིག་བུ་མིག་ཡིན་པ་དང་། གཡུ་ཐོག་གསར་མའི་བུ་དོན་མ་ལས། ཕྱི་རུ(རྗེས་ལ)ལྡོང་རོས་ལིག་བུ་མིག །རྒྱ་མཚོའི་ལྦུ་བ་ན་ལེ་ཤམ། །ར་འོ་དང་སྦྱར་ཟངས་ལ་བྱུག །ཞག་བདུན་ནས་བཀོགས(བཀོག)འོ་མར་སྦྱར། །རིལ་བུ་སྒྲིལ་ལ་སྐམ་བསྐུས་ན། །མིག་ཕྱེའི་རྗེས་ལ་གསལ་བསྟོབས(སྟོབས)སྐྱེད། །[26]ཅེས་པ། མཚོ་སྨད་མཁན་ཆེན་གྱིས། རྣམ་རྒྱལ(ཨ་རུ་གསེར་མདོག་ཆ)གསུམ་དང་ཁ(ཆེ) གྷི(ཧང) ལི(ཤི) རུས(རུ) (ཆ་གཉིས)གཉིས། ། དབང(ལག་ཆ) གཅིག་ཧ་ཤིག(ཐོ་ལོ་སྐོར) ལིག་བུར(མདུང་རྩེ་དམར་པོ) དོམ་མཁྲིས(ཆ)ཕྱེད། །ལྕོགས(ཅོག)ལ(རྒྱ་མཚལ་ད་ཆུ) ཆུ་སྙིང(རྒྱ་ཚ)ནས་ཙམ་ཀ་ར་སྦྱར། །ཡུང་བ(གཙོ་བོ་དང་མཉམ)བཅུ་ཕྲག་གཅིག་ལ་གཉིས་ཀྱིས་ལྷག། ཞི(ཞིབ)བའི་མཐར་ཐུག་རིགས་བཟང་ནུ་ཞོས་བྲན། །མིག་ནད་ཚག་འགྲིབ་ལིང་ཏོག་ལ་སོགས་པ། །སེལ་བྱེད་ཁྱད་པར་གསལ་བྱེད་སྤོས་རིང་མ། །ཡོངས་ལ་མ་གྲགས་གསང་ཆེན་བླ་ན་མེད། །འཇོམས་ལ་རྣོ་སྟེ་ནོར་བུ་སྦུར་ལེན་འདྲ། །[27]ཞེས་སྐབས་འདིར་ཁོང་གིས་ལིག་བུ་མིག་མདུང་རྩེ་དམར་པོར་ངོས་བཟུང་འདུག་གོ །
གསུམ། དཀར་ཁྲ་མན་སོགས་རིན་པོ་ཆེར་ངོས་འཛིན་པ།
སློབ་དཔོན་ཧུམ་ཆེན་ཀ་རས་མཛད་པའི་པད་དཀར་ཆུན་པོ་ལས། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཏེ། དམར་སེར་སྔོ་ལྗང་འདྲེས་པས་མིག་གི་རྒྱན། ཞེས་དང་། འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ། རྔ་ཡབ་གླིང་ནས་ཤང་ཤིང་མང་དུ་འཁྱེར། ཨོ་རྒྱན་སྲིན་ཡུལ་རྣམས་སུ་ཚོང་འཕྲད་པས། དེ་ནས་ཕྱོགས་བཅུར་བརྒྱུད་དེ་བྱུང་བ་ལས། རྒྱ་གར་མོན་དང་རྒྱ་ནག་ཡུལ་ལས་འོངས། ད་ལྟ་དཀར་གྱི་ཁྲ་མེན་ཞེས་སུ་གྲགས། འདི་ཡི་ནུས་པས་རྒྱུ་སྐར་གནོད་པ་བསྲུང་།[28]ཞེས་ལིག་བུ་མིག་ངོ་བོ་རྡོ་ཡིན་པ། མདོག་དམར་སེར་སྔོ་ལྗང་འདྲེས་པའི་མིག་གི་རྒྱན་དེ་ནི་ཆུ་ལས་བྱུང་བའི་རིན་པོ་ཞིག་ཡིན་པ་དང་། དེའི་འབྱུང་ཁུངས་ནི་རྔ་ཡབ་གླིང་ནས་ཤང་ཤང་ཞེས་ཡིན་ཏི་ཨན་མི(印第安人)ལྟ་བུའི་མགོ་རུ་རྒོད་སྒྲོས་བརྒྱན་པའི་ཞྭ་མོ་གྱོན་པ་དང་། ལུས་ལ་ཡང་བྱ་སྒྲོས་སྤུད་པའི་ལྭ་བ་གོན་ཞིང་འོག་རྟ་ཞོན་པའི་མི་རིགས་དེས་མང་དུ་ཁྱེར་ཡོང་བ། ནུབ་ཕྱོགས་ཨོ་རྒྱན་ཡུལ(阿富汗)། རྔ་ཡབ་གླིང་།(罗刹国) སྲིན་ཡུལ(斯里兰卡)སོགས་ནས་ཚོང་བྱས་པ་བརྒྱུད་དེ། རྒྱ་གར་ནག་མོན་དང་བཅས་པ་ལས་ད་གཟོད་བོད་དུ་བྱུང་བ་ཡིན་ཏེ། དེ་ནི་དོན་དུ་གཞན་གང་ཡང་མ་ཡིན་པར་དཀར་ཁྲ་མེན་ཉིད་ཡིན་པར་བཞེད་འདུག་པ་དང་། ཤེལ་ཕྲེང་ལས། ཁྲ་མན་གཟའ་ནད་འབྱུང་བོའི་གདོན་ཀུན་ཐུབ། །[29]ཅེས་པ་དང་། དྲི་མེད་ཤེལ་ཕྲེང་ལས། གཟིའི་རྒྱུ་ལས་རི་མོ་སྔོ་དཀར་དམར་སོགས་མ་ངེས་པ་ཞིག་ཡོད་ལ། རིགས་གཅིག་ནི་གཟི་ནག་ཁྲ་འགྱུར་མིག་དགུ་བ་ཡིན་པར་བཤད། ཅེས་གཟི་དངོས་རང་མ་ཡིན་པར་ངོས་འཛིན་གནང་།[30] དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ལིག་བུ་མིག་ནི་ཁྲ་མེན་དང་། སྨུག་ནག་མདུང་རྩེ་གཉིས་ལ་འཇུག། སྔ་མ་མཛེས་པས་མིག་རྒྱན་དང་། ཕྱི་མས་མིག་ནད་སེལ་བའི་དོན། ཡིན་པས་སྐབས་ཐོབ་དགོས་པར་བཤད།[31]ཅེས་ལིག་བུ་མིག་ནི་དཀར་ཁྲ་མེན་དང་རྡོ་སྨན་སྨུག་ནག་མདུང་རྩེ་གཉིས་ལ་འཇུག་ཅིང་། དེ་ལས་ཁྲ་མེན་ནི་མིག་གི་རྒྱན་ཡིན་པ་ལས། མིག་ནད་སེལ་བའི་སྨན་སྦྱོར་ཁོང་དུ་བསྟེན་རྒྱུ་ཞིག་མིན་པ་གསུངས་འདུག། འབྲི་གུང་ཆོས་གྲགས་ཀྱིས། བཤད་རྒྱུད་འགྲེལ་པར། ལིག་བུ་མིག(དཀར་ཁྲ་མན)ཅེས་གསུངས་འདུག།[32]ཡང་ཁོང་གི་རྒྱུད་ཀྱི་མིག་ནད་བཅོས་ཐབས་སུ། ལིག་བུ་མིག(བརྡ་སྤྲོད་ལྔ་པར་མདུང་རྩེ་ཡིན་གསུངས་པ་འགའ་ཞིག་དཀར་ཁྲ་མེན་ལ་འདོད་པ་བརྟག་གོ།)[33]ཅེས་པ་སོགས་མཁས་པ་མང་པོ་ཞིག་གིས་ལིག་བུ་མིག་དཀར་ཁྲ་མན་ལ་ངོས་འཛིན་བྱེད་ཀྱང་། དེ་ཡིན་མིན་ལ་དོགས་པ་འདུག་པའང་ཞོར་ལས་ཤེས་ནུས་སོ། །དེ་ལྟར་སློབ་དཔོན་ཧཱུམ་ཆེན་ཀ་རས་མཛད་པ། པད་དཀར་ཆུན་པོ་ནས་གསུངས་པའི་རིན་པོ་ཆེ་བརྟག་ཐབས་བཞུགས་སོ། །ཞེས་པ་ལུང་འདྲེན་ཤིན་ཏུ་མང་པོ་མཛད་འདུག་ཀྱང་། ད་ལྟ་དཀར་གྱི་ཁྲ་མེན་ཞེས་སུ་གྲགས། འདི་ཡི་ནུས་པས་རྒྱུ་སྐར་གནོད་པ་བསྲུང་། ཞེས་པའི་མཇུག་གི་ནང་དོན་ཤེལ་ཕྲེང་སོགས་སུ་ཡང་བཀོད་མི་འདུག་པས། ལིག་བུ་མིག་གི་ཞིབ་འཇུག་ལ་དམིགས་ཏེ་ཆ་ཚང་བཀོད་ན་འདི་ལྟར་འདུག་སྟེ། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཞིང་། །དམར་སེར་སྔོ་ལྗང་འདྲེས་པས་མིག་གི་རྒྱན། །སྙི་ཞིང་ལྗིད་ཡང་ལ་རིལ་འདྲ་ན་བཟང་། །དྭངས་ཤིང་མཁྲེགས་ན་རྒྱ་ཡི་བཟོ་མ་