དེབ་གསར«བོད་ཀྱི་གནའ་བོའི་དུག་རབས་དང་དུག་བཅོས་ཡིག་ཆ་ཕྱོགས་སྒྲིག»པར་དུ་སྐྲུན།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-08-31 08:30:55 ཀློག་གྲངས།:
       ཉེ་ཆར། གཡུང་དྲུང་དོན་གྲུབ་སྒྲིག་རྩོམ་བྱས་པའི་བོད་ཀྱི་གནའ་བོའི་དུག་རབས་སྐོར་གྱི་དེབ་གསར«བོད་ཀྱི་གནའ་བོའི་དུག་རབས་དང་དུག་བཅོས་ཡིག་ཆ་ཕྱོགས་སྒྲིག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས་འདུག
       དུག་ནད་གསོ་བ་ནི་བོད་ཀྱི་གསོ་བ་རིག་པའི་ཡན་ལག་བརྒྱད་ཀྱི་ཡ་གྱལ་དང་། དེར་བྱེ་བྲག་ལ་སྦྱར་དུག་དང་གྱུར་དུག རྒྱུ་དང་མི་རྒྱུ་བའི་དུག་སོགས་ཀྱི་རིགས་དང་འཇུག་ཚུལ། ངོས་བཟུང་། བཅོས་ཐབས། ལོག་གནོན། ཕྱི་རྗེས་བཅད་པ་བཅས་ཀྱི་གཞུང་ལུགས་འཐུས་ཚང་ཞིག་གྲུབ་ཡོད། ཐེངས་འདིར་ཕྱོགས་སྒྲིག་བྱས་པའི«བོད་ཀྱི་གནའ་བོའི་དུག་རབས་དང་དུག་བཅོས་ཡིག་ཆ་ཕྱོགས་སྒྲིག»ཅེས་པ་འདི་ནི་ཕོ་བྲང་པོ་ཏ་ལར་བཞུགས་པའི་དཔེ་རྙིང་བྲིས་མ་ཕྱོགས་གཅིག་ཏུ་བསྒྲིགས་པ་གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་ལས་དུག་བཅོས་ཕྱོགས་བསྒྲིགས་ཁྲོད་ཀྱི་བྲིས་དཔེ་བཅུ་བཞི་སྟེ«དུག་བཅོས་དཔའ་བོ་ཐུབ་པའི་རྒྱུད»དང་། «དུག་བཅོས་བདུད་རྩི་བུམ་པའི་རྒྱུད་དབང་ཕྱུག་ཆེན་པོའི་ལུགས» «དུག་བཅོས་པའི་ཁ་གཏམ་ཞལ་གདམས» «དུག་བཅོས་པའི་མན་ངག་ལྷ་རྗེ་ཁུ་ལུང་པའི་ལུགས» «དུག་གི་བསྲུང་བ་སྐྱུར་རའི་ལུགས» «རིན་པོ་ཆེ་ཐོར་གཙུག་ལས་བྱུང་བའི་རྒྱུད་ཅེས་བྱ་བ་དབང་ཕྱུག་ཆེན་པོའི་ལུགས» «དུག་བཅོས་རྒྱལ་བློན་གྱི་སྦྱོར་བ» «རིན་ཆེན་དུག་སེལ» «དུག་བཅོས་པའི་ཁ་གཏམ» «དུག་དཔྱད་དྲི་མེད» «དུག་བཅོས་བདུད་རྩི་ཐིགས་པ» «དུག་གི་བརྟག་བཅོས་རྒྱས་པ་བཻ་རོ་ཙ་ནས་མཛད་པ» «བདུད་རྩིས་དུག་ནད་ཞི་བར་བྱེད་པ་ཕྲོམ་གྱི་སྨན་པ་ཙན་པ་ཤཱི་ལ་ཧས་མཛད་པ» «དུག་བཅོས་གཞུང་རྩ་བ་རྒྱ་ནག་ཧ་ཤང་དེ་བས་བསྒྱུར་བ་བླ་མ་མུ་ཏོ་བའི་ལུགས་སོ»སོགས་སྐོང་ཡིག་བཀྲལ་པ་དང་དབུ་ཅན་དུ་ཕབ་བཤུ་བྱས་པའི་སྟེང་དུ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི«དུག་བཅོས»དང་། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆཱར་སི་རམ་བྷོ་དང་འབུམ་རམས་པ་རྣལ་འབྱོར་ཚེ་རིང་གཉིས་ཀྱིས་མཁོ་སྤྲོད་གནངས་ཤིང་བལ་ཡུལ་གློ་བོ་སྨོན་ཐང་ཕྱོགས་ནས་རྙེད་པའི«དུག་བཅོས་རིན་པོ་ཆེ་བཅིངས་འགྲོལ་གྱི་རྒྱུད»སོགས་མདོ་དབུས་མདོ་སྒང་གི་གནའ་བོའི་དུག་དང་དུག་རབས། དུག་བཅོས་སོགས་ཀྱི་གཞུང་གལ་ཆེན་བྲིས་མ་བཅུ་དྲུག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད། དུག་བཅོས་ཀྱི་གཞུང་འདི་དག་གི་མཛད་པ་པོ་ནི་ཕལ་ཆེར་དུས་རབས་བརྒྱད་པའི་དུས་ཀྱི་བེེ་རོ་ཙ་ན་ནས་དུས་རབས་བཅུ་བཞི་པའི་དུས་ཀྱི་སྡེ་སྲིད་ཕག་མོ་གྲུ་བའི་བར་སྟེ། དུས་རབས་བརྒྱད་པ་ནས་བཅུ་བཞིའི་བར་གྱི་བོད་ཀྱི་གསོ་བ་རིག་པའི་དུག་ནད་གསོ་བའི་གཞུང་ལུགས་ཀྱི་ལག་ལེན་པ་མང་པོས་ཆིག་བརྒྱུད་ཀྱིས་གྲུབ་པ་ཞིག་ཡིན་འདུག །ཡིན་ཡང«དུག་བཅོས་ཀྱི་གཞུང་རིན་པོ་ཆེ་བཅིངས་འགྲོལ་གྱི་རྒྱུད»དང་། «བདུད་རྩིས་དུག་ནད་ཞི་བར་བྱེད་པ་ཕྲོམ་གྱི་སྨན་པ་ཙན་པ་ཤཱི་ལ་ཧས་མཛད་པ»ལྟ་བུ་ལ་མ་ཡིག་ལ་ཆད་ལྷག་བྱུང་པས་ཁ་མི་གསལ་ཞིང་། «དུག་བཅོས་དཔའ་བོ་ཐུབ་པའི་རྒྱུད»ལྟ་བུ་ལ་གཞུང་གཅིག་གི་ནང་དུ་རྩོམ་པ་པོ་དང་ནང་དོན་མི་འདྲ་བ་དུ་མས་གྲུབ་པའང་ཡོད་དེ། དཔེར་ན་གོང་སྨྲས་ཀྱི་གཞུང་ལས«དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་པོ་ཆེའི་མིག»ཅེས་པ་དང«བདུད་རྩིའི་དུག་ནད་གསོ་བ་ཕག་མོ་གྲུ་བའི་གནངས་པ»སོགས་ཀྱང་འདུས་པས། སླད་མར་པར་གཞི་དང་ནང་དོན་སོགས་ལ་ཞིབ་འཇུག་བྱ་དུས་དམིགས་གསལ་གྱིས་དོ་སྣང་བྱ་དགོས་པའི་ཡུལ་དུ་མཆིས། དུག་བཅོས་ཀྱི་གཞུང་ལུགས་འདི་དག་གི་ཁྲོད་དུ་དུག་བརྟག་པའི་ཐབས་དང་དུག་བཅོས་པའི་ཐབས་སོགས་མང་དུ་བསྟན་ཡོད་པར་མ་ཟད། དུག་བཅོས་ཀྱི་སྨན་སྦྱོར་མང་དུ་མཆིས་པས། མདོར་ན་མདོ་དབུས་མཐོ་སྒང་གི་དུག་ལྡན་གྱི་སྐྱེ་དངོས་དང་སྲོག་ཆགས། གཏེར་རྫས་སོགས་ལ་ཞིབ་འཇུག་བྱེད་པར་ཀྱང་ཤིན་ཏུ་གལ་ཆེ་བས་ན། འདིར་བོད་རིག་པ་སྨྲ་བ་སྤྱི་དང་སྒོས་སུ་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ལ་སྟབས་བདེ་གང་ལེགས་ཤིག་བསྐྲུན་ཐུབ་པར་དམིགས་ནས་ཕྱོགས་གཅིག་ཏུ་བསྒྲིགས་པའོ།།

གཙོ་སྒྲིག་པས།
༢༠༢༥ལོའི་ཟླ༡༢པའི་ཚེས༡༧ཉིན་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་ནས་སྦྱར་བའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།