༄༅། །ཕྲད་ལ་སུན་སྣང་མ་སྐྱེ་ལོ་ཙཱ་བ།

རྩོམ་པ་པོ།:པད་མ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-27 08:35:37 ཀློག་གྲངས།:
       དེ་ཡང་ཚིག་ཕྲད་ཀྱི་བྱུང་བའི་ཐད་དུ། བརྡ་སྤྲོད་སྨྲ་བ་ལྕགས་ཐར་རྒྱལ་ལགས་ཀྱིས། “མིང་སྔ་ཕྱིའི་བར་དུ་རྟེན་འབྱུང་གི་འབྲེལ་བ་མཚོན་བྱེད་ལ་ཐོག་མར་ལག་བརྡ་སྦྱར་བ་རྣམས་བསལ་ཤུལ་དུ་མིང་དག་གི་ཆ་ཤས་ཕྱི་མ་རིང་དུ་བསྲིངས་པའི་སྒྲ་རེ་རེ་སྦྱར་བ་རྗེས་སུ་ཚིག་ཕྲད་དུ་ཆགས་པ”[1]ཞེས་གསུངས་པ་ལས་མ་འདས་ཤིང་། “ཚིག་ཕྲད་ཀྱི་ནུས་པས་མིང་སྔ་ཕྱིར་བསྒྲུབ་བྱ་སྒྲུབ་བྱེད་དང་། རྟེན་དང་བརྟེན་པ། ཆ་ཤས་གཙོ་ཕལ་སོགས་དོན་གྱི་དབྱེ་ཁྱད་ཕྱེ་སྟེ་བརྗོད་དོན་གསལ་བར་བྱེད་པ”[2]དང་། ཚིག་ཕྲད་ལ“ཚིག་དོན་སྔ་ཕྱི་མཚམས་སྦྱོར་བ་དང་ངལ་གསོའི་སྡོད་མཚམས་ཕྱེད་པ། ཚིག་གི་མཛེས་ཉམས་འབྱིན་པ”[3]སོགས་ཀྱི་ཡོན་ཏན་ལྡན་པས། རང་རེའི་བོད་སྐད་འདི“ཚིག་ཕྲད་ཀྱི་སྦྱོར་བ་བརྡ་སྤྲོད་ཀྱི་ཐབས་ལམ་གཙོ་བོར་བྱེད་པའི་སྐད་ཆ་ཞིག”[4]ཏུ་གྱུར། 
       སྤྱིར་ཚིགས་བཅད་སོགས་ཀྱི་རྩོམ་ལུས་ལ་ཚིག་ཕྲད་བསྡུས་ཚེ། རྐང་བ་རིང་ཐུང་དོ་མཉམ་པ། སྡེབ་སྦྱོར་ལེགས་པ། ཚིག་ཚགས་དམ་པ་སོགས་ཀྱི་ཁྱད་ཆོས་ཐོན་པས་རྒྱན་དུ་འགྲོ་མོད། འོན་ཀྱང་གསར་འགྱུར་ལྟ་བུའི་བརྗོད་དོན་མ་ནོར་བར་ཕ་རོལ་པོར་གསལ་པོར་བསྟན་དགོས་པའི་རྩོམ་ཡིག་ལྷུག་མའི་རིགས་ལ་དགོས་པ་ཁྱད་པར་ཅན་མེད་ན་ཚིག་ཕྲད་མ་བསྡུས་ན་བཟང་སྟེ། ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་དོན་གྱི་གོལ་ས་བསལ་ཐུབ་པ་མ་ཟད། ལྟ་མཁན་ནམ་ཉན་མཁན་གྱིས་བསྟན་དོན་ཚེགས་མེད་དུ་རྟོགས་པ་ལ་ཕན་ཐོགས་པས་ཀྱང་ངོ་། །འོན་ཀྱང་ལོ་ཙཱའི་བྱ་བར་འཇུག་པའི་ལས་དང་པོ་བ་སྐོར་ཞིག་ལོ་ཙཱའི་ཉམས་མྱོང་ནི་མེད། བསྟན་བཅོས་ཚད་ལྡན་བཀླགས་པའི་མྱོང་བས་ནི་དབེན། རང་གིས་མི་ཤེས་བཞིན་དུ་གཞན་ལ་འདྲི་