ཡིན། །འདི་ནི་ཆུ་ལས་འོང་བའི་རིན་པོ་ཆེ། །རྔ་ཡབ་གླིང་ནས་ཤང་ཤང་མང་དུ་ཁྱེར། །ཨུ་རྒྱན་སྲིན་ཡུལ་རྣམས་སུ་ཚོང་སྤྲད་པས། །དེ་ལས་ཕྱོགས་བཅུར་བརྒྱུད་དེ་བྱུང་བ་ལ། །རྒྱ་གར་མོན་དང་རྒྱ་ནག་ཡུལ་དུ་འོང་། །ད་ལྟར་དཀར་གྱི་ཁྲ་མེན་ཞེས་སུ་གྲགས། །འདི་ཡི་ནུས་པས་རྒྱུ་སྐར་གནོད་པ་བསྲུང་། །ཁ་ཅིག་འདི་ནི་རིན་ཆེན་པུག་ཡིན་ཟེར། །ཁ་ཅིག་པུག་ནི་ལྕགས་རིགས་དམར་སྐྱར་གླེང་། །ཁ་ཅིག་གཟི་རིགས་ཁ་དོག་ལྔ་ཚོགས་པ། །འདི་ཉིད་པུག་ཡིན་ཟེར་ཏེ་བརྒལ་པར་བྱ། །[34]ཞེས་སློབ་དཔོན་ཁོང་གི་ངོས་འཛིན་ཀྱང་། མཐར་གཏུགས་ན་དཀར་ཁྲ་མེན་ཁོ་ན་རེད་ཟེར་རྒྱུ་ཡང་དཀའ་བར་འདུག་སྟེ། ཁ་ཅིག་འདི་ནི་རིན་ཆེན་པུག་ཡིན་ཟེར། འདི་ཉིད་པུག་ཡིན་ཟེར་ཏེ་བརྒལ་པར་བྱ། ཞེས་གོང་དུ་ཚིག་འགོ་རུ་དཀར་ཁྲ་མེན་ཡིན་ཞེས་ནའང་། ཚིག་མཇུག་ཏུ་དཀར་ཁྲ་མེན་ནམ། ཡང་ན་པུག། ཡང་ན་གཟི་སོགས་གང་ཡིན་ལ་དོགས་སློང་བྱས་འདུག་པ་མ་ཟད། དེ་ལས་ལིག་བུ་མིག་འདི་རིན་ཆེན་པུག་ཡིན་མིན་ལ་དཔྱད་ཞིབ་མཛད་དགོས་པ་ཡང་གསལ་པོར་གསུངས་པ་ལས། ཁོང་གིས་ཀྱང་མཐར་གཏུགས་ན་ངོས་འཛིན་གང་ཡིན་ལ་བརྡར་ཤ་རྣལ་མ་ཞིག་ཐོན་མེད་པ་ཧ་ཅང་གསལ། རིན་ཆེན་པུག་ནི། སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། གསེར་སྤུག་གམ་པུག(金星石)ཅེས་པ་རིན་པོ་ཆེ་ཁ་དོག་དམར་སེར་ཉི་འོད་འོག་གསེར་ཞག་ཉི་ལེ་བ་བཅད་ཁ་དཀར་ཡོལ་བཅག་པ་འདྲ་བ། འདི་ཡང་ངོ་བོ་པདྨ་རཱ་གའི་ཁོངས་སུ་གཏོགས་པ་སྟེ། དྲི་མེད་ཤེལ་ཕྲེང་ལས། པུག་ནི་མདོག་རབ་ཏུ་དམར་བ་འོད་ཟེར་སེར་པོ་སོར་དོའི་ཚད་ཙམ་ཕྱོགས་གཅིག་ཏུ་འགྲོ་བ་ཆེ་ཚད་མཐེབ་མཛུབ་གཉིས་ཀྱིས་འདུས་པ་ཙམ་མོ། ། ་་་་་་། །རོ་མངར། ཞུ་རྗེས་སྙོམས། ནུས་པས་ནད་དང་གདོན་རྣམས་སྲུང་ཞིང་ཁྱད་པར་ཀླད་སྐྱོན་རྩ་ནད་གསོ། གཟའ་གདོན་འཇོམས་ཤིང་སྲུང་།[35]ཞེས་གསུངས་པ་ལྟར་རོ། །བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ལིག་བུ་མིག། རྡོ་སྨན་གྱི་རིགས་ཤིག་སྟེ། ནུས་པས་མིག་ནད་རབ་རིབ་སོགས་ལ་ཕན།(孔雀石)[36]ཞེས་ལིག་བུ་མིག་ཅེས་པའི་རྡོ་སྨན་དེའི་རྒྱ་ཡིག་གི་མིང་དུ་གང་ཟེར་བ་ཡང་བསྟན་འདུག། དགེ་བཤེས་ཆོས་གྲགས་སུ་ཡང་། ལིག་བུ་མིག།(孔雀石)[37]ཅེས་བཤད་འདུག །དེ་བས་ལིག་བུ་མིག(孔雀石)གི་ངོས་འཛིན་འདི་ནི། སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། རྡོ་རིགས་མརྒད།(孔雀石) ཐཱན་སོན་ཡན(碳酸盐)རིགས་ཀྱི་གཏེར་རྡོ་ཞིག་སྟེ། དབྱིབས་དང་ཆེ་ཆུང་ཕལ་ཆེར་ངེས་མེད་ལ། ནུ་མ་འདྲ་བའམ། ཀླད་འབྲུམ་འདྲ་བ། སྐྲན་ཐུམ་འདྲ་བ་སོགས་ཅི་རིགས་འབྱུང་ཞིང་། ཕྱི་ནང་རིམ་པར་ཆགས་པའི་མཚན་ཉིད་ཅན་ལ། ཁ་དོག་ཤིན་ཏུ་ལྗང་གུ་ལ་ལྗང་དཀར་དང་ལྗང་སྨུག་སྤེལ་མ་དང་། སྣག་རིས་དང་མཐིང་རིས་འདྲ་བ་སྣ་ཚོགས་འདྲེས་པ། ་་་་་་། ། རོ་མངར་སྐྱུར། ཞུ་རྗེས་སྙོམས། ནུས་པས་རླུང་མཁྲིས་བད་ཀན་འདུས་པའི་ནད་རིགས་མ་ལུས་སེལ་ཞིང་། ཁྱད་པར་གཟའི་ནད་དང་། གདོན་གཟེར་འཇོམས།[38]ཞེས་པ་ལྟར་རོ། །སྨན་ངོ་གསལ་བཤད་གློག་གི་སྒྲོན་མེ་ལས། ཕལ་ཆེར་སྨུག་པོ་ཆིག་ཐུབ་བམ་སྨུག་པོའམ་སྨུག་ནག་མདུང་རྩེ་དང་འདྲ་བའི་གཏེར་རྡོའི་རིགས་ཤིག་ལ་ངོས་འཛིན་གནང་འདུག་མོད་ངོས(ངེས)བསྟན་མེད། དེས་ན(长石)ཟེར་བ་དང་མཚན་ཉིད་ཕལ་ཆེར་མཚུངས་པ་འདྲ་བས། འདིར་སྐབས་རེ་ཞིག་དེ་བཞིན་ངོས་འཛིན་བྱས་ཡོད་པ་འགྲིག་མིན་མཁྱེན་ལྡན་རྣམ་པས་དཔྱད་པར་ཞུ། ད་དུང་འདི་ལས་ལྷག་པར་དྭངས་ཤིང་མཛེས་པ་ཡོད་པ་རྣམས་ནི་ནོར་བུའི་རིགས་སུ་གཏོགས་པ་དྲ་ཐོག་ནས་གསལ་བས། པད་དཀར་ཆུན་པོ་ལས། རིན་པོ་ཆེའི་རིགས་བཤད་སྐབས། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཞིང་། །དམར་སེར་སྔོ་ལྗང་འདྲེས་པ་མིག་གི་རྒྱན། །འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ། །ཞེས་གསུངས་པ་ནི་ཤིན་ཏུ་རྨད་པར་སེམས་སོ། །གྲུབ་ཆ་གཙོ་བོCa0དངSiO2ཡིན་པ་གསལ།[39]ཞེས་རྒན་ཁོང་གིས(长石)ཟེར་བའི་རིན་པོ་ཆེ་དེ་ཨེ་ཡིན་ནམ་སྙམ་འདུག།
བཞི། རང་ལུགས་ལ་ཆུ་ལས་བྱུང་བའི་རིན་པོ་ཆེ་ཟེར་བ་དེ་འཕེལ་གདུང་རེད་སྙམ་པའི་བརྒལ་བརྟག
