ངོས་དང་པོ > ལོ་ཙཱ། > ལོ་ཙཱའི་གཞུང་ལུགས། > ༄༅། །བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་ལོ་ཙཱའི་ལྟ་དགོངས་རགས་ཙམ་གླེང་བ།
༄༅། །བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་ལོ་ཙཱའི་ལྟ་དགོངས་རགས་ཙམ་གླེང་བ།
རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་།
ཡོང་ཁུངས།:«ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག»༢༠༢༦.༡
དུས་ཚོད།:2026-08-31 08:35:08
ཀློག་གྲངས།:
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ནས་ཁོང་གིས་མཛད་པའི«སྙན་ངག་ལ་འཇུག་པའི་སྒོ»ཞེས་པའི་བསྟན་བཅོས་ཀྱི་དབུར་རིག་པའི་གནས་ལ་སྦྱང་བའི་དགོས་པ་བཤད་པ་ཞེས་པར་ལོ་ཙཱ་དང་འབྲེལ་བའི་གསུང་དུམ་གནད་ཅན་ཞིག་བཀོད་འདུག་པ་གཞིར་བྱས་ལ། ཁོང་གི་གསུང་ཐོར་བུ་ལས། «བོད་རྒྱ་ཚིག་མཛོད་ཆེན་མོའི་བསམ་འཆར་ཞུ་ཡིག»དང་། «ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོར་ཞི་ཚང་གི་དྲིས་ལན» «སྨོན་ཚིག་བློ་གསལ་གཞོན་ནུའི་མགྲིན་རྒྱན» «བོད་རྒྱ་ཚིག་མཛོད་ཆེན་མོ་གསར་སྒྲིག་མཛད་སྐབས་དགེ་བའི་བཤེས་གཉེན་དམུ་དགེ་བསམ་གཏན་ཚང་ལ་ཕུལ་བའི་འཕྲིན་ཡིག»སོགས་ལོ་ཙཱ་དང་ཉེ་བར་འབྲེལ་བའི་རྩོམ་གཞན་གྱིས་ཟུར་བརྒྱན་ཏེ། ཁོང་གི་ལོ་ཙཱའི་ལྟ་དགོངས་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་ཉེ་བར་དྲངས་ཏེ་ཆེ་ལོང་ཙམ་བརྗོད་ཡོད།
གནད་ཚིག བསེ་ཚང་བློ་བཟང་དཔལ་ལྡན། ལོ་ཙཱའི་ལྟ་དགོངས། སྒྲ་བསྒྱུར་བའི་བློ་སྦྱོང་།
གླེང་གཞི།
བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ནི་མདོ་སྔགས་རིག་གནས་དང་བཅས་པར་གཞུང་ལུགས་རབ་འབྱམས་སྨྲ་བའི་ངེས་དོན་གྱི་མཁས་དབང་ཞིག་ཡིན་ཞིང་། ཁོང་གིས་སྐུ་ཚེ་གང་བོར་མི་རིགས་སློབ་གསོའི་ལས་དོན་ལ་ཕྱག་ལས་རྒྱ་ཆེར་གནང་པར་མ་ཟད། རང་རེའི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་འགྲོ་བར་མཛད་རྗེས་བླ་མེད་བཞག་མྱོང་།
ད་སྔ་རིག་གཞུང་ཞིབ་འཇུག་པ་རྣམས་ཀྱིས་ཁོང་གི་གསུང་འབུམ་པོད་བཅུ་གཅིག་བཞུགས་པ་ལས། སྙན་གཞུང་གི་ཁྱད་ཆོས་དང་སློབ་གསོའི་ལྟ་དགོངས་སོགས་ལ་དཔྱད་པ་ལས། ལོ་ཙཱའི་ལྟ་དགོངས་སྐོར་ཁོལ་དུ་ཕྱུང་ནས་དཔྱད་པ་བྱས་འདུག་པ་མ་མཐོང་བས། འདིར་ཁོང་གིས་མཛད་པའི«སྙན་ངག་ལ་འཇུག་པའི་སྒོ»ཞེས་པའི་བསྟན་བཅོས་ཀྱི་དབུར་རིག་པའི་གནས་ལ་སྦྱང་བའི་དགོས་པ་བཤད་པ་ཞེས་པར་ལོ་ཙཱ་དང་འབྲེལ་བའི་གསུང་དུམ་གནད་ཅན་ཞིག་བཀོད་འདུག་པ་གཞིར་བྱས་ལ། ཁོང་གི་གསུང་ཐོར་བུ་ལས། «བོད་རྒྱ་ཚིག་མཛོད་ཆེན་མོའི་བསམ་འཆར་ཞུ་ཡིག»དང་། «ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོར་ཞི་ཚང་གི་དྲིས་ལན» «སྨོན་ཚིག་བློ་གསལ་གཞོན་ནུའི་མགྲིན་རྒྱན» «བོད་རྒྱ་ཚིག་མཛོད་ཆེན་མོ་གསར་སྒྲིག་མཛད་སྐབས་དགེ་བའི་བཤེས་གཉེན་དམུ་དགེ་བསམ་གཏན་ཚང་ལ་ཕུལ་བའི་འཕྲིན་ཡིག»སོགས་ལོ་ཙཱ་དང་ཉེ་བར་འབྲེལ་བའི་རྩོམ་གཞན་གྱིས་ཟུར་བརྒྱན་ཏེ། ཁོང་གི་ལོ་ཙཱའི་ལྟ་དགོངས་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་ཉེ་བར་དྲངས་ཏེ་ཆེ་ལོང་ཙམ་བརྗོད་པ་ལ། གནད་གཙོ་བོ་བཞིར་བསྡུས་ཆོག་པར་འདོད་དེ། ལོ་ཙཱ་ལ་འཇུག་པར་བརྡ་སྤྲོད་གལ་ཆེ་བ་དང་། དེ་ཡང་གང་བསྒྱུར་བྱའི་གཞུང་དོན་མཐའ་དག་ཐུགས་སུ་ཆུད་དགོས་པར་མ་ཟད། རིག་གནས་ཀུན་ལ་སྦྱང་བ་མཐིལ་ཕྱིན་མཛད་དགོས་ཚུལ་བསྟན་པ་དང་གཅིག །དེང་གི་ལོ་ཙཱར་མཐའ་དཔྱོད་དང་བཅས་ཏེ་བརྡ་དང་ཐ་སྙད་ཀྱི་སྒྱུར་ཚུལ་བསྟན་པ་དང་གཉིས། ཚིག་བསྒྱུར་དང་དོན་བསྒྱུར་ཞེས་བསྒྱུར་གྱི་ཐབས་གཙོ་བོ་གཉིས་བསྟན་པ་དང་གསུམ། སྔོན་གྱི་ལོ་ཙཱ་བའི་ཆེ་བ་བརྗོད་པ་དང་བཞི་བཅས་སོ། །
དང་པོ། ལོ་ཙཱ་ལ་འཇུགས་པར་བརྡ་སྤྲོད་གལ་ཆེ་ཚུལ་བསྟན་པ།
ཐོག་མར་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་ལོ་ཙཱ་ལ་འཇུག་པར་བརྡ་སྤྲོད་གལ་ཆེ་ཚུལ་བསྟན་ཡོད་དེ། «སྙན་ངག་ལ་འཇུག་པའི་སྒོ»ལས། དེ་ཡང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དག་གིས་ཐོག་མར་འཕགས་ཡུལ་གྱི་སྒྲའམ་བརྡ་སྤྲོད་རིག་པ་ལ་སྦྱང་བ་རྩེར་སོན་པ་གནང་སྟེ་གཞུང་དོན་མཐའ་དག་ཐུགས་སུ་ཆུད་པ་མཛད་པའི་རྗེས་སུ། བོད་སྐད་དང་བོད་ཀྱི་ཡི་གེའི་རྣམ་བཞག་དང་མཐུན་པར་བསྒྱུར་པ་ཤ་སྟག་ཡིན།[1]ཞེས་སྔོན་གྱི་ལོ་ཆེན་རིམ་བྱོན་ལོ་ཙཱ་ལ་འཇུག་པའི་རིམ་པ་གསལ་པོར་བསྟན་ཡོད་ལ། འདིའི་ཤུགས་ལ་དེང་གི་ལོ་ཙཱར་འཇུག་བཞིན་པ་དང་འཇུག་པར་འདོད་པ་རྣམས་ཚུལ་འདི་བཞིན་འཇུག་རིགས་པར་གདམས་པའང་ཡིན།