བའི་གོམས་གཤིས་ནི་མེད་པས། ཚིག་ཕྲད་བསྡུས་པ་ལ་ཇི་མི་སྙམ་པར་རང་སྣང་སྐྱིད་པོའི་ངང་སྡོད་པ་ནི་འོས་མོ་ཞིག་ཏུ་མི་འདོད་དེ། འདིར་འབྲེལ་སྒྲ་དང་བྱེད་སྒྲ། ལ་དོན་བཅས་རིགས་གསུམ་དུ་བཀར་ནས་ཚིག་ཕྲད་བསྡུས་པའི་ཉེས་སྐྱོན་བཤད་པར་བྱའོ། །
གཅིག འབྲེལ་སྒྲ་བསྡུས་པའི་སྐྱོན།
       བོད་སྐད་ཀྱི་གོམས་སྲོལ་དང་བརྡ་སྤྲོད་ཀྱི་འགྲོ་ལུགས་ལྟར་ན། ཆོས་བརྗོད་ཀྱི་སྒྲ་སྔོན་དང་ཆོས་ཅན་བརྗོད་པའི་སྒྲ་རྗེས་སུ་ཡོད་དུས་དེ་གཉིས་ཀྱི་བར་དུ་འབྲེལ་སྒྲ་ཞིག་ངེས་པར་འཇོག་དགོས། སྔོན་གྱི་དུས་སུ་མཁས་པ་ཞིག་གིས་འདིའི་སྐོར་ལ་ཆེད་དུ་མ་སྦྱངས་ནའང་། ལོ་མང་པོའི་དཔེ་ཀློག་གི་མྱོང་བས་ཁོ་ལ་སྐད་ཆའི་ཚོར་བ་དྲག་པོ་ཞིག་ཆགས་སུ་བཅུག་ཡོད་པས། འབྲེལ་སྒྲ་མ་བཞག་ན་མི་འགྲིག་པའི་རྒྱུ་མཚན་ཤར་ཤར་དུ་བཤད་མི་ཐུབ་ནའང་། བློའི་གཏིང་ནས་མི་བདེ་བའི་ཚོར་བ་ཞིག་དབང་མེད་དུ་ཐོན་པ་དེ་ཕལ་ཆེར་མཁས་པ་ཀུན་ལ་འབྱུང་སྲིད་སྙམ། དེའི་དབང་གིས་ད་ལྟར་ང་ཚོས主席台དང咨询台ལྟ་བུ་རིམ་པ་ལྟར་ཀྲུའུ་ཞི་སྟེགས་བུ་དང་བློ་འདྲི་སྟེགས་བུ་ཞེས་སུ་བསྒྱུར་བ་ནི་མ་དག་སྟེ། ཡང་དག་པ་ནི་ཀྲུའུ་ཞིའི་སྟེགས་བུ་དང་བློ་འདྲིའི་སྟེགས་བུ་ཞེས་འབྲེལ་སྒྲ་སྦྱར་ན་འགྲིག འདི་དང་འདྲ་བར། 政务服务中心ལ་སྲིད་དོན་ཞབས་ཞུ་ལྟེ་གནས་མ་ཟེར་བར། སྲིད་དོན་ཞབས་ཞུའི་ལྟེ་གནས་ཞེས་བཤད་དགོས། ཡང་ལ་ལས政府工作报告ཞེས་པ། སྲིད་གཞུང་བྱ་བའི་སྙན་ཞུ། ཞེས་སྒྱུར་གྱིན་འདུག་མོད། སྲིད་གཞུང་དང་བྱ་བའི་བར་དུ་འབྲེལ་སྒྲ་ཞིག་མ་བཞག་ན། སྙན་ཞུ་འདིའི་མིང་ལ་སྲིད་གཞུང་ཟེར་བ་ཡིན་ནམ་སྙམ་པའི་དོགས་པ་ཞིག་སྐྱེས་པས། ཡང་དག་པ་ནི“སྲིད་གཞུང་གི་བྱ་བའི་སྙན་ཞུ”འོ། །
       འདི་ལྟར། རྒྱ་མཁར་ནས་ཐེ་བོ་བར་དང་རྒྱ་མཁར་ནས་ཐེ་བོའི་བར། ཟླ་བདུན་པའི་ཚེས་ལྔ་ཉིན་དང་ཟླ་བདུན་པའི་ཚེས་ལྔའི་ཉིན། ཨ་ཙི་ནད་དང་ཨེ་ཙིའི་ནད། ཅེས་པ་སོགས་ལས་སྔ་མ་རྣམས་མ་དག་སྟེ། འི་སྒྲ་བཞག་ཡོད་པའི་ཕྱི་མ་རྣམས་དག་གོ །