དེ་ལྟར་གོང་དུ་སྨོས་པ་ལྟར། ལིག་བུ་མིག་གི་ངོས་འཛིན་ལ་སྨུག་ནག་མདུང་རྩེ་སོགས་རྡོ་སྨན་དང་། ཆུ་ལས་བྱུང་བའི་རིན་པོ་ཆེ་བཅས་གསུངས་ཡོད་པ་དང་། དེ་ལས་ཆུ་ལས་བྱུང་བའི་རིན་པོ་ཆེ་དེ་ནི། མཁས་དབང་རྣམ་པས་ངོས་འཛིན་མི་གཅིག་པ་སྣ་ཚོགས་ཅི་རིགས་ཤིག་མཛད་ཡོད་དེ། དཔེར་ན། དཀར་ཁྲ་མེན། གཟི་ནག་ཁྲ། གསེར་སྤུག་གམ་པུག(金星石)། 长石དང་། རྡོ་རིགས་མརྒད།(孔雀石)སོགས་སོ། །ཤེལ་ཕྲེང་ལས། ཧུམ་ཆེན་པས། རིན་པོ་ཆེའི་སྡེར་བཤད་ལ། འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ་ཞེས་གསུངས། ཞེས་པ་ཁོ་བོའི་བསམ་ཚུལ་ལྟར་ན། ཧཱུམ་ཆེན་ཀ་རས་བཤད་པ་ནི་ཆུ་ལས་བྱུང་པའི་རིན་ཆེན་རིགས་སུ་གཏོགས་པ་ཞིག་ཡིན་པ་དང་། དེ་ནི་དཀར་ཁྲ་མན་ནམ་པུག་གམ་གཟི་གང་ཞིག་ཡིན་པ་ཁོང་གིས་ཀྱང་ཐག་མ་ཆོད་པར་ཡིད་གཉིས་ཀྱི་དོགས་པ་ཟ་བ་གོང་ནས་ཁོང་གི་སྨན་ཡིག་གི་ལུང་དྲངས་ཡོད་པ་ལྟར་དང་། བེེ་སྔོན་ལས། དཀར་ཁྲ་མན་ལ་མིང་བཅུ་གཉིས་འདིར་གཅིག། དེ་ལ་ངོས་འཛིན་མང་ཡང་འཁྲུལ་མེད་གཟི་མིག་དགུ་བ་དེ་ཡིན་པས་སྟེང་གདོན་སྲུང་ཞེས་གཟི་རང་དུ་ངོས་འཛིན་གནང་།[40]ཡིན་ན་ཡང་། ཤེལ་ཕྲེང་ལས། ལིག་བུ་མིག་དེ་གཟི་དངོས་མིན་པ་གསུངས་འདུག་སྟེ། ཇི་སྐད་དུ། པད་དཀར་ཆུན་པོ་ལས། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཞིང་། །དམར་སེར་སྔོ་ལྗང་འདྲེས་པ་མིག་གི་རྒྱན། །འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ། །ཞེས་གསུངས་པའི་ལུང་འདིའི་སྒོ་ནས་ཕལ་ཆེར་གྱིས་སྐབས་འདིར་གཟི་ཡིན་གསུངས་པ་དེ་ཡང་རྩ་བ་ནས་ནོར་ཏེ། ལུང་འདི་དཀར་ཁྲ་མན་ལ་དགོངས་པ་ཡིན། ནུས་པ་ཡང་། འདི་ཡི་ནུས་པས་རྒྱུ་སྐར་གནོད་པ་ཐུབ། གསུངས་པ་ཁྲ་མན་གྱི་ནུས་བཤད་དོ། །གཟི་ལ་ངོས་འཛིན་པ་རང་ནོར་བ་ནི། གཟི་ལ་དམར་སེར་སྔོ་ལྗང་གི་རི་མོ་མེད་པས་སོ། །ཞེས་པ་ལྟར་རོ། །དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་མཆོག་གིས་ཀྱང་། ཁ་ཅིག་པར་དཀར་ཆུན་པོ་ལས་བཤད་པའི་ལིག་བུ་མིག་དང་། འདིར་གསུངས་པའི་ལིག་བུ་མིག་གཉིས་གཅིག་པར་འདོད་པའི་ཞེ་འཛིན་གྱི་སྒྲོག་གིས་བཅིངས་ནས་ཅ་ཅོའི་གད་རྒྱངས་མཛེས་མཛེས་སུ་སྨྲ་ཡང་། དེ་ནི་ལིག་བུ་མིག་གི་ངོ་བོ་རྡོ་ཡིན་ཏེ། ཞེས་པའི་ཚིག་ལ་འཁྲུལ་ནས་རྡོའི་ཕྲ་རགས་ཙམ་ཡང་མ་ཤེས་པས་ཧ་ལོའི་མེ་ཏོག་ལྟར་མཆིས་ཏེ། སྤྱིར་རྡོ་ཕྲ་རགས་གཉིས་སུ་ཕྱེ་བའི་ཕྲ་བ་ལ་རིགས་མང་ཞིང་། རགས་པ་རིན་པོ་ཆེའི་རྡོ་དང་། ནོར་བུའི་རྡོ་དང་། ཕལ་བའི་རྡོ་དང་གསུམ་ལས། པད་དཀར་ཆུན་པོ་ནས་བཤད་པའི་ལིག་བུ་མིག་ནི་ནོར་བུའི་ཆར་གཏོགས་པ་ཞིག་ཡིན་ལ།[41]ཞེས་པ་སོགས་གང་ལྟར་རྒྱལ་དབང་ལྔ་བའི་བླ་སྨན་དར་མོ་བའི་སྐབས་སུ་ཡང་། པད་དཀར་ཆུན་པོ་ལས་བཤད་པའི་ལིག་བུ་མིག་གི་ངོས་འཛིན་ནི་ཤིན་ཏུ་རྙོག་འཛིང་ཡིན་པ་རྟོགས་ཤིང་། སྨན་ངོ་གསལ་བཤད་གློག་གི་སྒྲོན་མེ་ལས། ཕལ་ཆེར་སྨུག་པོ་ཆིག་ཐུབ་བམ་སྨུག་པོའམ་སྨུག་ནག་མདུང་རྩེ་དང་འདྲ་བའི་གཏེར་རྡོའི་རིགས་ཤིག་ལ་ངོས་འཛིན་གནང་འདུག་མོད་ངོས(ངེས)བསྟན་མེད། ཅེས་པ་དེས་རྒན་ཁོང་ནི་ད་སྐབས་ཀྱི་སྨན་རྫས་མཁས་པ་ཡིན་པ་དང་། དེང་དུས་ད་དུང་ཆུ་ལས་བྱུང་བའི་རིན་པོ་ཆེ་ལིག་བུ་མིག་གི་ངོས་འཛིན་ནི། བོད་སྨན་ཁྱབ་ཁོངས་ནས་ཆེད་མཁས་ཐམས་ཅད་ཀྱིས་ཐག་མི་ཆོད་པ་གསལ་པོར་གསུངས་འདུག་གོ། དེ་ལྟར་གོང་དུ་སྨྲས་པ་ཇི་བཞིན་དུ་སློབ་དཔོན་ཧཱུམ་ཆེན་ཀ་རས་གསུངས་པའི་ཆུ་ལས་བྱུང་བའི་རིན་པོ་ཆེ་དེའི་ངོས་འཛིན་ཤིན་ཏུ་དཀོན་མོ་ཡིན་ཡང་། ཁོ་བོའི་བསམ་ཚུལ་ལྟར་ན་མཁས་པ་ལ་ལས་འཕེལ་གདུང་རེད་ཟེར་བ་དེ་ཧ་ཅང་བདེན་པར་འདོད་པས། གཤམ་ནས་དེའི་ཕྱོགས་ཀྱི་ལྟ་ཚུལ་གླེང་རྒྱུ་ཡིན། དེས་ན་འཕེལ་གདུང་ཞེས་པ་ནི་གང་རེད་ཟེར་ན། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། འཕེལ་གདུང་། སྐྱེས་བུ་དམ་པའི་གདུང་རུས་ལས་བྱུང་བའི་རིང་བསྲེལ།[42]ཞེས་འཕེལ་གདུང་ནི་རིང་བསྲེལ་གྱི་མིང་ཡིན་པ་དང་། རིང་བསྲེལ་ལ་མཆོག་གི་ནོར་བུ་ཡང་ཟེར་ཏེ། ཤེལ་ཕྲེང་ལས། མཆོག་གི་ནོར་བུ(རིང་བསྲེལ)བཤད་པ། ཅེས་པར། དེ་ཡང་རྗེ་རང་བྱུང་རྡོ་རྗེས། རྒྱལ་བའི་རང་བསྲེལ་ནོར་བུའི་མཆོག། དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་ལྡན་པའི་གདུང་། །མཆོད་ཅིང་ལུས་ལ་བཅིངས་པ་ཡིས། །གདོན་ཀུན་ཕྱོགས་སུ་ཉེ་མི་ནུས། །[43]ཞེས་པ་ལས། འཕེལ་གདུང་དང་རིང་བསྲེལ་དོན་གཅིག་ཡིན་ཞིང་དེ་ལ་མཆོག་གི་ནོར་བུ་ཟེར་བས། དེ་ནི་དོན་དུ་རིན་པོ་ཆེ་ཡིན་ཞིང་། ཧཱུམ་ཆེན་ཀ་རས། འདི་ནི་ཆུ་ལས་འོང་བའི་རིན་པོ་ཆེ། ཞེས་པའི་བཤད་ཚུལ་དང་མཐུན་སྙམ། སློབ་དཔོན་ཀླུ་སྒྲུབ་ཀྱིས། མིའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། དེ་བཞིན་གཤེགས་པའི་རང་བསྲེལ་ལས་འབྱུང་སྟེ། དམ་པའི་ཆོས་ནམ་མ་ནུབ་ཀྱི་བར་ཡུལ་དེའི་གདུལ་བྱ་སྐྱོང་ལ། དམ་པའི་ཆོས་ནམ་ནུབ་པར་གྱུར་པའི་དུས་ཀྱི་ཚེ་རིང་བསྲེལ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བུའི་གཟུགས་སུ་འགྱུར་རོ། །དཔེར་ན་ལོ་སྟོང་ལོན་པའི་ཆབ་རོམ་རིན་པོ་ཆེ་སྤུག་ཏུ་གྱུར་པ་བཞིན་ནོ། །[44]ཞེས་པ་ལས་ཀྱང་། མིའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གང་ཡང་། དེ་བཞིན་གཤེགས་པའི་རིང་བསྲེལ་ཏེ་འཕེལ་གདུང་ལས་བྱུང་ཚུལ་དང་། རིང་བསྲེལ་ལམ་འཕེལ་གདུང་ནི་རྒྱ་མཚོ་ཆེན་མོའི་ནང་ནོར་བུར་འགྱུར་འགྲོ་བ་གསུངས་པ་དེས། ཕྱིས་ཀྱི་ཀྲུང་གོའི་ལྷོའི་རྒྱ་མཚོ་ལས་ཐོན་པའི་མིག་ཏུ་གཏོང་བའི་འཕེལ་གདུང་ཕལ་བ་འདི་ལ་ཡང་། འདི་ནི་ཆུ་ལས་འོང་བའི་རིན་པོ་ཆེ། ཞེས་བཤད་ན་ཡང་མི་ཆོག་པ་ཅི་ཞིག་འདུག་གམ། ཀྲུང་གོའི་ལྷོའི་རྒྱ་མཚོའི་བྱེ་འགྲམ་ལས་ཐོན་པའི་འཕེལ་གདུང་ཟེར་བའི་མིག་ཏུ་བཏང་ན་མིག་གི་རྨ་འབྲུམ་དང་ཟུག་གཟེར་འཇོམས་པའི་དངོས་པོ་འདི་ནི། སངས་རྒྱས་བྱང་སེམས་དང་བླ་མ་སྐྱེས་ཆེན་གང་ཞིག་གི་རིང་བསྲེལ་མ་ཡིན་ཀྱང་། གཅིག་ནས་རིང་བསྲེལ་དང་ཅུང་དབྱིབས་ཆ་འདྲ་བས་འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། གཉིས་ནས་རིང་བསྲེལ་ལ་འཕེལ་གདུང་ཟེར་བའི་མིང་འདི་ཨ་མདོ་ས་ཁུལ་ནས་བཙན་གྱིས་གཡར་ཏེ་ལིག་བུ་མིག་ལ་བཏགས་པས། ད་སྐབས་ཨ་མདོའི་ཡུལ་ཁམས་ནས་ལིག་བུ་མིག་མི་ཟེར་པར་ཡོངས་ཁྱབ་ཏུ་འཕེལ་གདུང་ཞེས་འབོད་པའོ། །ཤེལ་ཕྲེང་ལས། སྔོན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་དེས་སངས་རྒྱས་དེ་མྱ་ངན་ལས་འདས་ནས་དེའི་དམ་པའི་ཆོས་མ་ནུབ་པར་དེ་ཉིད་ཀྱིས་གདུལ་བྱ་སྐྱོང་ཞིང་། འཕེལ་གདུང་སོགས་མྱོང་ན་ལས་སྒྲིབ་བྱང་ཞིང་སྐྱེ་བ་དྲན་པའི་མི་ལུས་གཙང་མ་ཐོབ་པར་བཤད་ལ། སངས་རྒྱས་དེའི་བསྟན་པའི་ཆོས་ནུབ་ནས་རྒྱ་མཚོ་ཆེན་པོར་ལྷུང་སྟེ། ནོར་བུའི་རིགས་སུ་གྱུར་ནས་ཀླུའི་གདུལ་བྱ་སྐྱོང་བས་ན་ལྷ་ཀླུ་མིའི་ནོར་བུ་མཆོག་དམན་ཐམས་ཅད་རྒྱ་མཚོ་རང་ནས་འབྱུང་བས་ན། རྒྱ་མཚོ་ལ་རིན་ཆེན་འབྱུང་གནས་ཞེས་པའི་དོན་ཏེ། དེའི་མཆོག་རྣམས་ཀླུའི་ལག་ནས་འབྱུང་ལ། དེ་ཡང་སངས་རྒྱས་དང་ལྷ་དྲང་སྲོང་སོགས་ལ་ཀླུས་ཕུལ་བས་ས་སྟེང་དུ་འབྱུང་བ་དང་།[45]ཞེས་པ་འདི་ལས། མཆོག་གི་ནོར་བུ་རིང་བསྲེལ་ལམ་འཕེལ་གདུང་དེ། རྒྱ་མཚོ་ཆེན་པོ་ལས་ནོར་བུའི་རིགས་སུ་གྱུར་པ་དང་། དེ་ལྟ་བུའི་ནོར་བུ་རིན་པོ་ཆེ་རྣམས་ནི་སངས་རྒྱས་དང་ལྷ་དྲང་སྲོང་སོགས་ལ་ཀླུས་ཕུལ་བས་ས་སྟེང་དུ་འབྱུང་ཞེས་པ་ནི། དོན་དུ་རྒྱ་མཚོའི་གླིང་ནས་ཐོན་པའི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ནི། རྒྱ་གར་བ་སོགས་ཀྱིས་རྒྱལ་བའི་རང་བསྲེལ་ལམ་འཕེལ་གདུང་ལས་བྱུང་བར་ངོས་བཟུང་པ་དང་། ཀླུ་ཞེས་པ་སྟེ་ང་ཚོ་བོད་པའི་ཀླད་པར་མཆིས་པའི་ལྷ་ཀླུ་གཉན་གསུམ་ལས། ཀླུ་ཞེས་པ་ཆུ་མིག་དང་རྒྱ་མཚོ། མཚོ་སྔོན་པོ་སོགས་སུ་གནས་པར་སེམས་པ་དེ་མ་ཡིན་པར། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། རང་རེའི་བོད་ཀྱི་གཙང་པོའི་ཆུ་མཇུག་གི་ཡུལ་རྣམས་སུ་ནག་སྟེ་ཀླུ་ཞེས་བྱ་བའི་མི་ནག་པོའི་རིགས་རྒྱ་ཆེར་མཆིས་སོ། །[46]ཞེས་པའི་རྒྱ་གར་གྱི་མི་ནག་དེ་དག་གིས་རྒྱ་མཚོའི་གླིང་ནས་རིན་པོ་ཆེ་ནོར་བུ་ཅི་རིགས་བླངས་ཏེ་རང་རང་གང་ལ་དད་པའི་སྟོན་པ་དང་། དཀའ་ཐུབ་ལ་གནས་པའི་དྲང་སྲོང་སོགས་ལ་ཕུལ་བ་དང་། རིམ་གྱིས་ཚོང་པ་བརྒྱུད་དེ་ས་སྟེང་སྟེ། ཡུལ་རྒྱ་གར་དང་ས་བབས་མཐོ་ཞིང་ཁ་ཐག་རིང་པའི་བོད་ཡུལ་དུ་བྱུང་ཚུལ་བཤད་པ་རེད་སྙམ་མོ། ། ཡིན་ཡང་འདི་ནི། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་མཆོག་གིས། པད་དཀར་ཆུན་པོ་ནས་བཤད་པའི་ལིག་བུ་མིག་ནི་ནོར་བུའི་ཆར་གཏོགས་པ་ཞིག་ཡིན་ལ། ཞེས་པ་ལྟར། ལིག་བུ་མིག་དེ་རིན་པོ་ཆེ་འདི་ཡིན་ཞེས་ངོས་འཛིན་དཀའ་ཡང་། དཀར་ཁྲ་མེན། གཟི་ནག་ཁྲ། གསེར་སྤུག་གམ་པུག(金星石)། 