སྤྱིར་སྒྲ་སྒྱུར་གྱི་གཞུང་ལུགས་རྣམས་སུ་ལོ་ཙཱའི་གོ་རིམ་ལ་གཉིས་གསུམ་བཞི་ལྔ་སོགས་སུ་བཤད་པ་མང་སྟེ། སུའུ་ལེན་གྱི་མཁས་པ་སྔ་མ་དག་གི་བཞེད་ཚུལ་སྟེ། མ་ཡིག་ལ་གོ་བ་ལེན་པ་དང་། རྟོག་ཞིབ་བྱེད་པ། སླར་མཚོན་བྱེད་པ་བཅས་དང་། ཡང་མ་ཡིག་ལ་གོ་བ་ལེན་པ་དང་། འགྱུར་ཡིག་ཏུ་བརྡ་སྤྲོད་པ། ཞུ་དག་གཏོང་བ་བཅས་གསུམ་བྱེད་མཁན་ཡང་མཆིས། བཞི་ཅན་ནི་མི་འདྲ་བ་གཉིས་ཤིག་མཆིས་པ་ལས་དང་པོ་ནི། ཨ་མེ་རི་ཀའི་ལོ་ཙཱ་པ་གྲགས་ཅན་ཡའོ་ཀུན་ནའེ་ཏ་མཆོག་གིས། དབྱེ་ཞིབ་དང་བརྗེ་སྤོ། བསྐྱར་སྒྲིག །དཔྱད་ཞིབ་ཅེས་བཞི་དང་། ཅིག་ཤོས་ནི་དབྱིན་ཇིའི་ལོ་ཙཱ་མཁས་པ་ཇོར་རྗི་ཐི་ཐའན་ཡིས་བཏོན་པའི། ཡིད་ཆེས། རྒོལ་བ། བཅུད་ལེན། ཁ་གསབ་བཅས་སོ། །ལྔ་ཅན་ནི། རང་རྒྱལ་གྱི་ལོ་ཙཱའི་གཞུང་ལུགས་སྨྲ་བ་འགའ་ཞིག་གིས། སྟ་གོན་བྱེད་པ་དང་མ་ཡིག་ལ་གོ་བ་ལེན་པ། མ་ཡིག་གི་ནང་དོན་སླར་མཚོན། འགྱུར་ཞུས། གཏན་འབེབས་བཅས་ལྔར་ཕྱེའོ། །[2]ཞེས་པ་ལྟར། དེ་དག་ཐམས་ཅད་བསྡུ་ན་བསྟན་དོན་གསལ་རྟོགས་དང་ཇི་བཞིན་ཕབ་སྒྱུར་གཉིས་སུ་འདུ། གོང་གི་“གཞུང་དོན་མཐའ་དག་ཐུགས་སུ་ཆུད་པ་”ཞེས་པ་འདིར་བརྗོད་པའི་བསྟན་དོན་གསལ་རྟོགས་དང་། “བོད་སྐད་དང་བོད་ཀྱི་ཡི་གེའི་རྣམ་བཞག་དང་མཐུན་པར་བསྒྱུར་པ”ཞེས་པ་ཇི་བཞིན་ཕབ་སྒྱུར་དུ་ངེས་ཤིང་། སྒྲ་སྦྱོར་བམ་གཉིས་ལས། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག[3]ཅེས་དམ་པའི་ཆོས་བསྒྱུར་བའི་ལུགས་ནི་སྒྲ་དང་མཐུན་ལ། དོན་དང་ཡང་མི་འགལ་བ། བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་ལོ་ཙཱའི་ཚད་གཞི་གསུམ་གསུངས་པ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་དག་ཡིག་མཁས་པའི་འབྱུང་གནས་ཀྱི་གླེང་གཞིའི་དབུའི་བཀས་བཅད་ལས། ཚིག་གསལ་ལ་གོ་བདེ་བ་དོན་དང་ཡང་མི་འགལ་བར་བྱས[4]ཞེས་གསུངས་པ་དང་ཡང་དགོངས་པ་གཅིག་ཏུ་འབབ།
བསྟན་དོན་གསལ་རྟོགས་དང་ཇི་བཞིན་ཕབ་སྒྱུར་གྱི་རིམ་པ་གང་ལ་མཚོན་ནའང་བརྡ་སྤྲོད་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། བསྒྱུར་བྱའི་མ་ཡིག་གི་དོན་ཡང་དག་པར་རྟོགས་པ་བརྡ་སྤྲོད་ལ་རག་ལས་ཤིང་། སྒྱུར་བྱེད་ཡི་གེ་གང་དེའི་སྐད་ལུགས་ཡིག་སྲོལ་དང་མཐུན་པར་གོ་བདེར་བསྒྱུར་བའང་བརྡ་སྤྲོད་ལ་རག་ལས། དེར་མ་ཟད་སྒྲ་བསྒྱུར་བ་ལ་ལྡན་དགོས་ཀྱི་རྨང་གཞིའི་ཆ་རྐྱེན་གསུམ་སྟེ། «བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད»ལས། ལོ་ཙཱ་བའི་རྨང་གཞིའི་ཆ་རྐྱེན་བཤད་པའི་རིག་པ་བྱེ་བྲག་པ་དེར་གཙོ་བོའི་ནང་དོན་གང་དང་ཅི་ཡོད་ཅེ་ན། དེ་ལ་ལོ་ཙཱ་བའི་སྐད་རིགས་གཉིས་ཀྱི་བྱང་ཚད་གཙོ་བོར་བྱས་པའི་རིག་ཚན་སྣ་ཚོགས་ཀྱི་ཤེས་བྱ་དང་། ལོ་ཙཱའི་བྱ་བར་གཟབ་གཟེངས་ཁུར་ལེན་གྱི་རྣམ་འགྱུར། རྣམ་པར་རྟོག་བྱེད་ཀྱི་རིགས་པའི་ཤེས་པ་བཅས་དེ་གསུམ་འདུས་ཡོད།[5]ཅེས་པ་ལས་སྐད་གཉིས་ཤེས་བྱའི་བསླབ་སྦྱངས་བཤད་པའང་མཐར་ཐུག་ན་བརྡ་སྤྲོད་ལ་བསྟན་པར་ངེས། དེང་འདིར་རང་རེའི་ཡུལ་དུ་འགྱུར་སྐྱོན་ཇི་སྙེད་ཅིག་བྱུང་དང་འབྱུང་བཞིན་པ་རྣམས་ཀྱང་ཕལ་ཆེ་བ་སྒྱུར་བྱེད་ཀྱི་སྐད་ལུགས་ཡིག་སྲོལ་དང་མ་མཐུན་པར་འགྱུར་རྣམས་གོ་དཀའ་བར་གྱུར་པ་ཡིན་གཤིས། ལོ་ཙཱ་ལ་འཇུག་པར་བསྒྱུར་བྱ་སྒྱུར་བྱེད་ཀྱི་བརྡ་སྤྲོད་ལ་སྦྱང་བ་རྩེར་སོན་གནང་རྒྱུ་ཤིན་ཏུ་གལ་ཆེའོ། །
གཞན་ཡང་ཨུ་རུ་སུའི་བརྡ་སྤྲོད་སྨྲ་བ་ཧྥེ་ཏོ་ལོ་ཧྥུའི(费道罗夫)«ལོ་ཙཱའི་གཞུང་ལུགས་གནད་བསྡུས»ལས། ལོ་ཙཱའི་གཞུང་ལུགས་ཟེར་བ་ནི་བརྡ་སྤྲོད་རིག་པའི་ཡན་ལག་ཏུ་གྱུར་པའི་རིག་པ་བྱེ་བྲག་པ་ཞིག་ཡིན། ལོ་ཙཱའི་གཞུང་ལུགས་སྐོར་གྱི་གནད་དོན་དེ་བརྡ་སྤྲོད་རིག་པའི་གཞུང་ལུགས་ལ་བརྟེན་ནས་དབྱེ་ཞིབ་གསལ་བཀྲོལ་བྱ་རྒྱུ་ཁོ་ན་ལས་གཞན་གྱི་ཐབས་མེད[6]ཅེས་དང་། སུའུ་ལེན་གྱི་བརྡ་སྤྲོད་མཁས་ཅན་པར་ཧུ་ཏ་ལོ་ཧྥུའི(巴尔胡达罗夫)«སྐད་ཡིག་དང་ལོ་ཙཱ»ལས། ལོ་ཙཱའི་གཞུང་ལུགས་ཀྱི་རྩ་བ་ནི་བརྡ་སྤྲོད་རིག་པའི་གཞུང་ལ་ཐུག་ཡོད་པ་དང་། བརྡ་སྤྲོད་རིག་པའི་གཞུང་ལས་འདས་པའི་རིག་ཚན་གང་ཞིག་གིས་ལོ་ཙཱའི་གཞུང་ལུགས་ལ་རྟོག་དཔྱོད་མཐིལ་ཕྱིན་བྱེད་ཐུབ་ཡས་མེད།[7]ཅེས་གསུངས་པ་དང་ཡང་དགོངས་པ་མཐུན་པར་སྣང་ངོ་། །
