བསམ་གཏན་རྒྱ་མཚོའི་དེབ་གསར«སྡེ་པ་སྐྱིད་ཤོད་པའི་ལོ་རྒྱུས་དལ་འབབ་ཆུ་རྒྱུན»པར་དུ་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-22 08:40:11 ཀློག་གྲངས།:
       བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་ཞིབ་འཇུག་སློབ་མ་དགེ་རྒྱས་པ་བསམ་གཏན་རྒྱ་མཚོའི་ཉམས་ཞིབ་དཔྱད་འབྲས«སྡེ་པ་སྐྱིད་ཤོད་པའི་ལོ་རྒྱུས་དལ་འབབ་ཆུ་རྒྱུན»ཞེས་པ་ཉེ་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས།
       དེབ་འདིར་སྔ་རབས་ཀྱི་རྣམ་ཐར་དང་ཆོས་འབྱུང་སོགས་ཡིག་ཚང་གང་མང་ལ་གཞི་བཅོལ་ཏེ་ཕག་གྲུའི་སྲིད་དབང་དུས་སྨད་དུ་ལྷ་ས་གཙོ་བྱས་པའི་སྐྱིད་ཤོད་ཡུལ་ལ་དབང་བསྒྱུར་བའི་སྡེ་པ་སྐྱིད་ཤོད་དགའ་ལྡན་པའམ་སྟག་རྩེ་བར་གྲགས་པའི་ཁྱིམ་རྒྱུད་ཆེན་མོ་དེའི་མི་ལོ་སུམ་བརྒྱའི་དར་རྒུད་ཀྱི་ལོ་རྒྱུས་ས་བཅད་ལྔ་རུ་ཕྱེས་ཏེ་སྤྱི་ཆིངས་སུ་བྱས་ནས་བཀོད་ཐོག ཞར་བྱུང་འབྲེལ་ཡོད་ཡིག་ཚང་དང་དམངས་ཁྲོད་ངག་རྒྱུན། དོན་ཆེན་རེའུ་མིག་སོགས་ཀྱིས་ཀྱང་ཟུར་བརྒྱན་ཏེ། དུས་རབས་བཅོ་ལྔ་པ་ནས་བཅོ་བརྒྱད་པའི་སྟོད་ཀྱི་སྐྱིད་ཤོད་ལྷ་སས་ཐོག་དྲངས་པའི་དབུས་གཙང་ལུང་པའི་ཆབ་སྲིད་འཕོ་འགྱུར་ཟུར་བསྟན་ལེབ་མཐོང་གང་ཐུབ་ཀྱིས་ཀློག་པ་པོའི་སྤྱན་སྔར་བསྟར་འདུག
  
༄༅། །སྔོན་འགྲོའི་གཏམ་གྱི་སྒོ་འཕར།

“ཚེ་རིང་ཤེ་མོང་གནམ་གྱི་བདག་པོ་རུ། །
དབང་བསྐུར་ལྷ་གཟིགས་ཕག་མོ་གྲུ་པ་ཡིས། །
རྫོང་དང་དམག་གི་དཔོན་དུ་ཉེར་མངགས་པ། །
སྐྱིད་ཤོད་མི་ཡི་རྗེ་བོ་དགའ་ལྡན་པ། །
ཆེན་པོའི་ལུང་དང་ལས་ཀས་ཁུངས་དང་འབྲེལ། །
ཡ་རབས་རིམ་པར་བརྒྱུད་པས་དཔའ་རྟུལ་མཛངས། །
ལུགས་གཉིས་རྣམ་དཔྱོད་དོ་ཀེར་རང་མཉམ་གྱི། །
དྲེགས་ལྡན་ཀུན་གྱི་གཙུག་ཏོར་རྩེ་ལས་མཐོ། །”
དེ་ཡི་བྱུང་རབས་ངོ་མཚར་དལ་འགྲོའི་རྒྱུན། །
ཆེ་དགེའི་ཡིག་ཚང་གངས་ཀྱི་རི་སུལ་ལ། །
དཔྱད་གསུམ་དག་པའི་ཟེར་བརྒྱ་སྤྲོས་པ་ཡིས། །
བློ་གསར་སྐལ་མཉམ་ཞིང་སར་དེང་འདིར་འདྲེན། །