长石དང་། རྡོ་རིགས་མརྒད།(孔雀石)སོགས་ལ་བརྒལ་བརྟག་མཛད་བཞིན་པ་རྣམས་སོ། ། འདི་རུ་ཁོ་བོས་བཤད་འདོད་པའི་སེམས་གཏིང་གི་སྐད་ཆ་རྡོག་རྡོག་པོ་ནི། རྒྱལ་བའི་རང་བསྲེལ་ལས་བྱུང་མིན་མ་ངེས་ཏེ། ཕལ་ཆེར་ཡིན་མི་སྲིད་པ་དང་། གང་ལྟར་སྲོག་ཆགས་ཤིག་ཡིན་ཚོད་འདུག་སྟེ། འབྲིའི་འོ་མ་རུ་འཕངས་ན་འགྲོན་བུ་བུ་ཅན་ལྟར་ལ་ལས་ཕྲུ་གུ་སྐྱེ་བར་བྱེད་པ། དུང་དཀར་དང་འགྲོན་བུ་སོགས་ཀྱི་རིགས། ཨ་མདོའི་ཡུལ་སྐད་དུ་འཕེལ་གདུང་ཟེར་བའི་ཀྲུང་གོའི་ལྷོའི་རྒྱ་མཚོའི་འགྲམ་གྱི་བྱེ་མ་ལས་རྙེད་རྒྱུ་འདུག་པ་དེ་ནི། ལིག་བུ་མིག་གི་རིགས་ལས་ཆུ་ལས་བྱུང་བའི་རིན་པོ་ཆེ་ཞེས་པ་དེ་རེད་སྙམ་བྱུང་། རྒྱུ་མཚན་ནི། སློབ་དཔོན་ཧཱུམ་ཆེན་ཀ་རས། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཞིང་། །དམར་སེར་སྔོ་ལྗང་འདྲེས་པས་མིག་གི་རྒྱན། །སྙི་ཞིང་ལྗིད་ཡང་ལ་རིལ་འདྲ་ན་བཟང་། །དྭངས་ཤིང་མཁྲེགས་ན་རྒྱ་ཡི་བཟོ་མ་ཡིན། །འདི་ནི་ཆུ་ལས་འོང་བའི་རིན་པོ་ཆེ། །ཞེས་པ་ལྟར། འཕེལ་གདུང་ནི་ངོ་བོ་རྡོའམ་དུང་དཀར་གྱི་རིགས་ལྟ་བུ་ཞིག་ཡིན་པ་དང་། སྙི་ཞིང་ལྗིད་ཡང་ཞེས་པ་ལྟར་རིན་ཆེན་མརྒད་དང་། དཀར་ཁྲ་མེན་སོགས་དང་འདྲ་བར་ངོ་བོ་སྲ་མཁྲེགས་ལྗིད་ཅན་ཞིག་མ་ཡིན་པ་དང་། བོངས་ཆུང་ཞིང་ལྗིད་ཚད་ཡང་བ་ནི་མིག་ནང་དུ་བཏང་ཡང་ཡོད་མེད་མི་ཚོར་རོ། །དམར་སེར་སྔོ་ལྗང་འདྲེས་པས་མིག་གི་རྒྱན། ཞེས་པ་ལྟར་འཕེལ་གདུང་གི་ངོས་སུ་ཁ་དོག་ཀྱང་དེ་ལྟར་འདུག་ཅིང་། ཁྱད་པར་དུ་མིག་གི་རྒྱན་ཞེས་པ་ལ་གོ་བ་ཆེན་པོ་ལེན་རྒྱུ་ཡོད་དེ། དེ་ནི་རྡོ་སྨན་ལིག་བུ་མིག་མདུང་རྩེ་སྨུག་པོ་སོགས་ལྟར་ཁོང་དུ་བསྟེན་རྒྱུ་ཞིག་མ་ཡིན་པར། མིག་གི་ཕྱི་བཀོལ་ཅིག་སྟེ། ཡང་ན་མིག་གིས་དེར་བལྟས་ཚེ་ཡིད་དུ་འོང་བའམ། ཡང་ན་མིག་ཏུ་བྱུག་པ། ཡང་ན་མིག་ཏུ་གཏོང་པ་ཞིག་ཡིན་དགོས་པར་འདུག་ཅིང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས། ལིག་བུ་མིག་ནི་ཁྲ་མེན་དང་། སྨུག་ནག་མདུང་རྩེ་གཉིས་ལ་འཇུག །སྔ་མ་མཛེས་པས་མིག་རྒྱན་དང་། ཕྱི་མས་མིག་ནད་སེལ་བའི་དོན། ཡིན་པས་སྐབས་ཐོབ་དགོས་པར་བཤད། ཅེས་པ་ལས་ལིག་བུ་མིག་གི་ངོས་འཛིན་གཉིས་ལས། ཁྲ་མན་ནམ་གང་ལྟར་ཆུ་ལས་བྱུང་བའི་རིན་པོ་ཆེ་དེ་ནི་མིག་གི་རྒྱན་ཡིན་པ་ལས་ཁོང་དུ་བསྟེན་བྱ་མིན་པ་དང་། ཁོ་བོའི་བཤད་པའི་འཕེལ་གདུང་ནི་མིག་གི་རྒྱན་ཏེ་མིག་ན་ནས་དམར་སྐྲངས་ཆགས་པ། མིག་ནང་དུ་རྨ་འབྲུམ་ཕྲ་མོ་བྱུང་བ་སོགས་ལ་མིག་གི་ནང་དུ་གཏོང་དགོས་པ་དང་། ང་རང་ཉིད་ཀྱིས་ཀྱང་ཐེངས་མང་པོ་དེ་ལྟར་གཏོང་མྱོང་ཞིང་། ཡ་མཚན་པ་ཞིག་ལ་མིག་ནང་དུ་དངོས་པོ་སྤུ་ཉག་ལྟ་བུ་ཞིག་སོང་ན་ཡང་། ཧ་ཅང་མི་བདེ་བའི་ཚོར་བ་འདུག་ཀྱང་། འཕེལ་གདུང་དེ་འདྲའི་ཆེན་པོ་ཞིག་མིག་ནང་དུ་བཞག་སྟེ་ཞག་མ་གཅིག་འགོར་ཡང་། མིག་ནང་ན་དངོས་པོ་ཞིག་མཆིས་པའི་ཉམས་སྣང་མེད་པ་དང་། མིག་གི་ཟུག་གཟེར་འཇོམས་རྗེས། མིག་ཟུར་ནས་རྣག་མང་པོ་དང་ལྷན་དུ་ ཕྱིར་འབྱུང་བ་ཞིག་རེད་ལ། དོན་དུ་ལིག་བུ་མིག་ནི་མིག་གི་རྒྱན་ཟེར་བ་ཡང་དེ་ལ་སྨྲས་པ་རེད་སྙམ་པ་དང་། ཤེལ་ཕྲེང་ལས། ཕལ་བ་ཐམས་ཅད་ནི་མཚོའི་རླབས་ཀྱིས་འཕངས་པས་དེ་དང་ཉེ་བའི་སའི་རྩད་སོགས་ལས་འབྱུང་ཕྱིར་མཐའི་རྒྱ་མཚོ་དང་ཉེ་བའི་ཡུལ་རྒྱ་གར་ནག་གི་མཐའ་མ་གཏོགས་པ་ཁད(ས་ཁུལ)(ས་ཁུལ་ཞེས་རྒན་དགའ་བའི་རྡོ་རྗེས་ལུང་གནང་སྐབས་ཞུ་དག་མཛད་སོང)ཀྱིས་མཐོ་བའི་བོད་དང་བོད་ཆེན་པོ་སོགས་མཐའ་མཚོར་འགྱངས་པར་མི་ཡོང་བ་ཡིན་ནོ། །[47]ཞེས་རིང་བསྲེལ་ལས་བྱུང་བར་འདོད་པའི་རིན་པོ་ཆེ་ཕལ་བ་འདི་ལྟར་གསུངས་པ་ནི། རྒྱ་མཚོའི་བྱེ་འགྲམ་ན་བཏུ་རྒྱུ་ཡོད་པའི་འཕེལ་གདུང་དང་ཨ་འགྲིག་ཆ་འགྲིག་ཅིག་འདུག་པ་ལས་ཀྱང་། ལྷོའི་རྒྱ་མཚོའི་འགྲམ་རྒྱུད་ན་མཆིས་པའི་འཕེལ་གདུང་ཟེར་བ་དེ་ནི། པད་དཀར་ཆུན་པོ་ལས། དམར་སེར་སྔོ་ལྗང་འདྲེས་པས་མིག་གི་རྒྱན། འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ། ཞེས་པའི་ལིག་བུ་མིག་དེ་ཡིན་པར་འདོད་པ་དང་། ཁོ་བོའི་བུ་མྱེད་ཀྱི་ཨ་མ་ད་ལོ༨༤ཡིན་པ(༢༠༢༥ལོའི་ཟླ༦པའི༡༣ཉིན་ཁ་བརྡ་བྱས་པ་ཡིན།)དང་། འཕེལ་གདུང་སྐོར་གྱི་ཁ་བརྡ་ཞིག་ལས་སྔོན་དུས་ཁོ་མོ་ཚོའི་སྡེ་བ་རུ་ཁྱིམ་ཚང་ཞིག་ལ་འཕེལ་གདུང་ཞིག་མཆིས་པ་དེ་མིག་ན་བའི་རུ་སྐོར་ཁྱིམ་མཚེས་ཀྱི་མིས་གཡར་བཞིན་འདུག་ལ། འཕེལ་གདུང་དེ་ཉར་ཚགས་ལེགས་པོ་བྱས་ནས་ཕྱིར་རྒྱུ་བདག་ལ་སྤྲོད་དགོས་ཤིང་། གལ་ཏེ་དེ་བོར་སྟོར་བྱུང་པ་ཡིན་ན། འབྲི་མོ་ཞིག་གམ་ཡང་ན་གཡག་གཅིག་སྟེར་དགོས་པ་རེད་ཟེར། འདི་ལ་བསམ་བློ་བཏང་ཚེ། ཡུལ་ཁམས་དེར་དངོས་པོ་ཅི་ཞིག་དཀོན་ན་དེ་ནི་ས་ཆ་དེར་མཚོན་ན་རིན་པོ་ཆེ་ཡིན་ཟེར་ཏེ། དཔེར་ན་ཁ་ཆེ་ཡུལ་ནས་གུར་ཀུམ་ར་མས་ཟ། ཨ་མདོའི་ཡུལ་ནས་ཤེལ་ཏང་མཛོ་མོས་ཟ། ཞེས་ཁ་ཆེ་གུར་ཀུམ་བོད་ལ་མཚོན་ན་ཤིན་ཏུ་དཀོན་པའི་རིན་པོ་ཆེ་ཡིན་ཡང་། ཁ་ཆེར་མཚོན་ན་མི་མ་དགོས་ར་མས་ཀྱང་ཁ་ཟས་བྱེད་པ་དང་། ཀྱི་ལྕེ་དཀར་པོ་ཤེལ་ཏང་ནི་བོད་ཡུལ་ལ་མཚོན་ན་འབྲི་མཛོ་མོས་ཟ་བའི་རྩྭ་ཡིན་ཡང་། རྒྱ་གར་སོགས་སུ་ཤིན་ཏུ་དཀོན་པས་རིན་པོ་ཆེ་ཡིན་པ་ལྟ་བུ་རེད། དེ་བས་འཕེལ་གདུང་ཡང་རྒྱ་གར་ནག(ཀྲུང་གོའི་ལྷོའི་རྒྱ་མཚོ་ཟེར་རམ་གང་ལྟར་ཧྲན་ཡ་གླིང་ཕྲན་གྱི་རྒྱ་མཚོའི་བྱེ་འགྲམ་ལས་ཁོ་བོས་ཀྱང་དངོས་སུ་འཕེལ་གདུང་བཏུས་མྱོང་བ་ཡིན།)གི་ཕྱིའི་རྒྱ་མཚོ་སོགས་སུ་མ་གཏོགས་བོད་ཁུལ་དུ་ཤིན་ཏུ་དཀོན་པ་འབྲི་གཡག་གི་རིན་གོང་ཅན་ཡིན་ན། དེ་རིན་པོ་ཆེ་མ་རེད་ཅེས་སུ་ཞིག་གིས་སྨྲ་ནུས་སམ། དེ་བས་འགྲིམ་འགྲུལ་སྟབས་མི་བདེ་བའི་གནའ་དུས་སུ། འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ་ཞེས་སྨྲ་ངེས་རེད་སྙམ། ཞིན་ཧེ་རྫོང་གི་རོང་འབྲོག་མི་མང་ལ་མཚོན་ན། མིག་ན་བ་ལ་འཕེལ་གདུང་མིག་ནང་དུ་གཏོང་རྒྱུ་ནི་རྒྱུན་སྲོལ་ཞིག་ཏུ་ཆགས་འདུག། ད་དུང་སྤྱི་ལོ༢༠༢༣ལོའི་ཟླ༥པའི་ཚེས༢༣ཉིན་པེ་ཅིན་བོད་སྨན་ཁང་ནས། མཁས་དབང་རྒན་ཏྲེ་ཧོར་བ་འགྲོ་འདུལ་རྣམ་རྒྱལ་ལགས་ཀྱིས་སློབ་ཁྲིད་གནང་དུས། ཁོང་ནས་ལིག་བུ་མིག་ནི་འཕེལ་གདུང་རེད་ཅེས་གསུངས་པ་མ་ཟད། ཁོང་གི་བརྩམས་ཆོས། ༄༅། །འགྲོ་འདུལ་རྣམ་རྒྱལ་གྱི་སྨན་ཡིག་གཅེས་བཏུས་ཤེས་རབ་རལ་གྲིའི་འཁོར་ལོ། ཞེས་པ་རུ་ལིག་བུ་མིག་ཅེས་ལྷོའི་རྒྱ་མཚོའི་བྱེ་འགྲམ་ནས་ཐོན་པའི་འཕེལ་གདུང་གི་པར་ཡང་བཀོད་འདུག་གོ། གཞན་ཡང་ཞིན་ཧེའི་མི་མང་ལ་འཕེལ་གདུང་གི་ལག་ལེན་ཉམས་མྱོང་མང་པོ་འདུག་སྟེ། སྦྲུམ་མ་ལ་ལའི་མངལ་དུ་བུ་ཆགས་པ་དེ་མི་གྲིབ་དང་གོས་གྲིབ། ཕྱུགས་ཟོག་སྤྱང་ཀིས་བསད་པའི་ཤ་ལ་སྤྱང་ཤ་ཟེར་ཏེ་དེ་སོགས་ཟོས་པའི་ཤ་གྲིབ་ཕོག་པ། ཡང་ན་ཟས་གྲིབ། འགྲུལ་བ་སོགས་ལ་རྐྱེན་བྱས་ཏེ། མངལ་གྱི་བུ་དེ་བུ་མོར་འགྱུར་བ་ལ་ཨ་མདོའི་འབྲོག་སྐད་དུ་ཧྲོས་ལོག་པ་ཟེར་ཞིང་། བྱིས་པ་བཙའ་ལ་ཉེ་དུས་འཕེལ་གདུང་བསྟེན་ན་ཧྲོས་མི་ལོག་ཟེར་མཁན་ཡང་མང་པོ་འདུག། རྗེ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་རྣམ་ཐར། ཨ་ལགས་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་མཛད་པ་ལས། སྐུ་མ་འཁྲུངས་པའི་ཉིན་གཉིས་ཀྱི་སྔོན་དུ་ཡུམ་གྱིས་གསོལ་བའི་འཕེལ་གདུང་དེ་ཕྱག་ཏུ་བསྣམས་ཡོད་པ་དང་།[48]ཞེས་པ་དེ་ཡང་ཁོང་ཚང་མ་ཡུམ་གྱི་མངལ་ནས་ཧྲོས་ལོག་པ་སྔོན་འགོག་བྱེད་ཆེད་ཡུམ་ལ་དེ་ལྟར་འཕེལ་གདུང་གསོལ་དུ་བཅུག་པར་སྙམ། དེ་རིང་ཨ་ཁུ་ཉིxཞེས་ཕ་ཡུལ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ཆུ་བཟང་ནས་ཡིན་ཞིང་ལོ༨༣ཅན་གྱི་ནད་པ་ཞིག་ཁོ་བོའི་གམ་དུ་སླེབས་པ་དང་། དེའི་བུ་མོ་ལོ་དྲུག་ཅུ་ཡིན་ཟེར་བའི་ཆུ་བཟང་གི་བུད་མེད་ཅིག་གིས། ཁོ་བོར་མོ་ལ་བྱིས་པ་གསུམ་ཡོད་པ་དང་། བྱིས་པ་འབྲིང་པ་དེ་བཙས་རྗེས་གཞུག་མ་དྲག(གཞུག་མ་དྲག་ཅེས་པ་ནི་ས་ཆ་འདིའི་འབྲོག་པའི་ཡུལ་སྐད་ཅིག་སྟེ། བུད་མེད་ཀྱིས་བྱིས་པ་བཙས་རྗེས་བུ་རོགས་མ་ཐོན་པ་ལ་ཟེར།)པར་འཕེལ་གདུང་ཞིག་ཁོང་དུ་བསྟེན་པས་འཕེལ་གདུང་དེ་གཞུག་དང་ལྷན་དུ་ཐོན་སོང་། འཕེལ་གདུང་བུད་མེད་ཀྱི་གཞུག་མ་དྲག་པར་ཕན་ཟེར་བ་དེ་དངོས་གནས་རེད་ཟེར། (ཁ་བརྡ་འདི་ནི༢༠༢༥ལོའི་ཟླ༦པའི་ཚེས༡༧ཉིན་གྱི་ཕྱི་དྲོར་དར་མཚོ་བོད་སྨན་ཁང་གི་སྒོ་སྟེན་ཐོག་ཁང་གི་ཁོ་བོའི་གཞུང་ལས་ཁང་དུ་བྱས་པ་དང་། ཨ་ཁུ་ཉིxཕ་བུ་གཉིས་ཀ་ཡོད་པ་རེད།)
མཇུག་བསྡུ་བ།
འདི་ལྟར་ལིག་བུ་མིག་གི་ངོས་འཛིན་ལ་རང་བློས་དཔོག་ཚོད་ཀྱིས་བརྒལ་བརྟག་ཙམ་བགྱིས་ན། དེ་ལ་སྨུག་པོ་མདུང་རྩེ་སོགས་རྡོ་སྨན་ལ་ངོས་འཛིན་པ་སྐོར་ཞིག་མཆིས་པ་མ་ཟད། དེ་ནི་ད་སྐབས་ལག་ལེན་དུའང་བཏབ་དང་འདེབས་བཞིན་པ་དང་། གཞན་དུ་དཀར་ཁྲ་མེན་དང་མརྒད། རིན་ཆེན་པུག་སོགས་རིན་པོ་ཆེ་ལ་ངོས་འཛིན་པ་སྐོར་ཞིག་མཆིས་རུང་། ད་དུང་གཅིག་གྱུར་གྱི་བཞེད་ཚུལ་བྱུང་མེད་པས་མུ་མཐུད་དུ་ཞིབ་འཇུག་བྱ་དགོས་པར་འདུག་སྙམ། རང་གི་འདོད་ཚུལ་ནི་སློབ་དཔོན་ཧཱུམ་ཆེན་ཀ་རའི། འདི་ནི་ཆུ་ལས་བྱུང་པའི་རིན་པོ་ཆེ། ཞེས་པ་ནི་རིན་པོ་གཞན་གང་ཡང་མ་ཡིན་པར། ཀྲུང་གོའི་ལྷོའི་རྒྱ་མཚོ་སོགས་ལས་ཐོན་པའི་མིག་ནང་ཏུ་གཏོང་བཞིན་པའི་མིག་ནད་ལ་ཕན་པའི་འཕེལ་གདུང་རེད་འདོད་པའི་ལྟ་ཚུལ་ཐན་ཐུན་ཙམ་བརྗོད་ཁུལ་བྱས་ཡོད་པར། མ་རྟོགས་ལོག་རྟོག་གི་ཆ་གང་མང་མཆིས་སྲིད་པས། བློ་ལྡན་གཟུ་བོས་ཡོ་བསྲང་དང་དགོངས་འཆར་ལྷུག་པོར་སྩོལ་བར་ཞུའོ། །
དཔྱད་གཞིའི་ཡིག་ཆ།
[1][24]༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས༣བཏབ། p༦༧ p༢༧༩
[2]༄༅། །རྒྱུད་བཞིའི་གསལ་བྱེད་བེེཌཱུརྱ་སྔོན་པོ། །སྨད་ཆ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༣༣༥
[3][4][6][23][24][44][45][46][48]ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོའི་ཟླ༥པར་པེ་ཅིན་དུ་པར་ཐེངས་༡པོ་བརྒྱབ། P༡༣༩ P༡༣༩- P༡༤༠ P༡༣༩ P༩༤ P༢༥ P༨༡ P༨༢ P༨༢ P༨༢
[5] གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། པོད་དང་པོ། ཁྲོ་རུ་ཚེ་རྣམ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོའི་ཟླ༡པོར་དཔར་ཐེངས་དང་པོ་དཔར། P༤༢༩
[7]༄༅། །རྒྱུད་བཞིའི་རྩ་བའི་འགྲེལ་པ། ༄༅། །ཡོངས་གཏད་རྒྱུད་ཀྱི་འགྲེལ་ཆེན། བྱང་བ་རྣམ་རྒྱལ་གྲགས་བཟང་། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༨ལོའི་ཟླ་༤པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༡༣༥
[8][29][32] གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། རྩོམ་སྒྲིག་བྱེད་མཁན་དབང་འདུས། མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོའི་ཟླ༡༢པར་པེ་ཅིན་དུ་པར་ཐེངས༡པོ་བརྒྱབ་པ། P༥༩༨ P༥༩༨-P༥༩༩ P༥༩༨
[9]༄༅། །བཤད་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་ཀུན་གསལ། བསོད་ནམས་ཡེ་ཤེས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོའི་ཟླ༤པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ། P༣༩༩
[10]༄༅། །གླིང་སྨན་པའི་རྒྱུད་བཞིའི་དཀའ་འགྲེལ། གླིང་སྨན་བཀྲ་ཤིས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༧ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༩༢
[11]༄༅། །མཁས་གྲུབ་ཀརྨ་ཆོས་རྒྱལ་ཡེ་ཤེས་འགྱུར་མེད་ཀྱི་སྨན་ཡིག་ཕྱོགས་བསྒྲིགས། ཡུལ་ཤུལ་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གིས་དག་བསྒྲིགས་བྱས། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༧པར་པར་ཐེངས་དང་པོ་དཔར། P༣༧༧
[12][42]༄༅། །མེས་པོའི་དགོངས་རྒྱན། ། ༄༅། །རྒྱུད་བཞིའི་འགྲེལ་བ་གཞན་ལ་ཕན་པའི་གཏེར། །དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། བློ་གསལ་དབང་པོ་པདྨ་དཀར་པོ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༧ལོའི་ཟླ༥པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༤༧ P༤༦-P༤༧
[13] ཕྱུགས་སྨན་གསལ་སྟོན་ཀུན་ཕན་བདུད་རྩིའི་འབྱུང་གནས། མཛོད་དགེ་ཉི་མས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༡༩༨༧ལོའི་ཟླ༩པར་པེ་ཅིན་དུ་ལ་ཐེངས་གཉིས་པ་བརྒྱབ་པ། P༣༣
[14] རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་། སྨད་ཆ། དར་མོ་བློ་བཟང་ཆོས་གྲགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༨༩ལོའི་ཟླ་༡༠པར་པར་ཐེངས་གཉིས་པ་བརྒྱབ། P༢༢༦
[15] ༄༅། །སྨན་གྱི་ངོས་འཛིན་ཀུན་གསལ་ཉི་མའི་དབང་པོ། །དྲུང་མི་ཙ་ཝེར་སོགས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༨ལོའི་ཟླ༡༢པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ། P༣༨༤
[16]༄༅། །ཆ་ལག་བཅོ་བརྒྱད། སྟོད་ཆ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༩ལོའི་ཟླ༡པོར་དཔར། P༥༤༢
[17][29][39][41] སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་། དགའ་བའི་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༤པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༥༠ P༡༨-༡༩ P༢༠-༢༡ P༢༥
[18][19][20]༄༅། །སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ་ཞེས་བྱ་བ་བཞུགས་སོ། །པོད་དང་པོ། ལི་ཧྲི་ཀྲེན་གྱིས་བརྩམས། རྣམ་རྒྱལ་ཐར་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༠ལོའི་ཟླ༡༢པར་དཔར་ཐེངས་དང་པོ་དཔར། P༧༥༡ P༧༥༡ P༧༥༢
[21]༄༅། །མན་ངག་ཡིག་ཆུང་སྣ་ཚོགས། གོང་སྨན་དཀོན་མཆོག་འཕན་དར། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༤ལོའི་ཟླ༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ། P༨༨
[22]༄༅། །སྦྱོར་བ་བརྒྱ་པའི་དཀའ་མཆན། བུ་སྟོན་རིན་ཆེན་གྲུབ། མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༣ལོའི་ཟླ་༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ། P༣༦
