ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > འཕགས་པ་འབྲོང་གི་བརྩམས་སྒྲུང་དེབ«འཇིགས་རྒོད་སྐེ་ནུ»པར་སྐྲུན་འགྲེམ་སྤེལ་བྱས།
འཕགས་པ་འབྲོང་གི་བརྩམས་སྒྲུང་དེབ«འཇིགས་རྒོད་སྐེ་ནུ»པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-08-25 15:35:57
ཀློག་གྲངས།:
ཉེ་ཆར། ན་གཞོན་རྩོམ་པ་པོ་འཕགས་པ་འབྲོང་གི་བརྩམས་སྒྲུང་དེབ«འཇིགས་རྒོད་སྐེ་ནུ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

དེབ་འདིར་རྩོམ་པ་པོའི་མི་ལོ་བཅུ་གཉིས་ལྷག་གི་རིང་ལ་གསར་རྩོམ་བྱས་པའི་བརྩམས་ཆོས་ལས«ཕོ་རོག་དཀར་པོ»དང«བསུ་སྐྱེལ» «མཚན་མོ» «ཁུང་བུ» «ལྷ་སའི་སློང་མོ་པ» «ཕར་ངོགས་ཚུར་ངོགས» «ང་ཡི་མེ་ཏོག་སྔོན་མོ» «པད་ཇོའི་བར་སྐོར»སོགས་སྒྲུང་ཐུང་འབྲིང་བཅོ་ལྔ་བསྡུས་ཡོད། དེ་ལས«ཁུང་བུ»དང«མཚན་མོ»གཉིས་ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་གྱི་བྱ་དགའ་དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ་སོགས་ཐོབ་མྱོང་། སྒྲུང་དེབ་འདིའི་སྔོན་འགྲོའི་གཏམ་འབྲི་མཁན་བོད་ལྗོངས་ཀྱི་ཡོན་ཏན་པ་གཡུ་འོད་རང་ཤར་དང་། མདུན་ཤོག་གི་རི་མོར་རྨང་འདིང་མཁན་རྒྱལ་བུ་ཚེ་རིང་། བར་བཅུག་རི་མོ་འབྲི་མཁན་སོག་རྫོང་དཔལ་འབྱོར་ཚེ་རིང་ཡིན།
དེབ་ཀྱི་དཀར་ཆག
དེབ་ཀྱི་དཀར་ཆག


རྩོམ་པ་པོ་ངོ་སྤྲོད།

འཕགས་པ་འབྲོང་། ཕྱི་རྒྱལ་དུ་སོང་ནས་དབྱིན་ཡིག་ལ་སློབ་གཉེར་བྱས། མཚོ་སྔོན་མི་རིགས་སློབ་ཆེན་དབྱིན་ཡིག་འཛིན་གྲྭ་ནས་དངོས་གཞི་མཐར་ཕྱིན། ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་ལག་རྟགས་བླངས། རྒྱ་ཡིག་གི་སྙན་ངག་བྱ་དགའ། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་གྱི་བྱ་དགའ་དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ་སོགས་ཐོབ།
གདེང་འཇོག་དང་ཤིས་ཚིག