       2026ལོའི་ཟླ2པའི་ཚེས25ཉིན། བདེ་ཆེན་བོད་ཡིག་འཕྲིན་སྟེགས་སུ་ཁ་བྱང་ལ “ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་ས་གྲོལ་གླིང་ཁུལ་འཛུགས་སྐྲུན་ལ་བརྟག་ཞིབ་གནང”ཞེས་པའི་གསར་འགྱུར་ཞིག་བཀོད། འདིའི་སྐབས་ཀྱི་སེམས་ཀྱི་ཉི་ཟླ་ནི་རྫོང་ཞིག་གི་མིང་ཡིན། གལ་ཏེ“སེམས་ཀྱི་ཉི་ཟླ་ས་གྲོལ་གླིང་ཁུལ”ཞེས་པ“སེམས་ཀྱི་ཉི་ཟླའི་ས་གྲོལ་གླིང་ཁུལ”ཞེས་འི་སྒྲ་སྦྱར་ནས་བཀོད་པ་ཡིན་ན། བོད་སྐད་བརྡ་སྤྲོད་ཀྱི་ཆོས་ཉིད་དང་མཐུན་པ་མ་ཟད། མིང་དང་མིང་གི་མཚམས་ཀྱང་གསལ་བར་བྱས་ཡོད་པས། དོན་བདེ་བླག་ཏུ་རྟོགས་པ་ལ་སྟབས་བདེ་ཡང་བསྐྲུན་ཡོད། «ཚན་རིག་བརྡ་ཆད་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན»ཞེས་པའི་ཤོག་ངོས64པ་ན། Malus lawམ་ལུ་སི་ངེས་སྲོལ། ཞེས་བཀོད་ཡོད་པ་ལ་ནོར་བའི་ཆ་གཉིས་ཡོད་དེ། གཅིག་ཏུ། མ་ཡིག་དངོས་ནིMalus’s lawཡིན་ལ། འདིར་འབྲེལ་སྒྲའི་དོད་ཀྱི“s”ལུས་སོང་། གཉིས་སུ། དབྱིན་སྐད་ལའང་འབྲེལ་སྒྲ་ཡོད་པ་ལྟར། བོད་སྐད་དུ་བསྒྱུར་དུས་ཀྱང“མ་ལུ་སིའི་ངེས་སྲོལ”ཞེས་འབྲེལ་སྒྲའི་འི་སྦྱར་ན་འགྲིག།
       མཁས་པའི་དབང་པོ་དོར་ཞི་རིན་པོ་ཆེས་ཀྱང་། 中国共产党དང中国人民银行ལ་ཚང་མས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་དངུལ་ཁང་ཞེས་རྒྱ་སྐད་ཀྱི་ཡོང་སྟངས་ལྟར་ལོ་ཙཱ་བྱས་ཤིང་ད་ལྟ་རྒྱུན་འབྱམས་སུ་གྱུར་ཡོད། འདི་དག་བོད་སྐད་བརྡ་སྤྲོད་ཀྱི་ཆོས་ཉིད་དང་འགལ་བ་རེད། ངེས་པར་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་དངུལ་ཁང་ཞེས་སྒྱུར་བྱེད་སྐད་ཀྱི་བརྡ་སྤྲོད་ཆོས་ཉིད་ལྟར་ཡང་དག་པར་བསྒྱུར་དགོས། དབྱིན་ཡིག་ཏུ་བསྒྱུར་སྐབསofཞེས་འབྲེལ་སྒྲའི་ཕྲད་བཞག་འདུག གནད་དོན་འདི་དག་གི་འབྱུང་ཁུངས་མདོར་ན་བོད་སྐད་ཀྱི་བརྡ་སྤྲོད་སྟངས་མ་ཤེས་པའི་སྐྱོན་རེད”[5]ཅེས་གསལ་བོར་གསུངས་པ་ཤིན་ཏུ་བདེན་པས།  民主党ལའང་དམངས་གཙོ་ཏང་མི་ཟེར་བར། དམངས་གཙོའི་ཏང་ཟེར་དགོས་པ་ཤེས་པར་གྱིས་ཤིག
       2025ལོའི་ཟླ12པར་གྲོང་ཁྱེར་སྤོས་ལྡན་དུ་གསོ་རིག་ཞལ་ཐང་ཆེན་མོའི་འགྲེམ་སྟོན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོག་སྐབས། ཚོགས་འདུའི་མིང་ལ“ཀྲུང་གོ་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་འགྲེམ་སྟོན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ”ཞེས་ཚོགས་རའི་བརྙན་ཡོལ་ངོས་སུ་བྲིས་པ་དང་། ཡང་ཞལ་ཐང་ཆེན་མོའི་མདུན་ངོས་སུ། ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་བཞུགས་སོ་ཞེས་བྲིས་འདུག་པ་གཉིས་འབྲེལ་སྒྲ་ཡོད་མེད་མི་འདྲ་བས། སྐད་རིགས་གཅིག་ལ་བཤད་སྟངས་མི་མཐུན་པ་གཉིས་བྱུང་བ་འདི། རིག་གཞུང་ལ་གཟབ་ནན་མེད་པའི་ངན་རྟགས་སུ་འཁུམས་ཤིང་། གཞན་གྱིས་མཐོང་ན་གད་མོ་འཆོར་ཞིང་ཁོ་ཆད་པའི་རྒྱུ་རུ་འགྱུར་ཉེན་ཆེ་སྟེ། འི་སྒྲ་ཡོད་པའི་ཕྱི་མ་དེ་ཡང་དག་གོ །
གཉིས། ལ་དོན་བསྡུས་པའི་སྐྱོན།
       སྤྱིར་ལ་དོན་གྱི་ཕྲད་འདི་གང་འདོད་འདོད་དུ་བསྡུ་གཏན་ནས་མི་རུང་ལ། བསྡུས་ན་བསྟན་དོན་རྦད་དེ་འགྱུར་འགྲོ་སྟེ། དཔེར་ན་བྱ་བ་བཟང་པོ་སྒྲུབ་པ་དང་བྱ་བ་བཟང་པོར་སྒྲུབ་པ་ལྟ་བུ། སྔ་མ་ལྟར་ན་བཟང་པོ་དེ་བྱ་བ་རང་སྟེང་གི་ཁྱད་ཆོས་སུ་འགྲོ་ཞིང་། ཕྱི་མའི་བཟང་པོའི་རྗེས་སུ་ར་སྒྲ་སྟེ་ལ་དོན་གྱི་ཕྲད་ཡོད་པས་བྱ་བ་སྒྲུབ་སྟངས་སམ་སྒྲུབ་ཚུལ་བསྟན་པ་དང་། འདི་གཉིས་ཀའི་དོན་ཡེ་ནས་མི་འདྲ། རྒྱའི་སྐད་ལ་ཆ་བཞག་ན། སྔ་མ་ནི“办/好事”ཞེས་པའི་དོན་དང་། ཕྱི་མ་ནི“把事办好”ཞེས་པའི་དོན་ཡིན་པས་རྦད་དེ་ཁ་ཁ་རེད། དེས་རྐྱེན་ལ་དོན་གྱི་ཕྲད་འཇོག་མི་འཇོག་གི་ཐད་ཤིན་ཏུ་གཟབ་གཟབ་བྱ་དགོས་ཏེ། དར་ཆ་མཐོན་པོ་སྒྲེང་བ་དང་དར