གཞན་ཡང་གོང་གི་ལུང་དེ་ལས། ངེས་པ་དོན་གྱི་ལོ་ཙཱ་བ་ཞིག་ལ་མཚོན་ན། གང་བསྒྱུར་བྱའི་གཞུང་དོན་མཐའ་དག་ཐུགས་སུ་ཆུད་དགོས་པར་མ་ཟད། རིག་གནས་ཀུན་ལ་སྦྱང་བ་མཐིལ་ཕྱིན་མཛད་དགོས་པའི་བླང་བྱ་བཏོན་འདུག་པའང་ཞར་ལ་རྟོགས་པར་བྱའོ། །བསྟན་པ་སྔ་དར་དང་ཕྱི་དར་སྐབས་ཀྱི་རང་རེའི་ལོ་ཆེན་དག་ལ་འདི་ལྟ་བུའི་མཁྱེན་དཔྱོད་དང་ལྡན་པས། ལོ་པཎ་ཞེས་པཎྜི་ཏ་དང་གདན་ཐོབ་གཅིག་ཏུ་བཀོད་དེ་ཆེ་མཐོང་བླ་མེད་གནང་པ་དང་། སྤྲུལ་པའི་ལོ་ཙཱ་བ་ཞེས་བསྔགས་བརྗོད་ཚད་མེད་བྱེད་ཅིང་། གང་བསྒྱུར་བའི་བསྟན་བཅོས་རྣམས་ཐམས་ཅད་ཀྱིས་ཚད་མར་བྱེད་པའང་གནད་འདི་ལ་ཐུག་པར་སེམས། དེ་བས་ལོ་ཙཱ་ལ་འཇུག་པར་རིག་གནས་ཀུན་ལ་སྦྱང་བ་མཐིལ་ཕྱིན་མཛད་དགོས་པར་གསུངས་པ་ལ། དེ་ལྟར་མི་ནུས་ཀྱང་གང་བསྒྱུར་བྱའི་གཞུང་དོན་མཐའ་དག་ཐུགས་སུ་ཆུད་པ་ཞིག་ངེས་པར་དགོས་སོ། །
གཉིས་པ། བརྡ་དང་ཐ་སྙད་ཀྱི་བསྒྱུར་ཚུལ་གཙོ་ཆེར་བསྟན་པ།
དེ་ནས་བརྡ་དང་ཐ་སྙད་ཀྱི་བསྒྱུར་ཚུལ་སྐོར་ལ«སྙན་ངག་ལ་འཇུག་པའི་སྒོ»ལས། དེང་སང་བསྟན་བཅོས་ཆེན་པོ་ལྟ་ཅི། གཏམ་བཤད་ཙམ་རེ་བསྒྱུར་བ་ཡང་བོད་ཐུན་མོང་གིས་གོ་བའི་སྤྱི་སྐད་དང་། ཡིག་སྐད་བོར་ཏེ། ཡུལ་སྐད་མི་འདྲ་བ་སྣ་ཚོགས་དང་། རང་རང་གི་འདོད་རྒྱལ་ལྟར་དུ་ཐ་སྙད་གསར་བ་རེ་བསྒྲིགས་ནས་བསྒྱུར་བ་ཡང་། ས་ཕྱོགས་རེ་རེ་དང་། མི་རེ་རེའི་བསྒྱུར་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་བ་འདིས་བོད་ཀྱི་ཐུན་མོང་གི་སྤྱི་སྐད་དང་། ཐུན་མོང་གི་མིང་དང་ཐ་སྙད་ཀྱི་རིག་པ་ལ་སྐྱོན་ཆེན་པོ་བཟོ་བར་འགྱུར་བས་ཤིན་ཏུ་གཟབ་པ་གལ་ཆེ།[8]ཞེས་དེང་གི་ལོ་ཙཱའི་སྐྱོན་གཙོ་བོ་གཅིག་སྟེ། འགྱུར་ཡིག་ཏུ་ཡུལ་སྐད་མི་འདྲ་བ་སྣ་ཚོགས་སྤྱོད་པ་དང་། སྒྱུར་མཁན་གྱིས་རང་རང་གི་འདོད་མོས་ལྟར་ཐ་སྙད་སྣ་ཚོགས་གང་འདོད་དུ་བསྒྱུར་བ་དམིགས་ཀྱིས་བསལ་ཏེ་ནན་གྱིས་གསུངས་ཡོད་པར་མ་ཟད། དེས་བསྐྱེད་པའི་སྐྱོན་ཆའང་གསལ་པོར་བསྟན་ཏེ་ལོ་ཙཱ་ལ་འཇུག་མཁན་རྣམས་ཀྱིས་གཟབ་དགོས་ཚུལ་གདམས་ཡོད། འདི་ནི་དོན་ལ་ཁོང་གིས་དེང་གི་ལོ་ཙཱའི་གནས་བབ་ལ་མཐའ་དཔྱོད་གནང་པའང་རེད།
གོང་དུ་ཁོང་གིས་དགག་ཕྱོགས་ནས་དེ་སྐད་གསུངས་འདུག་པ་ལ། དོན་དེར་སྒྲུབ་ཕྱོགས་ནས་བསམ་བློ་བཏང་ན། རང་ཅག་རྣམས་ལོ་ཙཱ་ལ་འཇུག་དུས། གཅིག་ནས་བོད་ཐུན་མོང་གིས་གོ་བའི་སྤྱི་སྐད་དང་ཡིག་སྐད་ཉེ་བར་སྤྱོད་ཀྱི་འགྱུར་ཡིག་ཏུ་ཡུལ་སྐད་སྤྱོད་མི་རུང་བ་དང་། གཉིས་སུ་བརྡ་དང་ཐ་སྙད་བསྒྱུར་བ་ལ་རང་གི་འདོད་མོས་ལྟར་བསྒྱུར་མི་རིགས་པར། ངེས་པར་“བཙལ་བཟོ་གཡར་གསུམ་”གྱི་ཐབས་ལ་བསྟེན་པ་གལ་ཆེ་ཞིང་། ཁྱད་པར་དུ་སྔར་གཏན་ཆགས་སུ་གྱུར་པའི་མིང་རྣམས་ངེས་པར་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་བཙལ་ཏེ་ཅི་ནུས་ཀྱིས་སྤྱོད་དགོས་ཀྱི། དེ་དག་རིས་སུ་བོར་ནས་རང་གི་འདོད་མོས་བཞིན་བསྒྱུར་ན་བསྒྱུར་ཚུལ་སྣ་ཚོགས་པའི་དབང་གིས་“ཐུན་མོང་གི་མིང་དང་ཐ་སྙད་ཀྱི་རིག་པ་ལ་སྐྱོན་ཆེན་པོ་བཟོ་བར་འགྱུར་བས་”གཟབ་དགོས་ཏེ། ལོ་ཙཱའི་རིགས་ཐིགས་སྒྲ་སྦྱོར་བམ་གཉིས་ལས་ཀྱང་། སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་མི་སྣང་གིས། བསྒྱུར་བ་དང་། འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭ་གྲྭར་མིང་འཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་དུ་གདགས་པར་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་དང་། དྷརྨྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །[9]ཞེས་དང་། དག་ཡིག་མཁས་པའི་འབྱུང་གནས་ལས། གཞན་ཡང་བརྡའ་སྦྱོར་གྱི་གཞུང་འདི་དང་གཞན་དག་ཏུ་མ་འབྱུང་བའི་བརྡའ་གསར་དུ་སྦྱོར་དགོས་བྱུང་ན་རང་རང་གི་སར་འདོད་པས་རང་དགར་མི་འདོགས་པར་བསྒྱུར་བའི་གྲྭར་གཏུགས་ཏེ་གཞུང་དང་གཏན་ཚིགས་དང་མི་འགལ་བར་བསྒྱུར་བར་བྱའོ། །[10]ཞེས་གནའ་དེང་གི་མཁས་པ་རྣམས་ཚུལ་འདི་ལ་དགོངས་པ་གཅིག་ཏུ་གནས་སོ། །