འཕགས་པ་འབྲོང་ནི་ཆེས་རེ་བ་ཅན་གྱི་ན་གཞོན་རྩོམ་མཁན་གྱི་གྲས་ཡིན་ལ། སྒྲུང་གི་ཐབས་རྩལ་ཕྱོགས་ནས་རང་གི་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། ཁོའི་བརྩམས་སྒྲུང་དེབ«འཇིགས་རྒོད་སྐེ་ནུ»དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པར་སྙིང་ནས་རྟེན་འབྲེལ་ཞུས་པ་ཡིན།
བརྩམས་སྒྲུང་མཁན་གྲགས་ཅན་ཚེ་རིང་དོན་གྲུབ་ལགས་ཀྱིས།
གཞོན་སྐྱེས་རྩོམ་པ་པོ་འཕགས་པ་འབྲོང་ལགས་ཀྱི་སྒྲུང་དེབ«འཇིགས་རྒོད་སྐེ་ནུ»དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པའི་གཏམ་བཟང་ཐོས་པས་སེམས་ནས་དགའ་སྤྲོ་ཆེན་པོ་སྐྱེས།དེབ་དེ་ལས་སྒྲུང་འབྲིང«ཕོ་རོག་དཀར་པོ»ཞེས་པ་དེ་ཐོག་མར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»སྤྱི་ལོ2026ལོའི་དེབ་དང་པོའི་སྟེང་སྤེལ་པ་དང་། བོད་ལྗོངས་སློབ་ཆེན་སྒྱུ་རྩོམ་རིག་པའིའབུམ་རམས་ཞིབ་འཇུག་སློབ་མ་རྩེ་སྟོད་འགྱུར་མེད་རྒྱ་མཚོ་ལགས་ཀྱིས་ཆེད་ལས་ཞིབ་འཇུག་གི་མཐོང་སྣེ་ནས་དཔྱད་རྩོམ་ཞིག་བྲིས་ཏེ་མཉམ་དུ་སྤེལ་ཡོད་པ་རེད། ངའི་བག་ཆགས་ཁྲོད«ཕོ་རོག་དཀར་པོ»དེ་ཉེ་བའི་ལོ་ཕྱེད་རིང་ངེད་རྩོམ་སྒྲིག་ཁང་དུ་འབྱོར་པའི་བརྩམས་སྒྲུང་མང་པོའི་ཁྲོད་ནས་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་སྟངས་ཆེས་འབུར་དུ་ཐོན་པ་ཞིག་དང་། སྒྲུང་དེའི་མི་སྣ་གཙོ་བོ་འཇིགས་རྒོད་སྐེ་ནུ་ནི་ཤ་ཁྲག་གདོས་བཅས་ཀྱི་ཕུང་གྲུབ་ལ་དགའ་སྐྱོ་ཆགས་སྡང་མངོན་གསལ་དོད་པོ་མཚོན་པའི་མི་སྣ་རང་ཚུགས་ཅན་ཞིག་སྟེ་། རང་ལ་རང་གི་རྩ་དོན་ལྡན་ཞིང་། དགའ་སར་དགའ་ཞིང་སྡང་སར་སྡང་ལ། ག་དུས་ཀྱང་རང་གི་ལ་རྒྱ་སྲུང་སྐྱོབ་བྱེད་ཆེད། སུ་དང་གང་ལའང་སྒྱིད་པ་མི་ཞུམ་པའི་མི་སྣ་ཁྱད་པར་བ་ཞིག་བཞེངས་སྐྲུན་བྱས་ཡོད་སྟབས་ད་ལོའི་ཆེས་ཕུལ་བྱུང་གི་བརྩམས་སྒྲུང་སྤུས་ལེགས་ཤིག་ཏུ་མཐོང་བྱུང་།