[23]༄༅། །སྡེ་དགེ་བླ་སྨན་གྱི་སྨན་ཡིག་གཅེས་བཏུས། ། རིན་ཆེན་འོད་ཟེར། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༨ལོའི་ཟླ༡༢པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ། P༥༢༧
[25]༄༅། །ཡན་ལག་བརྒྱད་པའི་སྙིང་བསྡུས་ཀྱི་རང་འགྲེལ། ། དཔལ་ལྡན་ཕ་ཁོལ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༡པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ། P༩༢༧
[26]༄༅། །གསོ་རིག་དགོས་པ་ཀུན་འབྱུང་། །སྟོད་ཆ། གོང་སྨན་དཀོན་མཆོག་བདེ་ལེགས། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོའི་ཟླ༤པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ། P༦༣༣
[27]༄༅། །བུ་དོན་མ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ་༤པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༦༣༣
[28]༄༅། །ཚེ་དབང་བརྒྱ་རྩ། ། ༄༅། །མན་ངག་ཀུན་གྱི་སྙིང་བསྡུས། ། ༄༅། །རྡོ་རིང་མཛེས་བྱེད། །སྐྱེམ་པ་ཚེ་དབང་སོགས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༧ལོའི་ཟླ༣པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ། P༡༣༩
[33][34]༄༅། །འབྲི་གུང་རྒྱུད་བཞིའི་དཀའ་མཆན། འབྲི་གུང་ཆོས་གྲགས། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༡༠༨ P༣༩༦
[35]༄༅། །སྨན་ངོ་གསལ་བྱེད་ཕྱོགས་བསྒྲིགས། ། ༄༅། །རྩི་སྨན་གྱི་ཚབ་ཡིག་ཕྱོགས་བསྒྲིགས། །སྐྱེས་བུ་མེ་ལྷ་སོགས། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༤པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༣༡-༣༢
[37][43]བོད་རྒྱ་ཚིག་མཛོད་ཆེན་མོ། ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པ། ༡༩༩༣ལོའི་ཟླ༡༢པར་པར་གཞི་༡་པོ་བསྒྲིགས་པ། P༢༧༨༠ P༡༧༨༤
[38]༄༅། །དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ། ། P༨༥༨
[40]སྨན་ངོས་གསལ་བཤད་གློག་གི་སྒྲོན་མེ། སྟོད་ཆ། དཔལ་བཟང་རྒྱ་མཚོས་བརྩམས། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ་༡པར་པར་ཐེངས་གསུམ་པ་དཔར། P༡༠༠-༡༠༡
[47]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༠༨ལོའི་ཟླ་༡༢པར་པར་ཐེངས་གཉིས་པ་བཏབ། P༡༦༠
[49]༄༅། །རྗེ་ཤིང་བཟའ་པཎྜིཏ་སྐུ་འཕྲེང་ལྔ་བ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཞུགས་སོ། །ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་བརྩམས། ཞང་ཀང་ཐེན་མྰ་དཔེ་སྐྲུན་ཁང་གིས་༢༠༠༡ལོའི་ཟླ་གཉིས་པར་པར་ཐེངས་དང་པོ་བཏབ། P༡༣-༡༤
རྩོམ་པ་པོ་ངོ་སྤྲོད།
ཧྲོང་བོ་ཚེ་བརྟན་རྒྱལ། མཚོ་ལྷོའི་ཧོལ་ཁཱ་རུ་སྐྱེས། སྨན་པ་འབུམ་རམས་པ། ཀྲུང་གུང་ཏང་ཡོན། དར་མཚོ་རྫོང་བོད་སྨན་ཁང་གི་འགོ་གཙོ་གཞོན་པ། སྤྱི་ལོ1999ལོའི་ཟླ7པར་སྨན་པའི་ལས་ཀར་ཞུགས། སྤྱི་ལོ2004ལོའི་དར་མཚོ་རྫོང་བོད་སྨན་ཁང་བསྐྱར་འཛུགས་ཀྱི་མི་སྣ་གཙོ་བོ། རྒྱལ་ཡོངས་ཐེངས་བཞི་བའི་བོད་སྨན་ཕུལ་བྱུང་འཇོན་མི། ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཀྱི་བློ་མཛོད་ཆེད་མཁས། ལས་ཧྲི། མཚོ་སྔོན་ཞིང་ཆེན་ཆེད་མཁས་ཚོགས་པའི་ཚོགས་མི། སྔ་རྗེས་སུ་མཚོ་ལྷོ་ཁུལ་གྱི་སྨན་པ་བཟང་པོ་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་སྨན་པའི་ཀ་སྒྲུབ་མཁན་བཅས་སུ་བདམས། 2020ལོའི་ཟླ10པར་དར་མཚོ་རྫོང་གི་ཆེད་ལས་ལག་རྩལ་འཇོན་མིར་བདམས། སྤྱི་ལོ2009ལོར་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་འཕྱི་རིམས་འགོག་བཅོས་ཀྱི་ཕུལ་བྱུང་མི་སྣར་འདེམས། བོད་ཀྱིས་གསེར་སོ་ཤན་པ་ནི་སྦྱར་དུག་འགོག་བཅོས་ཀྱི་ཆེད་དུ་དར་ཚུལ་ལ་དཔྱད་པ་སོགས། གསོ་རིག་ཆེད་རྩོམ་སུམ་ཅུ་ལྷག་ཙམ་བྲིས། 2015ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས། «གསོ་རིག་དཔྱད་རྩོམ»ཞེས་པའི་རང་གི་ཆེད་རྩོམ་དེབ་པར་དུ་བཏབ། 2017ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས། «རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར་བའི་ཅོང་བརྡ»ཞེས་པ་པར་དུ་བསྐྲུན། 2020ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས། «རེག་དུག་ཞིབ་འཇུག»པར་དུ་བསྐྲུན། ནད་ཐོག་སྨན་པའི་ལས་ཀར་ཞུགས་ནས་ལོ་ངོ་ཉེར་བདུན་ལྷག་འགོར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号