དེ་སྐད་དུའང་མཁས་དབང་དགེ་ཆོས་ཀྱིས། དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་གོ་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། ཞེས་དང་། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། དེས་ན་མིང་ཚིག་གཅིག་མཐུན་དུ་ཡོང་བའི་ཐབས་དེ་གང་ཡིན་ཞེ་ན། རྩོམ་སྒྱུར་བ་རྣམས་ཀྱིས་ཐོག་མར་རང་གི་སྐྱེ་ཡུལ་དང་གོམས་གཤིས་ཀྱི་ཁོར་ཡུག་ཆུང་ངུ་ལག་མཐིལ་ཙམ་ཞིག་ལ་མ་དམིགས་པར་བོད་ཀྱི་ཡུལ་ཁམས་མཐའ་དག་དམིགས་འོག་ཏུ་ཆུད་པ་བྱེད་དགོས། ཞེས་དང་། རང་རང་གི་ས་ཆའི་ཕལ་སྐད་ཇི་མ་ཇི་བཞིན་བྱས་ཏེ་བསྒྱུར་ན་བོད་ཀྱི་ཡུལ་ཁམས་མཐའ་དག་ལྟ་ཅི། ཤན་ཁག་གཅིག་གི་ལུང་བ་ཕ་རི་ཚུ་རིའི་བར་ནས་ཀྱང་གོ་མི་ཐུབ། དེའི་ཕྱིར་ཅི་ནས་ཀྱང་ཡིག་སྐད་ཚད་ལྡན་གོ་བ་ཅན་གྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ།[11]ཞེས་གསུངས་པར་མཁས་པ་རྣམས་དགོངས་པ་གཅིག་ཏུ་འདུག་པས། ལོ་ཙཱ་ལ་འཇུག་པར་ཐུན་མོང་སྤྱི་ལ་ཁྱབ་པའི་ཡིག་སྐད་སྤྱོད་རྒྱུ་ནི་གནད་དམ་པའོ། །
གཞན་ཡང་བརྡ་དང་ཐ་སྙད་ཁ་ཅིག་འགྱུར་གྱི་རྐྱེན་གྱིས་བོད་སྐད་དུ་མི་སྙན་པ་དང་། ཚིག་མི་མཛེས་པ། འབྲེལ་མི་ཆགས་པ། གྲོང་ཚིག་ཏུ་འགྲོ་བ་སོགས་བྱུང་ན། དོན་ལ་དེ་ལྟར་ཡིན་ཀྱང་བོད་སྐད་དུ་དེ་ལྟར་བསྒྱུར་མི་རིགས་པའི་སྐོར་ལ«སྙན་ངག་ལ་འཇུག་པའི་སྒོ»ལས། སྔར་བཤད་པའི་རྒྱ་གཞུང་དེ་དག་ལས། དཔེར་ན། ལྷའི་མིང་ལ་ལེགས་སྦྱར་སྐད་ཀྱི་མིང་དུ་མ་ཡོད་པའང་སྒྲའི་ཁམས་ལ་རྐྱེན་གྱི་རྣམ་འགྱུར་གྱིས་ལྷའི་མིང་བསྒྲུབས་པས། མིང་དེ་རྒྱ་གར་བ་རྣམས་ལ་ཤིན་ཏུ་སྙན་ཞིང་འཇེབས་པ་དང་། མིང་དེ་རྣམས་ཀྱི་དོན་གཅིག་ཏུ་སོང་བས་མིང་དེའི་གང་རུང་ཞིག་སྦྱར་ན་སྡེབ་སྦྱོར་འགྲིག་པའི་དགོས་པ་ཆེ་ཡང་། མིང་དེ་རྣམས་བོད་ཡིག་ཏུ་བསྒྱུར་ཏེ་ལྷའི་མིང་གི་མངོན་བརྗོད་དུ་བཞག་ན། མིང་ལ་ལ་འགྱུར་རྐྱེན་གྱིས་བོད་སྐད་དུ་སྙན་པོ་མི་འབྱུང་སྟེ། དཔེར་ན། དངུལ་གྱི་མངོན་བརྗོད་དུ། མདོག་ངན་ཞེས་བསྒྱུར་ཡོད་པ་དེ། རིན་ཆེན་གཉིས་པ་མདོག་ངན་སྐྱེས་དང་བཅས། །ཞེས་བརྗོད་ན་ཚིག་མི་མཛེས་པ་དང་། དེ་བཞིན་དུ་ཕྱག་རྡོར་གྱི་མཚན་གྱི་རྣམ་གྲངས་སུ། རྒྱལ་བའི་སྙན་ཞེས་བསྒྱུར་ཡོད་པ་དོན་ལ་འཇུག་ཀྱང་། བོད་སྐད་དུ། བདུད་དཔུང་མ་ལུས་འཇོམས་མཛད་རྒྱལ་བའི་སྙན། །ཞེས་བརྗོད་ན་ཚིག་སྦྱོར་མི་སྙན་ཞིང་འབྲེལ་མི་ཆགས་པ་དང་། ཡང་། བློ་གྲོས་སམ་ཤེས་རབ་ཀྱི་མིང་གི་རྣམ་གྲངས་སུ་ཉལ་སློང་ཞེས་བསྒྱུར་ཡོད་ལ། ཉལ་སློང་འཇམ་དཔལ་དབྱངས་དང་གཉིས་སུ་མེད། །ཅེས་བརྗོད་ན་ཚིག་དོན་གཉིས་ཀ་མི་ལེགས་ཤིང་གྲོང་ཚིག་ཏུ་འགྲོ་བ་ལྟ་བུ་སོགས་མང་བས། དེ་དག་ཀྱང་བོད་སྐད་ཀྱི་མངོན་བརྗོད་དུ་མི་འགྲོ་བར་མ་ཟད་སྙན་ངག་གི་ཚིག་སྦྱོར་མི་མཛེས་པར་འགྱུར་རོ། །[12]ཞེས་གསུངས་པ་ལྟར། བརྡ་དང་ཐ་སྙད་གང་ཞིག་བསྒྱུར་ཡང་ངེས་པར་བོད་རང་གི་སྐད་ལུགས་ཡིག་སྲོལ་དང་མཐུན་ཞིང་། “མཐུན་བདེ་སྙན”གསུམ་གྱི་ཁྱད་ཆོས་ཡར་ལྡན་དུ་ཚང་བ་ཞིག་དགོས།
དེ་མིན«སྙན་ངག་ལ་འཇུག་པའི་སྒོ»ལས། འགྱུར་ཞེས་པའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་པའི་ཐ་སྙད་བསྟན་པའི་ཤུགས་ལས། བཀའ་འགྱུར་དང་། བསྟན་འགྱུར་ཞེས་གྲགས་པ་རྒྱ་གར་པའི་གཞུང་ཡིག་རིགས་གཞན་དུ་བསྒྱུར་ཟིན་པ་ལ་གོ་དགོས་པས། བོད་ཀྱི་བཀའ་འགྱུར་དང་། རྒྱའི་བཀའ་འགྱུར་ཞེས་པའི་མིང་ཐོབ་ཅིང་དོན་ལའང་གནས་པ་ཡིན། བོད་ཀྱི་ལོ་ཙཱ་འམ་མཁས་པ་དག་གིས་བཀའ་བསྟན་གྱི་འགྲེལ་བ་གསར་དུ་མཛད་པ་ལ། བོད་གཞུང་ཟེར་བ་ལས་རྒྱ་གཞུང་མི་ཟེར། རྒྱ་ནག་ལའང་དེ་དང་འདྲ།[13]ཞེས་འགྱུར་གྱི་བརྡ་སྦྱོར་ཚུལ་གྱི་ཐད་ལ་མཐའ་དཔྱོད་ཀྱང་གནང་འདུག །
གསུམ་པ། བསྒྱུར་གྱི་ཐབས་གཙོ་བོ་གཉིས་བསྟན་པ།
སྒྲ་སྦྱོར་བམ་གཉིས་སུ་སྒྱུར་ཐབས་ཅི་འདྲ་བསྟན་པའི་སྐོར་ལ་མཁས་པ་རྣམས་བཞེད་པ་མི་འདྲ་སྟེ། དུང་དཀར་བློ་བཟང་འཕྲིན་ལས་དང་དོན་གྲུབ་རྒྱལ་གཉིས་ཀྱིས་སྒྲ་བསྒྱུར་དང་། དོན་བསྒྱུར། ཐད་བསྒྱུར། ཐད་ལོག་བསྒྱུར་ཞེས་བསྒྱུར་བའི་ཐབས་དམ་པ་བཞི་བསྟན་ལ། འཕྲིན་ལས་ཆོས་གྲགས་ལགས་ཀྱིས་སྒྲ་སྦྱོར་བམ་གཉིས་སུ་ཐད་སྒྱུར་གྱི་ཐབས་དང་། དོན་སྒྱུར་གྱི་ཐབས། སྒྲ་སྒྱུར་གྱི་ཐབས་བཅས་བསྒྱུར་གྱི་ཐབས་ཤེས་ཆེ་བ་གསུམ[14]དང་། བསྣོར་ཏེ་བསྒྱུར་བ་དང་། ཕྲལ་ཏེ་བསྒྱུར་བ། བསྣན་ཏེ་བསྒྱུར་བ། སྟབས་བསྟུན་གང་འཚམ་པར་བསྒྱུར་བ། ཡུལ་སྲོལ་དང་མཐུན་པར་བསྒྱུར་བ་བཅས་ཐབས་རྩལ་བྱེ་བྲག་པ་ལྔ[15]བསྟན་པར་གསུངས།
བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་གོང་གསལ་དེ་དག་དང་མི་མཐུན་པར། ཡིག་སྒྱུར་གྱི་ཐབས་ལ་ཚིག་བསྒྱུར་དང་དོན་བསྒྱུར་ཞེས་རིགས་ཆེན་པོ་གཉིས་སུ་ཕྱེ་འདུག་སྟེ། «ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོར་ཞི་ཚང་གི་དྲིས་ལན»ཞེས་པ་ལས། སྤྱིར་ཡིག་བསྒྱུར་བ་ལ། ཚིག་བསྒྱུར་དང་། དོན་བསྒྱུར་གཉིས་ལས་ལ་ལ་དོན་བསྒྱུར་བྱེད་པ་གཙོ་ཆེར་བྱེད་པ་དང་། གཟུངས་སྔགས་ཀྱི་རིགས་ལ་ཚིག་བསྒྱུར་གཙོ་བོར་བྱེད་ན་བཟང་ཡང་།[16]ཞེས་དང་། «སྙན་ངག་ལ་འཇུག་པའི་སྒོ»ལས། སྔོན་བོད་སྐད་དུ་མ་གྲགས་པའི་ཐ་སྙད་དང་བརྡ་ཆད་ཀྱི་རྣམ་གྲངས་མང་པོ་གསར་གཏོད་མཛད་དེ། དོན་འགྱུར་དང་། ཚིག་བསྒྱུར་གང་རུང་གི་སྒོ་ནས་ལེགས་པར་བཀྲལ་བ་འདི་དག་ནི།[17]ཞེས་སྐབས་མི་འདྲ་བ་གཉིས་སུ་དེ་ལྟར་བཀོད་འདུག །
འོ་ན་ཁོང་གིས་འདིར་བསྟན་པའི་ཚིག་བསྒྱུར་དང་དོན་བསྒྱུར་ཞེས་པའི་དོན་ཅི་ཡིན་ཞེ་ན། གོང་གི་ལུང་དེའི་མཇུག་དེ་མ་ཐག་ཏུ། གཟུངས་སྔགས་ལ་ལ་ཚིག་བསྒྱུར་ལྟ་བུའི་ཡི་གེ་རེ་རེ་ནས་ཐད་བསྒྱུར་དུ་མི་འགྲོ་བས། དོན་འགྱུར་རམ། མཚོན་བྱེད་ལྟ་བུར་སོང་བ་མང་བའི་རྐྱེན། སྒྲོལ་མའི་ལས་ཚོགས་སྐོར་ལས་བྱུང་བའི་སྙིང་བོ་དང་གཟུངས་སྔགས་ཀྱི་རིགས་འདི་དག་ཀྱང་དེའི་མཚོན་པར་བྱའོ། །[18]ཞེས་དང་། ཨ་ཐ་ནི་བཀྲ་ཤིས། སིདྡྷཱི་དངོས་གྲུབ། ཀུ་རུ་མཛོད་ཅིག འཕགས་མ་སྒྲོལ་མས་བཀྲ་ཤིས་དངོས་གྲུབ་ཐམས་ཅད་སྩོལ་ཅིག འདི་དག་གི་ཡི་གེ་ནི་ཚིག་བསྒྱུར་དུ་མི་འོང་བས་དོན་གྱིས་ཐོབ་པ་ཡིན།[19]ཞེས་དང་། «སྨོན་ཚིག་བློ་གསལ་གཞོན་ནུའི་མགྲིན་རྒྱན»ལས། དོན་རྟོགས་སླ་བ་གཙོ་བོ་བྱས་ཏེ། བོད་སྐད་དུ་དོན་འགྱུར་གཙོ་བོར་བྱེད་པ[20]ཞེས་ཚིག་བསྒྱུར་ནི་ཡི་གེ་རེ་རེ་ནས་ཐད་བསྒྱུར་དུ་འགྲོ་བ་དང་། དོན་བསྒྱུར་རམ་དོན་འགྱུར་ནི་མཚོན་བྱེད་ལྟ་བུར་སོང་བའམ་དོན་གྱིས་ཐོབ་པའམ་དོན་རྟོགས་སླ་བ་གཙོ་བོར་བྱེད་པར་བསྟན་ཡོད།
འདིར་བཀོད་པའི་ཚིག་བསྒྱུར་དང་དོན་བསྒྱུར་ནི་ཐད་སྒྱུར་དང་དོན་སྒྱུར་དང་ཆ་འདྲ་བར་སྣང་ལ། དེང་སྒྲ་སྒྱུར་གྱི་གཞུང་ལུགས་རྣམས་སུ་བཤད་པའི་རང་འགྱུར་དང་གཞན་འགྱུར་ཞེས་པར་ཡང་མཐུན་ཚབས་ཆེ་བར་མངོན། དེ་ལ་འགྱུར་གཞུང་དག་ཏུ་རང་འགྱུར་ཞེས་པ་“རྩོམ་པ་པོ་ཡུལ་ལ་འཁྲིད་པ་”ལྟ་བུ་དང་། གཞན་འགྱུར་ནི“ཀློག་པ་པོ་ཡུལ་གཞན་དུ་འཁྲིད་པ”ལྟ་བུར་གོ་རིགས་པར་བཤད་པ་བཞིན། འདིར་བསྟན་པའི་བསྒྱུར་གྱི་ཐབས་གཙོ་བོ་གཉིས་ཀྱང་དེ་དང་དོན་ཉེ་བར་སྣང་། འོ་ན་རང་རེའི་སྔོན་གྱི་ལོ་ཆེན་དག་གིས་བསྒྱུར་གྱི་ཐབས་གཙོ་བོ་འདི་གཉིས་ལས་གང་ཞིག་གཙོར་བྱས་ཏེ་ལོ་ཙཱ་མཛད་པ་རེད་ཅེ་ན། «སྨོན་ཚིག་བློ་གསལ་གཞོན་ནུའི་མགྲིན་རྒྱན»ལས། དོན་རྟོགས་སླ་བ་གཙོ་བོ་བྱས་ཏེ། བོད་སྐད་དུ་དོན་འགྱུར་གཙོ་བོར་བྱེད་པ་གཏན་ལ་ཕབས་པ་སོགས་སྐུ་དྲིན་ཤིན་ཏུ་ཆེ།[21]ཞེས་དོན་འགྱུར་གཙོ་བོ་བྱས་པར་གསུངས་ལ། མཁས་དབང་དགེ་ཆོས་ཀྱི་ལེགས་སྦྱར་བང་མཛོད་ལས་ཀྱང་། དེས་ན་སྙིང་མའི་མཁས་པ་འགའ་ཞིག་གི་གསུངས་ལས། སྔོན་དུས་ཀྱི་སྤྲུལ་པའི་ལོ་ཆེན་དེ་ཀུན་རྩ་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས། ཚིག་འཇམ་ལ་དོན་གསལ། ཕྱིས་ཀྱི་ལོ་ཙཱ་པ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་བ་སྐད་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་། ཞེས་བཤད་པ་ཡང་། རྣམ་པ་གཅིག་ཏུ་ན་ཐུགས་མད་པ་ཡིན་སྙམ། ཞེས་གསུངས་པ་ལྟར་དོན་སྒྱུར་ལ་གཞོལ་ཞིང་འབབ་དགོས་པ་འདིའང་ལོ་ཙཱའི་མན་ངག་གཅིག་ཏུ་སྣང་ངོ་། །
བཞི་པ། སྔོན་གྱི་ལོ་ཙཱ་བའི་ཆེ་བ་བརྗོད་པ།