མཐར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བརྩམས་སྒྲུང་དེབ་དེ་པར་སྐྲུན་བྱས་ཏེ་དངོས་སུ་འགྲེམ་སྤེལ་ཐུབ་པར་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། འབྱུང་འགྱུར་གཞོན་སྐྱེས་རྩོམ་པ་པོ་འཕགས་པ་འབྲོང་གི་གསར་རྩོམ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
རྩོམ་པ་པོ་དང་རྩོམ་སྒྲིག་པ་ལྷ་གཡང་ནོར་བུ་ལགས་ཀྱིས།

འཕགས་པ་འབྲོང་ལགས་ནས་མཛད་གནང་གི་སྒྲུང་དེབ«འཇིགས་རྒོད་སྐེ་ནུ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་ལ་བཀྲ་ཤིས་བདེ་ལེགས་ཞུས་པའི་སྒང་ལ། སྒྲུང་དེབ་འདི་ལ་ཀློག་མཁན་གྱིས་དགའ་པོ་དང་ཁྲོམ་ར་ལ་ཡང་བྲིན་པོ་ཡོང་བར་ལྷག་བསམ་རྣམ་དག་གིས་སྨོན་ལམ་ཡང་ཡང་རྒྱག་བཞིན་པ་དང་བཅས་ས་མཐའ་བ་ལྗང་བུ་ནས་ཕེརེནིདྷིའི་རི་ཁུག་ཅིག་ནས་ཕུལ་ཏོ། །
སྙན་ངག་པ་ལྗང་བུ་ལགས་ནས།
ན་གཞོན་རྩོམ་པ་པོ་འཕགས་པ་འབྲོང་ནི་བརྩམས་སྒྲུང་གསར་རྩོམ་གྱི་ཐད་ནས་རང་གི་ཁྱད་ཡོན་ངོམ་ཐུབ་པའི་མི་བུ་ཞིག་ཡིན་ལ། ཁོའི་གསར་རྩོམ་གྱི་ལག་ལེན་ཐད་ནས་རང་ལ་བརྗོད་བྱ་ཅི་ཡོད་པ་དང་གཞན་ལ་ཐབས་རྩལ་གྱི་རིག་སྒོ་ཅི་ཡོད་པ་བླང་དོར་ཡོད་པའི་སྒོ་ནས་བརྩམས་ཆོས་སུ་འདྲེན་ཐུབ་པའི་ན་གཞོན་ཕུལ་བྱུང་ཅན་ཞིག་ཡིན་པས། ད་རེས་ཁོང་གི་བརྩམས་སྒྲུང་དེབ«འཇིགས་རྒོད་སྐེ་ནུ»ཞེས་པ་འདིས་ཀློག་པ་པོར་སྒྱུ་རྩལ་གྱི་མྱོང་སྣང་གསར་བ་ཞིག་སྟེར་ཐུབ་པར་མ་ཟད། རྩོམ་འབྲིའི་ཐབས་རྩལ་གྱི་ཆ་ནས་དེང་རབས་ཀྱི་དོན་བརྗོད་རིག་པ་སོགས་ལ་སློབ་སྦྱོང་གནང་བའི་རིགས་རྣམ་མང་དུ་རྙེད་ཐུབ། འདས་ཟིན་པའི་འཚོ་བའི་སྔར་ཡོད་ཀྱི་རྣམ་པ་དེ་རིགས་དོན་བརྗོད་ཀྱི་མཐོང་སྣེ་མང་བོ་ནས་ཀློག་པ་པོའི་སྤྱན་སྔར་བསྟར་ཏེ་བརྩམས་སྒྲུང་གིས་སྒྱུ་རྩལ་རང་བཞིན་གྱི་དོན་སྒོ་ལ་ཁས་ལེན་དང་རྣམ་པ་ཆིག་རྐྱང་བའི་འབྲི་ལུགས་ལ་མཐོང་རྒྱ་བསྐྱེད་ཡོད་པས། ཀློག་མཁན་དང་གསར་རྩོམ་གནང་མཁན་ཀུན་ལ་སྒྱུ་རྩལ་རང་བཞིན་གྱི་རྩོམ་རིག་གི་ལག་ལེན་ལ་རིག་སྒོ་གསར་བ་ཞིག་ཕྱེས་ཡོད། ཁྱད་པར་དུ་སྒྱུ་རྩལ་གསར་རྩོམ་ཐད་ཀྱི་བློས་བསླངས་དང་འཆར་སྒོ། བརྩམས་སྒྲུང་རང་སྟེང་གི་སྒྱུ་རྩལ་གྱི་མཛེས་པ་འདོན་སྟངས་ལ་བསམ་གཞིག་གནང་བའི་གནས་སྟངས་འདིས་རབས་གསར་བའི་ན་གཞོན་གསར་རྩོམ་པ་ཞིག་གི་སྙིང་རུས་དང་སྒྱུ་རྩལ་གྱི་དད་འདུན་དེ་མཐོང་ཐུབ་ལ། བརྩམས་སྒྲུང་གསར་རྩོམ་ཐད་ཀྱི་འཕེལ་རྒྱས་ཀྱི་ངོས་ཤིག་ཀྱང་མཐོང་ཐུབ་པར་བྱས་ཡོད།
རྩོམ་རིག་དཔྱད་བརྗོད་པ་རྩེ་སྟོད་འགྱུར་མེད་རྒྱ་མཚོ་ལགས་ཀྱིས།
འཕགས་པ་འབྲོང་གི་སྒྲུང་དེབ་གསར་པ«འཇིགས་རྒོད་སྐེ་ནུ»མི་འགྱངས་པར་ཀློག་པ་པོ་རྣམས་ཀྱི་མིག་སྔར་བསྟར་རྒྱུ་རེད། འདིར་སྒྲུང་གཏམ་གསར་རྩོམ་ལ་རྣམ་དཔྱོད་ཡངས་པའི་ན་གཞོན་རྩོམ་པ་པོ་ཁོར་བཀྲ་ཤིས་རྟེན་འབྲེལ་ཞུ། ཁོ་ནི་རང་རེའི་གཞོན་སྐྱེས་སྒྲུང་གཏམ་གསར་རྩོམ་པའི་ཁྲོད་དུ་རང་གི་རྩོམ་གཤིས་གསལ་ཞིང་རང་གི་ཁྱད་ཆོས་འབུར་དུ་དོད་པའི་སྒྲུང་གཏམ་པ་ཞིག་ཡིན་པས། ཁོའི་སྨྱུག་འོག་གི་འཇིག་རྟེན་ཡང་དེ་བཞིན་ངོ་མཚར་བ་དང་བློས་དཔོག་དཀའ་བ་ཞིག་ངེས་པར་ཡིན་སྲིད། ང་ཚོས་མཉམ་པོར་ཁོའི་སྒྲུང་དེབ་ཀྱི་ཁ་ཕྱེ་ནས། ཁོའི་སྒྲུང་གི་ཐུན་མིན་གྱི་ཞིང་ཁམས་ཉུལ་བར་བྱའོ། །
བརྩམས་སྒྲུང་མཁན་དང་སྙན་ངག་པ་ཁྲི་སེམས་དཔའ་ལགས་ཀྱིས།
སྨྲ་ལྕེ་དག་མོ་ཁོ་ནས་མི་ཆོག་པར། སྨྲ་མཁས་པ་ཞིག སྨྲ་སྲོལ་སྣ་མང་ཞིག སྨྲ་སྟངས་ཁྱད་པར་བ་ཞིག་གིས་ཀློག་མཁན་ཚོ་བསླུ་བར་བྱེད་པ་ནི་སྒྲུང་བ་ཚོའི་ཁྱད་ཆོས་ཤིག་མ་ཡིན་ནམ།
འཕགས་པ་འབྲིང་དེ་འབྲོང་དུ་བསྒྱུར་བའི་གསར་བུ་སྐད་ཡིག་གསུམ་ལ་སྦྱངས་པ་འདིས་ཀྱང་།འབྲོག་པས་འབྲེང་བ་བརྒྱུས་པ་ལྟ་བུའི་སྨྲ་བརྗོད་ཚགས་དམ་པོ་དེ། སྒྲུང་གི་མི་སྣ་ལ་ཤས་དང་ལྷན་ཏུ་བོད་ཡིག་གི་རྩོམ་སྟེགས་སུ་འབུད་པ་འདི་ནི་རྒྱ་ཡིག་ཙམ་འདོན་ཤེས་པ་ཚོས"ཡིག་སྐད། ཡིག་སྐད"ཟེར་བ་ལས་ལམ་བཟང་བར་འདོད། གོང་ཆེ་བར་འདོད། འུ་ཚོས་གོ་དགོས་བསམ་དགོས་པ་ཞིག་ཏུ་འདོད་དོ། །
རྩོམ་པ་པོ་མདའ་བཙན་པོ་ལགས་ཀྱིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号