       དབུས་འགྱུར་ལྷ་ལྡན་ལྟེ་བར་བྱས་པའི་སྐྱིད་ཤོད་ཀྱི་ཡུལ་འདི་བཞིན་བཙན་པོའི་སྐབས་ནས་བོད་སྒང་པའི་ལུགས་གཉིས་ཀྱི་འདུན་ས་ཆེན་པོའམ། སྲིད་འབྱོར་རིག་གསུམ་གྱི་དབུས་སམ་ལྟེ་བའི་ཡུལ་གྲུ་རྩ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་མ་ཟད། ས་ཚིགས་ཡུལ་བབ་དང་མི་མང་མོས་པའི་སྟོབས་ཀྱི་ཆ་ནས་ཀྱང“དབུས་འགྱུར་དག་པའི་ཞིང”གི་སྙན་པའི་ཅོད་པན་གནའ་ནས་ད་ལ་ཐུག་གི་བར་བཞེས་མུས་ལགས་པས། ཡུལ་ལུང་འདིའི་དར་རྒུད་ཀྱི་བྱུང་བ་སྣ་ཚོགས་པ་ཡང་བོད་ཡུལ་སྤྱི་མཐུན་གྱི་བྱུང་རབས་ལོ་རྒྱུས་སྨྲ་བའི་ཚེ་ན་གཡོལ་དུ་མེད་པ་སྨོས་མེད་ལགས་ཀྱང་། བཙན་པོའི་མངའ་མཛད་སིལ་བུར་ཐོར་ཚུན་བར་སྐབས་སྲིད་ཀྱི་ལྟེ་བའང་ས་སྐྱ་དང་སྣེ་གདོང་སོགས་སུ་འཕོས་པས། འདི་ཁུལ་དུ་དབུས་ཀྱི་གདན་ས་དྲུག་ཏུ་གྲགས་པ་ཆགས་ཏེ་འཆད་ཉན་ཤིན་ཏུ་སྨར་བ་བྱུང་བ་དང་། རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་ཚུགས་ཤིང་འཕེལ་བ་སོགས་དམ་པའི་ཆོས་དང་འབྲེལ་བའི་བྱུང་བ་གནད་ཆེ་བ་དག་ལ་ནི་ཕལ་མོ་ཆེས་ཐུགས་རྒྱུས་དགའ་རབ་མཆིས་མོད་ཀྱང་། ཚལ་པ་དང་སྣེལ་པ་བྲག་དཀར་བ་སོགས་སྲིད་ཀྱིས་མངོན་པར་མཐོ་བའི་སྡེ་བདག་ཆེ་བཙན་རིམ་པར་བྱུང་བས་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་སྒོ་ཅི་དང་ཅི་གནང་གི་ལོ་རྒྱུས་དང་། ཞི་བ་གཉེན་གྱི་མཐུན་སྡེབ་བམ་དྲག་པོ་གཡུལ་གྱི་སྦྱོར་བས་ཆབ་སྲིད་ཀྱི་རྒྱ་ཁྱོན་ཇི་ཙམ་དུ་བསྐྱེད་པའི་མཛད་ཚུལ་སོགས་ལ་ནི་རྒྱལ་རབས་དེབ་ཐེར་དུའང་རགས་པ་རྩིང་པོར་སོང་བས་ལོ་རྒྱུས་སྨྲ་བར་སྤོབས་པ་དགེ་བ་ཅན་དག་ཀྱང་རྒྱུས་ཡོད་མེད་ཀྱི་ས་མཚམས་སུ་སླེབས་ཤིང་། ཁྱད་པར་སྡེ་སྲིད་ཕག་མོ་གྲུ་པའི་དབང་ཐང་ཐུར་ལ་འགྲིབ་པ་ནས་རིན་སྤུངས་པ་དང་གཙང་སྟོད་རྒྱལ་པོའི་བྱུང་རབས་མདོ་ཙམ་མམ་དགའ་ལྡན་ཕོ་བྲང་པའི་བསྟན་སྲིད་ཀྱི་འཕེལ་རིམ་ངོས་ནས་སྐབས་དེ་ཤེད་ཀྱི་ལོ་རྒྱུས་ལ་འཇུག་པར་བྱེད་པས། སྐྱིད་ཤོད་ལ་སོགས་ཡུལ་བྱེ་བྲག་པའི་སྡེ་དཔོན་མི་དྲག་དག་གིས་ཕྱི་རྒྱ་རླབས་ཀྱིས་གཅོད་པ་དང་ནང་གི་ཚིས་སྐྱོང་བའི་བྱས་པ་རྒྱལ་རབས་ལོ་རྒྱུས་ཀྱི་ཆ་ཤས་བརྗེད་དུ་ཕངས་པ་དག་ཀྱང་མཐོང་མེད་བར་ཟོམ་དུ་ལུས་འདུག་པར་སྣང་ངོ་། །