རང་རེའི་ཡུལ་འདིར་གངས་ཅན་སྒྲ་བསྒྱུར་ཡོངས་ཀྱི་ཕྱི་མོ་སློབ་དཔོན་ཐོན་མི་ནས་སཾ་བོད་ལོ་ཙཱའི་དབུ་ཚུགས་ཤིང་། སྔ་ཕྱིར་ལོ་ཆེན་རིམ་པར་བྱོན་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་གཙུག་ལག་བསྟན་བཅོས་ཇི་སྙེད་ཅིག་བསྒྱུར་བའི་ཐུགས་རྗེ་བཀའ་དྲིན་ནི་གཞལ་དུ་མེད་པ་ཡིན་ཏེ། «སྙན་ངག་ལ་འཇུག་པའི་སྒོ»ལས། སྔོན་བོད་སྐད་དུ་མ་གྲགས་པའི་ཐ་སྙད་དང་བརྡ་ཆད་ཀྱི་རྣམ་གྲངས་མང་པོ་གསར་གཏོད་མཛད་དེ། དོན་འགྱུར་དང་། ཚིག་བསྒྱུར་གང་རུང་གི་སྒོ་ནས་ལེགས་པར་བཀྲལ་བ་འདི་དག་ནི། ཡུལ་སྐད་ཀྱིས་མ་བསླད་པར་མིང་དང་ཐ་སྙད་ཐམས་ཅད་གཅིག་མཐུན་གྱི་སྒོ་ནས་བོད་ཡུལ་ཆོལ་ཁ་གསུམ་ན་གནས་པའི་ཡུལ་སྐད་མི་འདྲ་བའི་བོད་མི་ཐམས་ཅད་ཀྱིས་ཐུན་མོང་དུ་གོ་བའི་བསྟན་བཅོས་འདི་འདྲ་མང་པོ་ཞིག་བོད་ཕྱི་རབས་པ་རྣམས་ཀྱི་དོན་དུ་དཀའ་བ་བརྒྱ་ཕྲག་སྤྱད་དེ་ལེགས་པར་བསྒྱུར་གནང་མཛད་པ་འདིས། རང་ཅག་བོད་ཕྱི་རབས་པ་ཐམས་ཅད་ཀྱིས་ཤེས་བྱ་རིག་པའི་གནས་མཐོང་བའི་བློ་གྲོས་ཀྱི་མིག་ཐོག་མར་ཕྱེ་སྟེ། ལོང་བ་མིག་ལྡན་དུ་མཛད་པ་འདི་བས་ལྷག་པའི་རང་ཅག་བོད་ཕྱི་རབས་པ་རྣམས་ལ་བཀའ་དྲིན་ཆེ་རྒྱུ་མེད། དེ་ཕྱིར་སྒྲ་ཤེས་ན་དོན་ལ་མི་རྨོངས་ཟེར་བའི་རྩ་བ་ཡང་འདི་ལ་ཐུག་ཡོད་པས་དེང་སང་གི་ལོ་ཙཱ་བར་གྲགས་པའི་མཁས་རློམ་ཅན་དེ་དག་དང་ག་ལ་མཚུངས།[22]ཞེས་སྔོན་བྱོན་ལོ་ཆེན་རྣམས་ཀྱི་ཆེ་བ་ཡང་དང་ཡང་དུ་རྩལ་འདོན་གནང་ཡོད་པར་མ་ཟད། རང་ཅག་བོད་ཕྱི་རབས་པ་ཐམས་ཅད་ཀྱིས་ཤེས་བྱ་རིག་པའི་གནས་མཐོང་བའི་བློ་གྲོས་ཀྱི་མིག་ཐོག་མར་ཕྱེ་སྟེ་ལོང་བ་མིག་ལྡན་དུ་མཛད་པ་ཞེས་ལོ་ཙཱ་བ་ལ་འཇིག་རྟེན་མིག་ཅེས་བཏགས་པའི་བརྡ་དོན་ཡང་གསལ་འགྲེལ་གནང་འདུག །
གོང་གི་དེ་ཙམ་དུ་མ་ཟད་ཁོང་གི་རྩོམ་གཞན་དུའང་ལོ་ཆེན་དག་གི་ཆེ་བ་བརྗོད་ཅིང་དྲིན་དྲན་ཚུལ་བཀོད་ཡོད་དེ། «སྨོན་ཚིག་བློ་གསལ་གཞོན་ནུའི་མགྲིན་རྒྱན»ལས། བསྟན་པ་སྔ་དར་གྱི་དུས་སུ། ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་ཡེ་ཤེས་རྡོ་རྗེ་གྲགས་པ་དང་། གཞན་ཡང་ལོ་ཙཱ་བ་བེེ་རོ་ཙ་ན། རྨ་རིན་ཆེན་མཆོག་སོགས་ལོ་ཙཱ་བ་དུ་མ་བྱོན་ནས། རྒྱལ་བའི་སྡེ་སྣོད་གསུམ་གྱིས་བསྡུས་པའི་བཀའ་དང་བསྟན་བཅོས་བགྲང་ལས་འདས་པ་ཞིག་རྒྱལ་བོས་བཀས་བཅད་ལྟར། བོད་སྐད་དུ་བསྒྱུར་བར་མ་ཟད། སྔོན་ཆད་བསྒྱུར་ཟིན་པ་དག་ལས་བརྡ་རྙིང་དང་སྡེབ་པའི་འགྱུར་མི་བདེ་བ་དག་དང་། དོན་རྟོགས་དཀའ་བ་རྣམས་ལ། བོད་ཡིག་སྐད་གསར་བཅད་ཀྱིས་དག་བཅོས་མཛད་ནས། དོན་རྟོགས་སླ་བ་གཙོ་བོ་བྱས་ཏེ། བོད་སྐད་དུ་དོན་འགྱུར་གཙོ་བོར་བྱེད་པ་གཏན་ལ་ཕབས་པ་སོགས་སྐུ་དྲིན་ཤིན་ཏུ་ཆེ།[23]ཞེས་གསུངས་པ་ལྟར། དོན་ལའང་ད་ལྟའི་དུས་འདིར་རང་རེ་ལ་ཆོས་དང་རིག་གཞུང་འདི་ལྟ་བུའི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་བཞུགས་པ་ནི་སྔོན་པཎྜི་ཏས་བཤད། ལོ་ཆེན་གྱིས་བསྒྱུར། མཁས་གྲུབ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་མཛད་དེ་འཆད་ཉན་གྱི་རྒྱུན་རིམ་པར་སྤེལ་བ་ལས་བྱུང་བ་ཡིན་པས། ངེས་པར་དེ་དག་གི་དྲིན་དྲན་དགོས་ལ། དེ་དག་ལ་བཀའ་དྲིན་གཟོ་བའི་སླད་དུའང་ཐོས་སོགས་ཀྱིས་འཇུག་པར་རིགས་ཞེས་མཁས་པ་རྣམས་ཀྱིས་ཡང་ཡང་གདམས་ཡོད་པ་དེ་ལྟར་ལགས་སོ། །
ཚུལ་དེ་དང་མཐུན་པར«ཆོས་འབྱུང་མཁས་པའི་དགའ་སྟོན»ལས་ཀྱང་། རྒྱ་བོད་ཡུལ་གྲུའི་སྐད་གཉིས་ལ་བྱང་ཞིང་། །ལེགས་སྦྱར་བརྡ་སྤྲོད་གནས་ཀུན་ཁོང་ཆུད་པ། །འཇིག་རྟེན་མིག་གྱུར་ལོ་ཙཱ་རྣམས་ཀྱིས་ནི། །འཛམ་གླིང་ཡུལ་གྲུ་དུ་མ་མྱུལ་མཛད་ནས། །མདོ་རྒྱུད་བསྟན་བཅོས་ངོ་མཚར་རྙེད་དཀའ་རྣམས། །སང་སྐྲྀ་ཏ་དང་ཡུལ་གྲུ་སྣ་ཚོགས་པའི། །སྐད་དང་ཡི་གེ་བརྡ་དང་ཐ་སྙད་ཚོགས། །རྣམ་མང་རྒྱ་མཚོ་ལྟ་བུར་གནས་པ་ལས། །རང་ཅག་བོད་ཡུལ་སྐྱེ་བོའི་ཡི་གེ་དང་། །བོད་ཀྱི་སྐད་དུ་བསྒྱུར་ཏེ་གོ་སླར་མཛད། །སླར་ཡང་རྒྱ་དཔེའི་བྱེ་བྲག་དུ་མ་དང་། །པཎྜི་ཏ་ལ་གཏུགས་ཏེ་དག་པར་བཅོས། །བཤད་རྒྱུན་སྒྲུབ་རྒྱུན་མན་ངག་རྒྱུན་ལྡན་པའི། །བཤད་ཉན་ཚུལ་བཞིན་སྤྱོད་པས་གཏན་ལ་ཕབ། །དེ་ཕྱིར་ལོ་པཎ་དམ་པ་དེ་རྣམས་ཀྱི། །བཀའ་དྲིན་ཁྲག་ཁྲིག་བྱེ་བ་ཆ་ཙམ་ཡང་། །རང་ཅག་བོད་ཡུལ་སྐྱེ་བོ་ཐམས་ཅད་ཀྱི། །ལུས་སྲོག་ལོངས་སྤྱོད་བཅས་པ་ལན་སྟོང་དུ། །ཚང་བར་ཕུལ་ཡང་ཆ་ཙམ་ག་ལ་ཁེར། །བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་ནས། །ཡང་དག་ཆོས་ཀྱི་སྣང་བ་རྒྱས་མཛད་པ། །བོད་ཡུལ་བྱོན་པའི་ལོ་པཎ་ཐམས་ཅད་ལ། །བཀའ་དྲིན་དྲན་པས་རྟག་ཏུ་ཕྱག་བགྱིའོ། །[24]ཞེས་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། རྒྱ་གར་གྱི་པཎ་གྲུབ་ཉི་ཟླ་དང་འདྲ་བ་དེ་ཚོས་མདོ་སྔགས་རིག་གནས་དང་བཅས་པ་འདི་ཙམ་མཛད་ན་ཡང་རང་རེ་བོད་པ་ཚོ་ལ་ནི་ཆོས་རྒྱལ་ཚོ་དང་། ལོ་ཙཱ་བ་འཇིག་རྟེན་མིག་འབྱེད་དེ་ཚོ་བྱུང་མེད་ན་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