་ཆ་མཐོན་པོར་སྒྲེང་བ། བྱ་བ་ཡག་པོ་སྒྲུབ་པ་དང་བྱ་བ་ཡག་པོར་སྒྲུབ་པ། འདུ་ཤེས་བརྟན་པོ་འཛུགས་པ་དང་འདུ་ཤེས་བརྟན་པོར་འཛུགས་པ། བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ། ལྟ་བ་ཡང་དག་པ་འཛིན་པ་དང་ལྟ་བ་ཡང་དག་པར་འཛིན་པ་སོགས་ལ་ཁྱད་པར་ཆེ་བས། ལོ་ཙཱའམ་རྩོམ་འབྲི་སོགས་ཀྱི་སྐབས་སུ་སྤུ་རིས་འབྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན།
       དེ་བཞིན་དུ主流思想ལ་གཙོ་རྒྱུག་བསམ་བློ་མི་ཟེར་བར། གཙོར་རྒྱུག་བསམ་བློ་ཞེས་ལ་དོན་བསྡུ་མི་རུང་། 主流媒体ལ་གཙོ་རྒྱུག་སྨྱན་སྦྱོར་མི་ཟེར་བར། གཙོར་རྒྱུག་སྨྱན་སྦྱོར་ཟེར་བ། 主流舆论ལ་གཙོ་རྒྱུག་གླེང་ཕྱོགས་མི་ཟེར་བར། གཙོར་རྒྱུག་གླེང་ཕྱོགས་ཟེར་དགོས་པ་ལྟ་བུའོ། །ཡང་ད་ལྟ་དང་། ད་སྔ་དང་། ད་ཆ་ལྟ་བུ་ངག་ཐོག་ཏུ་ར་སྒྲ་གསལ་བོར་མི་ཐོན་ནའང་། སྒྲ་ཕྱི་མ་རིང་དུ་བསྐྱེད་པ་དེར་ལ་དོན་གྱི་ར་སྒྲའི་ནུས་པ་དོན་གྱིས་ཡོད་པས། ཡིག་ཐོག་ཏུ་ད་ལྟར་ད་སྔར་ད་ཆར་ཞེས་ལ་དོན་གྱི་ཕྲད་སྦྱར་ན་འགྲིག་སྙམ།
       “做人主要并不表现于做的什么事和做了多少事”ཞེས་པའི་ཚིག་འདི་བོད་སྐད་དུ། མི་བྱེད་པ་ལ་བྱ་བ་ཅི་ཞིག་བྱེད་པ་དང་བྱ་བ་ག་ཚོད་བྱས་ཟིན་པའི་སྟེང་ནས་གཙོ་བོ་མི་ལྟ། ཞེས་དང་། མི་བྱེད་པ་ལ་གཙོ་བོ་བྱ་བ་ཅི་ཞིག་བྱེད་པ་དང་བྱ་བ་ག་ཚོད་བྱས་ཟིན་པའི་སྟེང་ནས་གཙོ་བོར་མི་ལྟ། ཞེས་ལ་དོན་མ་བསྡུས་པའི་ཕྱི་མ་ལྟར་བསྒྱུར་ན་ལེགས་སོ། །
       འོན་ཀྱང“ངེས་པར་དུ”དང“ལྷག་པར་དུ”ཞེས་པ་ལྟ་བུའི་སྐབས་སུ། ངེས་པར་དང་ལྷག་པར་རང་སྟེང་ན་ར་སྒྲའི་ལ་དོན་ཡོད་པའི་ཕྱིར། དེའི་རྗེས་སུ་ད་དུང“དུ”ཞེས་པའི་ལ་དོན་གྱི་ཕྲད་ལྷག་མ་ཞིག་སྦྱར་བ་ནི། རྣམ་དབྱེའི་ཚིག་ཕྲད་གཉིས་བསྟུད་མར་སྦྱར་མི་རུང་བའི་རང་རེའི་བརྡ་སྤྲོད་པའི་ལུགས་དང་མི་མཐུན་པས་དག་པར་སྦྱོརད་ཅིག
གསུམ། བྱེད་སྒྲ་བསྡུས་པའི་སྐྱོན།