       སྐབས་བབ་གླེང་བའི་གཞིར་གྱུར་པ་སྡེ་པ་དགའ་ལྡན་པའམ་དུས་ཕྱིས་སྐྱིད་ཤོད་པ་དང་སྟག་རྩེ་བར་ཡང་གྲགས་པ་འདི་བཞིན་སྣེལ་པའི་མངའ་ཐང་རྒུད་པའི་མཐར་ལྷུང་བའི་རྟིང་ལ་སྡེ་སྲིད་ཕག་མོ་གྲུ་པའི་ལུང་གིས་སྐྱིད་ཤོད་ཀྱི་བདག་པོར་བསྐོས་པ་ནས། སྤྱི་ལོ1618ལོར་སྡེ་སྲིད་གཙང་པའི་དཔུང་གིས་ལྷ་ས་སེར་འབྲས་བཅས་པ་བཅོམ་པའི་དུས་འགྱུར་བར་གྱི་བརྒྱ་ལོ་གཅིག་ཙམ་ལ་དབུས་འགྱུར་ལྷ་སས་གཙོས་པའི་སྐྱིད་ཤོད་ལུང་པར་མངའ་མཛད་པས། སྐབས་དེའི་ཡུལ་འདིའི་ཆོས་སྲིད་ཀྱི་མཛད་སྒོ་ཅི་རིགས་པར་འབྲེལ་ལམ་ཟབ་པ་སྨོས་མེད་ཐོག  དུས་རབས་བཅུ་བདུན་པའི་སྔ་ཆར་སྡེ་སྲིད་གཙང་པས་ཆབ་སྲིད་རྒྱ་བསྐྱེད་པའི་སྐབས་དེ་ཤེད་དུ་ཀར་དགེ་ཆོས་བརྒྱུད་ཀྱི་ཕྱོགས་འཛིན་སྡང་ཞུགས་དང་། དགེ་ཕྱོགས་སོག་པོའི་ཚོ་ཁག་གིས་ཕོ་རོག་ཚང་ལ་འུག་པའི་ཐེ་ཇུས་བགྱིས་པའི་ཉེར་ལེན་ལས་དབུས་གཙང་གི་སྡེ་འཁྲུག་རྒྱུན་མར་བྱུང་བ་ཡང་སྡེ་པ་སྐྱིད་ཤོད་དགའ་ལྡན་པས་དབང་རིས་བདག་ཐོབ་དང་སྲིད་ཀྱི་གོ་བབ་ཀྱི་ཕན་ཁེར་དམིགས་པའི་བྱ་ལམ་བྱེད་ཕྱོགས་རིམ་པར་བསྟར་བ་དང་ཡང་བྲལ་དུ་མེད་ཅིང་། དུས་ཕྱིས་གཞུང་ས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་གཞི་ཚུགས་པའི་རྗེས་སུའང་འདི་པའི་མི་རྒྱུད་ཕྱི་མ་དག་གིས་དཔལ་གྱི་ཆོས་འཁོར་བསམ་ཡས་ཞིག་གསོས་དང་བོད་འབྲུག་སྡེ་གཟར་གྱི་བར་ཆིངས་སུ་ཕེབས་པ། ཇུན་གར་བས་བོད་ལ་ལོ་གསུམ་དབང་བསྒྱུར་བའི་རིང་གཞུང་སའི་སྡེ་སྲིད་ཀྱི་འགན་བཞེས་པ་སོགས་བྱས་པ་ཆེ་ལ། གཞན་དུ་ན་མདོ་སྨད་དུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་སྐྱིད་ཤོད་སྡེ་པ་ཆོས་རྗེ(1593-1638)དང་། སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འཛུགས་པའི་བྱེད་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ(1594-1651)གྱི་ཡུམ་ཡང་སྐྱིད་ཤོད་དགའ་ལྡན་པའི་རིགས་སུ་འཁྲུངས་པ་སོགས་དུས་རབས་བཅོ་ལྔ་ནས་བཅོ་བརྒྱད་པའི་སྟོད་ཀྱི་མི་ལོ་སུམ་བརྒྱའི་ཡུན་ལ་ཁྱིམ་རྒྱུད་འདིས་བོད་ཀྱི་ཆོས་སྲིད་གཉིས་ཀར་བག་ཆགས་ཟབ་པའི་བྱས་པ་མངོན་མཚན་ཅན་བཞག་པ་བདེན་དུ་མཆི་ནའང་། དུས་སྐབས་དེའི་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་དཔྱད་འབྲས་ཕལ་ཆེར་དུ་དགེ་ལྡན་པའི་བསྟན་པའི་སྦྱིན་བདག་ཙམ་གྱི་ངོས་ནས་གླེང་སློང་བ་ཙམ་ལས་ཞིབ་མོ་རྣམ་འཐག་ཏུ་བརྟག་ཅིང་དཔྱད་པ་དཀོན་ཙམ་དུ་གདའ་བས། བག་ལ་ཞ་བའི་ཁྱིམ་རྒྱུད་འདིའི་དར་རྒུད་ཀྱི་བྱུང་བ་གནད་དུ་བཟུང་ནས་གབ་པ་མངོན་དུ་ཕྱུང་ན་ཕག་གྲུའི་དུས་སྨད་ཀྱི་སྐྱིད་ཤོད་ལུང་པའི་ཆོས་སྲིད་ལོ་རྒྱུས་ཞིབ་གསལ་ཇེ་དོད་ཙམ་མ་ཟད། སྐབས་དེ་ཤེད་དུ་ཡུལ་གྱི་སྡེ་བདག་ཆེ་བཙན་གྱིས་དབང་རིས་བཅད་བཟུང་གིས་ཆབ་སྲིད་རྒྱ་སྐྱེད་ཚུལ་དང་། རླངས་ཀྱི་གདུང་རྒྱུད་ནང་ཞིག་སྟེ་སྡེ་སྲིད་ཕག་མོ་གྲུ་པའི་དབང་ཐང་ཐུར་ལ་འགྲིབ་ཚུལ་ལ་ངེས་པ་འདྲོངས་ནུས་ཤིང་། འདི་པས་དགེ་སོག་གཙང་ལ་སོགས་པའི་ཕྱོགས་ཁག་དང་འབྲེལ་ལམ་སྐྱོང་ཚུལ་ལས་དུས་རབས་བཅུ་བདུན་པའི་བོད་ཀྱི་ཆོས་སྲིད་འགལ་འདུའི་རྙོག་ཅིང་འཛིངས་པའི་རང་བཞིན་ལྷག་པར་གསལ་ངེས་ལ། ད་སྔ་ཕལ་ཆེར་གྱིས་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ངོས་ནས་སྐབས་དེའི་ལོ་རྒྱུས་ལ་ལྟ་བའི་ཕྱོགས་རེའི་སྐྱོན་སེལ་བར་ཡང་སྨན་པ་སོགས་དུས་རབས་བཅོ་ལྔ་ནས་བཅོ་བརྒྱད་བར་གྱི་བོད་སྤྱིའི་ཆབ་སྲིད་འགྱུར་བབ་ཟུར་བལྟས་ལེབ་མཐོང་དང་། བོད་རང་གི་རྒྱལ་རབས་ལོ་རྒྱུས་གྲ་རྒྱས་འཐུས་ཚང་དུ་འཕེལ་བར་ཕྱར་བ་གྲུ་འདེགས་ཐུབ་པའི་དགེ་མཚན་མངོན་པར་གསལ་བར་དམིགས་ཏེ། དེ་འབྲེལ་ཆེ་དགེའི་ཡིག་ཚང་ཐོར་བུ་ཕྱོགས་བཏུས་ཀྱིས་གུང་བསྒྲིགས་ནས་བརྒལ་བརྟག་དཔྱོད་འཇུག་གི་སོར་མོའི་འདུ་བྱེད་ལན་ཅིག་བསྒྱུར་བ་ལགས་ཤིང་། དེ་ཡང་ས་བཅད་ལྔ་རུ་ཕྱེས་ནས་བརྡའི་འཇུག་ཡུལ་དང་གདུང་རྒྱུད་གྲོལ་རབས་སོགས་འོག་གི་བྱུང་རབས་རྟོགས་པའི་ཡན་ལག་ཏུ་གྱུར་པའི་གཞི་འགའ་ཞིག་ལ་སྔོན་དུ་དཔྱད་རྗེས། ཁྱིམ་རྒྱུད་ཀྱི་དབང་ཤུགས་གཞི་ཚུགས་པའི་དུས་བབ་དང་མཐུན་རྐྱེན། ཞི་དྲག་གི་ཐབས་སྒོ་ཅི་རིགས་པས་ཆབ་སྲིད་རྒྱ་བསྐྱེད་དེ་སྐྱིད་ཤོད་ཡུལ་ཀུན་ལ་དབང་བསྒྱུར་ཚུལ། དབུས་གཙང་གི་སྡེ་འཁྲུག་རྒྱུན་མར་བྱུང་སྐབས་མི་སྡེ་དབང་རིས་སླད་དགེ་གཙང་སོག་གསུམ་དང་འབྲེལ་ལམ་ཇི་ལྟ་བུ་བསྐྱངས་ཚུལ། དགའ་ལྡན་ཕོ་བྲང་པའི་སྲིད་དབང་ཚུགས་རྗེས་ཀྱི་གོ་བབ་དབང་ཐང་དང་མཐར་ལྷ་རྒྱལ་རབ་བརྟན་མི་མུས་རྒྱུད་བཅས་ལ་བཀའ་ཉེས་ཕོག་སྟེ་རབས་ཆད་ཚུལ་བཅས་རིམ་པ་བསྟར་ཆགས་སུ་བསྟན་ཐོག གཞུང་གི་མདོ་དོན་དང་འབྲེལ་ཡོད་ཤེས་བྱའི་གནད་ཕྲ་མོ་ཇི་བཞིན་བདེ་བླག་ཏུ་རྟོགས་པར་ཕན་དུ་རེ་ནས་ཞར་བྱུང་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་དང་དམངས་ཁྲོད་ངག་རྒྱུན། དོན་ཆེན་རེའུ་མིག་སོགས་ལྷན་ཐབས་ཀྱིས་ཀྱང་ཟུར་བརྒྱན་ཏེ་བྱུང་རབས་ལོ་རྒྱུས་ཀྱི་གཞུང་འདི་གྲུབ་པར་བྱས་ནས་ད་ལམ་ཀུན་གྱི་སྤྱན་སྔར་བསྟར་བ་ལགས་སོ། །
       བརྩམས་ཆོས་ངན་ནེ་བ་འདི་བཞིན་མ་གཞིར་ཕྲན་གྱིས་ཤེས་རམས་པའི་སློབ་གཉེར་གྱི་འབྲས་རྟགས་སུ་ཉེར་གཅིག་ལོའི་སྨད་དུ་བྲིས་ཤིང་། མཐར་ཕྱིན་དམ་བཅའ་བཞག་པར་ཕུལ་བྱུང་གི་མིང་ཐོབ་ནའང་ཕྲན་ལས་དང་པོ་བ་རིག་གཞུང་ཉམས་ཞིབ་ལ་འདྲིས་ཆ་ཞན་པས་ལོ་རྒྱུས་སྔ་ཕྱི་གུང་བསྒྲིགས་པ་ཙམ་ལས་རིག་སྒོ་གསར་པའི་དཔྱོད་ཐབས་ཀྱིས་ཕོངས་ལ། རྒྱལ་སྤྱིའི་བོད་རིག་པ་སྨྲ་བའི་སྡེ་ན་ཟོ་རེན་སན་དང་ཨོལ་ཧྥུ་ཁྲ་ཡ། ཨེ་ཧྥེར་ཐིང་། མཱ་སེའུ་ཨེག་སེ་ཐའེ་སོགས་མང་དག་གིས་ཀྱང་འབྲེལ་ཡོད་དཔྱད་འབྲས་ཕུལ་དུ་ཕྱིན་པ་མཛད་པ་དུས་ཕྱིས་ད་གཟོད་མཇལ་བས། དེ་འབྲེལ་རིག་གཞུང་གི་ལྟ་བའི་གནད་མང་པོར་བརྒལ་བརྟག་གི་བགྲོ་གླེང་སྤྲོ་མ་ཐུབ་པ་སོགས་ཉམས་ཞིབ་རྣལ་མའི་སྲོལ་ལུགས་དང་འགལ་བའི་ཆ་མང་ཞིང་། དོན་གྱི་གནད་ལ་སོ་མ་ཐེབས་པར་དགོས་མེད་ཚིག་གི་གཤོམ་ར་འཐེན་པའི་ཞན་ཆ་མངོན་མཚན་ཅན་ཡང་རང་ཆས་སུ་ཞུགས་འདུག་མོད། འགལ་རྐྱེན་ཅི་རིགས་དབང་གིས་ཕྱིས་ནས་བཟོ་སྐྱོར་ཞུ་དག་གིས་ཁ་སྐོང་སྣོན་འདེབས་ཀྱང་ཆེར་བགྱིད་མ་ཐུབ་པས། མ་གཞིར་གཟུར་གནས་ངེས་པའི་ཁུངས་དང་འབྲེལ་ཞིང་དོན་རྒྱས་ཚིག་ཉུང་མཐའ་རྒྱ་ཆོད་པ་ཞིག་ཏུ་རེ་ཡང་དོན་ལ་ཉི་མ་འཕུད་བྱེད་ཀྱི་གཏམ་རྒྱུད་ཙམ་དུ་མི་འགྱུར་བའི་གདེང་ནི་ཕྲན་རང་ལའང་མེད་གཤིས། ཕོ་ལོ་ཉི་ཤུའི་སྣང་བས་རང་ལྟ་མཆོག་འཛིན་གྱིས་དཔའ་ཐལ་ཆེ་བཤད་བགྱིས་པ་དང་འགལ་འཁྲུལ་ནོངས་པའི་ཆ་མཆིས་པ་ལ་མི་འཆབ་མི་སྦེད་སྙིང་ནས་འགྱོད་པས་འཆགས་སོ། ། 
       འདི་ཉིད་རྩོམ་པའི་གནས་སྐབས་སུ་རྣམ་རྟོག་རྐྱང་པའི་འཆར་སྒོས་མ་བསྒྲིགས་པར་ཆོས་འབྱུང་རྣམ་ཐར་གང་མང་ལས་ཅོ་གས་རྒུམ་བུ་འཐུ་ལྟར་རིམ་བསགས་ཀྱིས་འཁྲུགས་པ་བསྡེབས་པ་དང་གབ་པ་མངོན་དུ་ཕྱུང་བའི་ངལ་བ་ཅུང་ཞིག་བསྟེན་པར་ཅི་སྟེ་ཕྱིས་ནས་རྒྱ་ཆེར་བརྗོད་པའི་ས་བོན་དུ་རུང་བའི་དགེ་མཚན་ཨེན་ཙམ་མཆིས་ན་ནི། ཕྲན་གྱི་ཤེས་རམས་པའི་སྐབས་ཀྱི་མཛུབ་སྟོན་སློབ་དཔོན་ནོར་བུ་བསམ་འཕེལ་མཆོག་གིས་གཙོས་པའི་སློབ་དཔོན་སྟོང་ར་བ་དང་ཆུ་འབི་པ། ཞབས་ཤར་བ་སོགས་འབྲེལ་ཚད་དོན་ལྡན་གྱི་བཤེས་གཉེན་རྣམ་པས་དྲིན་གྱིས་རྗེས་སུ་བཟུང་བ་དང་། དྲིན་ཅན་སྐྱེད་མ་ནོར་བུ་ཆོས་ཀྱི་སྒྲོན་མ་དང་གཅེན་པོ་གཅེན་མོ་རྣམ་པ། མཛའ་བཤེས་སྨོན་འདྲིན་དུ་གྱུར་པ་རྣམས་ཀྱིས་ཟོལ་མེད་གྲོགས་དན་གནང་བ་ལས་བྱུང་བ་ཡིན་གཤིས་དྲིན་ཇི་བཞིན་འཁོར་ཐབས་མ་མཆིས་ཤིང་། ཁྱད་པར་འབུམ་རམས་པའི་སྐབས་ཀྱི་མཛུབ་སྟོན་སློབ་དཔོན་ཚེ་བརྟན་བཀྲ་ཤིས་མཆོག་གིས་ནམ་ཞར་ཕྲན་རང་ཐུགས་བརྩེ་བས་བུ་བཞིན་བསྐྱངས་ཐོག འདི་ཉིད་ད་ལམ་པར་དུ་འདེབས་པར་ཡང་མཐུན་འགྱུར་བླ་མེད་མཛད་པའི་བཀའ་དྲིན་ལྷག་པར་ལྕི་ལ། རྩོམ་སྒྲིག་འགན་ཁུར་བ་བདེ་སྐྱིད་ལགས་ནས་ཀྱང་ཐུགས་སུན་ཡེ་ནས་མེད་པའི་གཞོགས་འདེགས་གནང་བ་སོགས་འབྲེལ་ཐོགས་ཀུན་གྱི་དྲིན་བསམ་བཞིན་ཐུགས་རྗེ་ལེགས་གསོལ་གྱི་སོར་བཅུའི་འདབ་མ་སྙིང་གར་ཟུམ་པ་ལགས། 