་འདི་ཚོ་རང་རེས་གདན་གྲུ་བཞི་ཞིག་གི་སྒང་ལ་བསྡད་ནས་ལྷོད་ཤིག་གེར་མཇལ་རྒྱུའི་སྐལ་བ་ག་ནས་རྙེད། ཅེས་དང་། མདོར་ན། ད་ལྟ་བོད་ན་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་དུས་སུ་ལོ་ཙཱ་བ་རྣམས་ཀྱིས་ཐུགས་གཞིགས་ཟབ་ཅིང་ཞིབ་པ་མཛད་ནས་དོན་བསྒྱུར་བྱས་ན་གོ་སླ་བའི་རིགས་དོན་བསྒྱུར་དང་། ཐད་བསྒྱུར་བྱས་ན་གོ་སླ་བའི་རིགས་ཐད་བསྒྱུར་དུ་བྱས་པ་དེའི་སྟེང་ནས་བོད་གངས་ཅན་གྱི་ལྗོངས་སུ་བཀའ་བསྟན་གྱི་སྙིང་པོ་མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད་དེ་སྡེ་སྣོད་གསུམ་དང་། སྒྲ་དང་ཚད་མ་རིག་པ། སྙན་ངག་དང་གསོ་བ་རིག་པ། སྐར་རྩིས་དང་བཟོ་རིག་པ་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་འཆད་ཉན་གྱི་སྲོལ་ལེགས་པར་བཏོད་ནས། ད་ལྟའི་བར་དུ་དེའི་རྒྱུན་མ་ཉམས་པར་སྦྱངས་བརྩོན་བྱས་པའི་དབང་གིས་རྨོངས་བློའི་མུན་པ་བསལ་ནས་བླང་དོར་ཚུལ་བཞིན་དུ་འབྱེད་ཤེས་པའི་ཤེས་རབ་ཀྱི་ཉི་འོད་ས་སྟེང་ལ་འཕྲོས་པ་འདི་ནི། སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས། བདག་ཅག་རྗེས་སུ་འཇུག་པ་རྣམས་ཀྱིས་བཀའ་དྲིན་དེ་ནམ་ཡང་བརྗེད་པ་མེད་པའི་ངང་ནས་དེའི་རྗེས་སུ་བསླབ་པ་བརྩོན་པ་རྒྱ་ཆེར་བྱེད་པར་རིགས་སོ། །[25]ཞེས་སྔོན་དང་དེང་གི་མཁས་པ་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་སྔོན་བྱོན་ལོ་ཙཱ་བ་དག་གི་མཛད་འཕྲིན་ལ་བསྔགས་བརྗོད་རྒྱ་ཆེར་མཛད་དོ། །
སྔོན་བྱོན་ལོ་ཆེན་དག་གི་ཆེ་བ་བརྗོད་པ་ལས་གཞན། ཁོང་སྐུ་བཞུགས་པའི་དུས་སུ«བོད་རྒྱ་ཚིག་མཛོད་ཆེན་མོ»རྩོམ་སྒྲིག་གནང་པར་ཡང་བསྔགས་པ་བརྗོད་ཡོད་ལ། ཚིག་མཛོད་གང་དེ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ལ་དགོངས་འཆར་ཡང་གནང་ཡོད་དེ། «བོད་རྒྱ་ཚིག་མཛོད་ཆེན་མོའི་བསམ་འཆར་ཞུ་ཡིག»ལས། ལེགས་ལེགས་སྨྲ་བའི་བོད་རྒྱ་ཚིག་མཛོད་ཆེ། །དུངས་དུངས་བློ་ཡིས་ལེགས་པར་རབ་དཔྱད་པས། །དགའ་དགའ་ཡིད་ཀྱི་བརྟན་པ་རབ་འཕྲོག་ནས། །སྙན་སྙན་ཚིག་གི་ལམ་ནས་ཆེས་ཆེར་བསྔགས། །[26]ཞེས་བསྔགས་བརྗོད་རྒྱ་ཆེར་གནང་ཡོད་པར་མ་ཟད། དེ་ལྟར་རྣམ་དཔྱོད་ཀྱི་སྤྱན་དཀྱུས་རིང་བ་དག་གིས་ངལ་བ་བརྒྱ་ཕྲག་ཁྱད་བསད་ཀྱི་སྒོས། བོད་རྒྱ་ཚིག་མཛོད་ཆེན་མོ་འདི་ལྟ་བུ་བསྒྲིགས་པ་ནི་བཀའ་དྲིན་དཔལ་དུ་ཆེ་ཞིང་། ཕྱིས་འབྱུང་བློ་གསལ་གཞོན་ནུ་དག་ལ་བློ་གྲོས་ཀྱི་སྒོ་བརྒྱ་འབྱེད་པའི་ལེགས་བཤད་སྨད(རྨད)དུ་བྱུང་བ་ཞིག་ཡིན་གཤིས། འདི་གའི་དགེ་སློབ་ཚང་མ་དགའ་སྤྲོ་རབ་ཏུ་འཕེལ། འོན་ཀྱང་བསམ་འཆར་ཅི་ཡང་མེད་ཀྱང་མིང་ཚིག་གི་འགྲེལ་བྱེད་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུའི་བཀའ་དྲིན་མི་ཆུང་བ་མཁྱེན་མཁྱེན་ཞེས་ཀན་ལྷོ་མི་རིགས་སློབ་གྲྭའི་བོད་ཡིག་བསླབ་དཔྱད་ཚན་ཆུང་གི་འདོད་མོས་བཞིན་བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བྲིས[27]ཞེས་དགོངས་འཆར་གྱི་ཡི་གེ་དང་བཅས་བཀོད་འདུག་པས། ཁོང་གིས་ལོ་ཙཱའི་ཕྱག་ལས་ལ་ཐུགས་ཁུར་རྒྱབ་སྐྱོར་དང་ཕྱར་བ་གྲུ་འདེགས་གནང་པའི་མཛད་པ་རྣམ་ཐར་ཡང་ཞར་ལ་རྟོགས་ཡོང་ངོ་། །
མཇུག་བསྡུ་བ།
ཉེ་དུས་ཀྱི་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་དང་། ཚེ་ཏན་ཞབས་དྲུང་། དོན་གྲུབ་རྒྱལ། བསེ་ཚང་བློ་བཟང་དཔལ་ལྡན། འཕྲིན་ལས་ཆོས་གྲགས། དོར་ཞི་གདོང་དྲུག་སྙེམས་བློ། དཔའ་རིས་སངས་རྒྱས་ལ་སོགས་པས་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་དང་། རྒྱ་བོད་བརྡ་སྤྲོད་གཤིབ་བསྡུར། ལོ་ཙཱའི་ཉམས་མྱོང་ཕྱོགས་སྡོམ། སྒྲ་སྒྱུར་ཡིག་ཚང་གསལ་བཀྲོལ། ལོ་ཙཱའི་ལྟ་དགོངས་རྩལ་འདོན་བཅས་ཀྱི་བཀའ་དྲིན་ལས། བོད་ལ་རང་གི་སྲོལ་རྒྱུན་གྱི་ལོ་ཙཱའི་གཞུང་ལུགས་རྩ་བར་བྱས་པའི་དེང་རབས་ལོ་ཙཱའི་གཞུང་ལུགས་རྩ་ལག་ཚང་བ་ཞིག་འགྲུབ་པར་གཞི་བཏིང་།