       འདིར་བཤད་པའི་བྱེད་སྒྲ་ནི་བྱེད་སྒྲ་དངོས་མིན་ཏེ། གཟུགས་དང་ཐོབ་ཐང་བྱེད་སྒྲ་དངོས་ལྟར་འགྲོ་ནའང་བརྡ་སྤྲོད་ཀྱི་བྱེད་ནུས་དང་བསྟན་བྱའི་དོན་གཉིས་བྱེད་སྒྲ་དངོས་དང་མི་འདྲ་བའི་བྱེད་སྒྲ་རྗེས་མཐུན་པ་ཞིག་ལ་བྱ། དཔེར་ན“科学种植”དང“生态种植”ལྟ་བུ། རྒྱ་སྐད་ཀྱི་བརྡ་སྤྲོད་པའི་སྒྲིག་གཞི་ལྟར་ན། 种植ནི་བྱ་བ་དང་། 科学དང生态ནི་བྱ་བའི་ཡུལ་རེད། འོན་ཀྱང科学དང生态གཉིས་ཀ་རྒྱའི་སྐད་དུ་དངོས་པོའི་མིང་དང་ཁྱད་ཆོས་ཀྱི་མིང་གཉི་གར་འཇུག་ནའང་། བརྗོད་བྱའི་དོན་གྱི་གཏན་ཚིགས་རང་བཞིན་ལ་བསམ་བློ་བཏང་བས་སྐབས་འདིར་ཁྱད་ཆོས་ཀྱི་དོན་ཁོ་ན་བླང་བར་བྱ། དེས་ན་ཚིག་འདི་གཉིས་བོད་སྐད་དུ་སྒྱུར་དུས། ཚན་རིག་འདེབས་འཛུགས་དང་སྐྱེ་ཁམས་འདེབས་འཛུགས། ཞེས་ཐད་ཀར་བརྗོད་ན། ཚན་རིག་དང་སྐྱེ་ཁམས་གཉིས་འབྲུ་རིགས་བཞིན་དུ་གདབ་བྱ་དང་གཟུགས་བྱའི་ཆོས་སུ་འགྱུར་བས་གོ་རྒྱུ་མེད་ལ། ཚན་རིག་གིས་འདེབས་འཛུགས། ཞེས་དང་། སྐྱེ་ཁམས་ཀྱིས་འདེབས་འཛུགས། ཞེས་བྱེད་སྒྲ་རྗེས་མཐུན་པ་རེ་སྦྱར་ཏེ་བརྗོད་ན་འགྲིག་པ་དང་། རྒྱ་བོད་སྐད་གཉིས་ལ་ཁྱད་པར་ཡོད་པས། རྒྱ་སྐད་དུ科学དང种植གཉིས་ཀའི་བར་དུ་ཚིག་ཕྲད་མ་བཞག་ནའང་དོན་གྱི་གོལ་ས་ངང་གིས་བསལ་འགྲོ། ཡིན་ཡང་བོད་སྐད་དུ་ཕྲད་མ་སྦྱར་ན་དགོད་བྲོ་བ་ཞིག་ཏུ་འགྱུར་འགྲོའོ། །ཁྱད་འདོན་གྱི་སྒྲ(状语)མཚོན་པ་ལ་བྱེད་སྒྲ་ལས་གཞན་ལ་དོན་གྱི་ཕྲད་རྣམས་དང་། ཚིག་གི་རྐྱེན “སྒོས”དང“ངང”སོགས་ཀྱང་ཡོད་པས། གོང་གི་ཚིག་འདི་ད་དུང་། ཚན་རིག་སྒོས་འདེབས་འཛུགས་སམ། ཚན་རིག་ངང་འདེབས་འཛུགས། ཚན་རིག་ཏུ་འདེབས་འཛུགས་སོགས་སུ་བརྗོད་ཀྱང་མི་ཆོག་པ་མེད། དེ་བཞིན་དུ智慧养殖ཞེས་པའང་འདི་དང་འདྲ་སྟེ་རིགས་བསྒྲེ་བར་བྱའོ། །ཡང温室种植ལྟ་བུའི་སྐབས་སུ། 温室ནི་གདབ་བྱའམ་གཟུགས་བྱ་མིན་ལ། འདེབས་འཛུགས་བྱེད་སྟངས་ཀྱང་མིན། འདེབས་འཛུགས་ཀྱི་གནས་བསྟན་པ་ཡིན་པས་ཚིག་ཧྲིལ་བོ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བར་གཏོགས་པས། དྲོད་ཁང་དུ་འདེབས་འཛུགས་བྱེད། ཅེས་བསྒྱུར་བ་ལས་འོས་མེད་དོ། །