       འདིར་འབད་དགེ་བའི་གངས་ཆབ་ཟེགས་མའི་མཐུས། །གཅམ་བུའི་ཟོལ་སྦྱོར་དྲི་མ་ལེགས་འཁྲུད་ནས། །བདེན་ལ་ངེས་ཤེས་སྐྱེད་པའི་ལོ་རྒྱུས་ཀྱི། །ཉམས་ཞིབ་དོན་གྱི་སྙིང་པོ་ལོན་པར་ཤོག །ཅེས་བསྔོ་བ་དྲི་མ་མེད་པས་ཀྱང་མཐའ་བརྟེན་ཏེ་གྲ་དགེ་རྒྱས་པ་བསམ་གཏན་རྒྱ་མཚོས་རབ་བྱུང་བཅུ་བདུན་པའི་ཤིང་མོ་སྦྲུལ་ལོའི་དགའ་ལྡན་ལྔ་མཆོད་ཀྱི་ནུབ་མོར་གྲོང་ཁྱེར་སྤོས་ངད་ལྡན་གྱི་རིག་པའི་ལྡིང་ཁང་ནས་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །
རྩོམ་པ་པོ་ངོ་སྤྲོད།
       བསམ་གཏན་རྒྱ་མཚོ། 1997ལོའི་ཟླ་དྲུག་པར་ལྷོ་ཁ་གྲ་ནང་དུ་སྐྱེས། 2015ལོར་ལྷ་ས་སློབ་འབྲིང་ནས་མཐར་ཕྱིན་རྗེས་ནུབ་བྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། སི་ཁྲོན་སློབ་ཆེན་སོགས་ནས་བོད་སྐད་ཡིག་རྩོམ་རིག་དང་བོད་ཀྱི་ལོ་རྒྱུས་ལ་སློབ་གཉེར་བྱས་ཤིང་། ད་ལྟ་བོད་ལྗོངས་སློབ་ཆེན་དུ་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་དོན་དུ་གཉེར་མུས་ཡིན་ལ། གཙོ་བོར་ཕག་གྲུའི་སྲིད་དབང་དུས་སྨད་ཀྱི་དབུས་གཙང་གི་ལོ་རྒྱུས་ལ་ཉམས་ཞིབ་བགྱིད་བཞིན་པ་ལགས། ད་སྔ«བོད་ལྗོངས་ཞིབ་འཇུག»དང«མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ» «མི་རིགས་རྩོམ་རིག»སོགས་དུས་དེབ་ཏུ་དཔྱད་རྩོམ་དང་འགྱུར་རྩོམ་བཅུ་གྲངས་ལོན་ཙམ་སྤེལ་ཞིང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་སྐབས་བཅུ་བདུན་པ་དང་མཐོ་སྒང་དར་ལམ་ལོ་རྒྱུས་རིག་གནས་ཀྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་གཉིས་པ་སོགས་ལའང་ཞུགས།

འབྲེལ་གནས། 15726789929
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།