ཁོང་རྣམ་པའི་ལོ་ཙཱ་དང་འབྲེལ་བའི་གཞུང་ལུགས་དང་ལྟ་དགོངས་ནི་ད་ལྟའི་དུས་སུ་རང་ཅག་གཞོན་རབས་པ་རྣམས་ལོ་ཙཱ་ལ་འཇུག་པའི་ལམ་སྟོན་གྱི་སྒྲོན་མེར་ངེས་པས། གཞུང་ལུགས་དང་ལྟ་དགོངས་དེ་དག་ལ་ཞིབ་འཇུག་བྱ་རྒྱུ་ནི་བོད་ལ་དེང་རབས་ལོ་ཙཱའི་གཞུང་ལུགས་གྲུབ་པ་དང་རྒྱ་བོད་ལོ་ཙཱའི་ལག་ལེན་དུ་འཇུག་པ་སོགས་ལ་ཉེ་བར་ཕན། འདིར་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་གསུང་རྩོམ་ལས་ལོ་ཙཱ་དང་ཉེ་བར་འབྲེལ་བ་གང་མཐོང་བ་རྣམས་ཁོལ་དུ་ཕྱུང་ནས། དེ་ལས་ལོ་ཙཱ་དང་བརྡ་སྤྲོད་ཀྱི་འབྲེལ་བ་དང་། བརྡ་དང་ཐ་སྙད་ཀྱི་སྒྱུར་ཚུལ། བསྒྱུར་གྱི་ཐབས་གཙོ་བོ་གཉིས། སྔོན་བྱོན་ལོ་ཙཱ་བའི་ཆེ་བ་བརྗོད་པ་བཅས་ཕྱོགས་བཞི་ནས་ཁོང་གི་ལོ་ཙཱའི་ལྟ་དགོངས་ཆེ་ལོང་ཙམ་བརྗོད་ཡོད།
ལུངས་འདྲེན་དཔྱད་ཡིག
[1] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། སྙན་ངག་ལ་འཇུག་པའི་སྒོ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༡༧
[2] ཤ་བོ་རབ་བརྟན་གྱིས་གཙོ་སྒྲིག་བྱས། ལོ་ཙཱ་རིག་པ་སྤྱི་བཤད། [M] ལན་ཇུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ལོར། ཤ༨
[3] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༧༡
[4] ལྕང་སྐྱ་རོལ་པའི་རྡོ་རྗེས་བརྩམས། དག་ཡིག་མཁས་པའི་འབྱུང་གནས། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོར། ཤ༡༣
[5] འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤ༤༥༧
[6] འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤ༣༧༦
[7] གོང་དང་མཚུངས། ཤ༣༧༧
[8] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། སྙན་ངག་ལ་འཇུག་པའི་སྒོ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༡༨-༡༩
[9] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༧༣
[10] ལྕང་སྐྱ་རོལ་པའི་རྡོ་རྗེས་བརྩམས། དག་ཡིག་མཁས་པའི་འབྱུང་གནས། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོར། ཤ༡༧
[11] ཚེ་ཏན་ཞབས་དྲུང་གིས་མཛད། ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོར། ཤ༡༥༧
[12] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། སྙན་ངག་ལ་འཇུག་པའི་སྒོ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༡༢-༡༣
[13] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། སྙན་ངག་ལ་འཇུག་པའི་སྒོ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༢༠
[14] འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤ༢༢༨
[15] འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤ༢༢༨
[16] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་པོད་དྲུག་པ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོར། ཤ༥༣༦
[17] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། སྙན་ངག་ལ་འཇུག་པའི་སྒོ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༡༨
[18] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། སྙན་ངག་ལ་འཇུག་པའི་སྒོ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༥༣༦
[19] གོང་དང་མཚུངས། ཤ༥༣༨
[20] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་པོད་དྲུག་པ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོར། ཤ༤༨༦
[21] གོང་དང་མཚུངས། ཤ༤༨༦
[22] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། སྙན་ངག་ལ་འཇུག་པའི་སྒོ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར། ཤ༡༨
[23] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་པོད་དྲུག་པ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོར། ཤ༤༨༦
[24] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོར། ཤ༥༠༩–༥༡༠
[25] ཚེ་ཏན་ཞབས་དྲུང་གིས་མཛད། ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོར། ཤ༡༥༥
[26] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་པོད་དྲུག་པ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོར། ཤ༤༤༨
[27] གོང་དང་མཚུངས། ཤ༤༤༨
རྩོམ་པ་པོ་ངོ་སྤྲོད།
སྒྲོལ་དཀར་ཚེ་རིང་། ཕ་ཡུལ་མདོ་སྨད་བླ་བྲང་གི་བསང་ཁོག་དངུལ་རྭ་ནས་ཡིན། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་རྒྱ་བོད་ལོ་ཙཱའི་སྐོར་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号