       安全生产ཞེས་པ་འདི་གལ་ཏེ་བདེ་འཇགས་ཐོན་སྐྱེད་དུ་བསྒྱུར་ན། བདེ་འཇགས་ནི་ཐོན་སྐྱེད་བྱ་ཡུལ་ལས་ཐོན་སྐྱེད་བྱེད་སྟངས་མིན་པས། མ་ཡིག་གི་དོན་དང་མི་མཐུན་པའི་སྐྱོན་ཡོད། འོ་ན་ཇི་ལྟར་བསྒྱུར་དགོས་ཞེ་ན། ཡང་ན་བྱེད་སྒྲ་རྗེས་མཐུན་པ་སྦྱར་ཏེ། བདེ་འཇགས་ཀྱིས་ཐོན་སྐྱེད། ཅེས་བསྒྱུར་དགོས། ཡང་ན་བདེ་འཇགས་སྒོས་ཐོན་སྐྱེད། ཅེས་དང་། ཡང་ན་ཚིག་གི་གོ་རིམ་བརྗེས་ཏེ། ཐོན་སྐྱེད་བདེ་འཇགས་ཞེས་བསྒྱུར་དགོས་སོ། ། འདི་དང་འདྲ་བར། 统一规划ཞེས་པའང་། གཅིག་སྒྱུར་འཆར་འགོད་ཅེས་མི་བསྒྱུར་བར། གཅིག་སྒྱུར་གྱིས་འཆར་འགོད། ཅེས་དང་ཡང་ན། གཅིག་སྒྱུར་སྒོས་འཆར་འགོད་ཅེས་སུ་བསྒྱུར་བར་བྱའོ། །
       མདོར་ན། རྒྱ་སྐད་དུ་ཚིག་ཕྲད་བསྡུ་ཆོག་ན་བོད་སྐད་དུའང་བསྡུ་ཆོག་པའི་ངེས་པ་གཏན་ནས་མེད་པས། རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་ངོས་ཟིན་པའི་རྨང་གཞིའི་སྟེང་། དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་ན་ད་གཟོད་སྐད་ཡིག་གི་གསོན་ཤུགས་མི་ཉམས་ལ། རིག་གནས་ཀྱི་རྒྱུན་ཡང་བསྐྱང་ཐུབ་སེམས་སོ། །

ལུང་ཁུངས།
【1】【4】ལྕགས་ཐར་རྒྱལ། བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང་།(412,304)
【2】ལྕགས་ཐར་རྒྱལ། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད། (260)
【3】ལྕགས་ཐར་རྒྱལ། སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད། (73)
【5】ཚེ་རིང་རྒྱལ་ལོ། རིག་འཛིན། མཁས་པའི་དབང་པོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་གིས་རྒྱ་བོད་ལོ་ཙཱ་གླེང་བ།(4)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།