ནང་ཆེན་གྱི་གེར་མཛོ་རི་དང་གེར་མཚོ་ལ་མཇལ་བ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-31 08:40:28 ཀློག་གྲངས།:
       མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི2025ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུའི་འཇོན་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མི”རྣམ་གྲངས་ཀྱི་མཆོག་གྱུར་འཇོན་མི་གསོ་སྐྱོང་དང་། 2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པའི་ཡུལ་དངོས་བརྟག་དཔྱད་ཚོ་ཆུང་དེ་སྤྱི་ཟླ8པའི་ཚེས9ཉིན་གྱི་སྔ་དྲོར་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པའམ་རིག་གནས་མཁས་པ་ཕུན་ཚོགས་ཟླ་བའི་རོགས་རམ་དང་། ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨོ་རྒྱན་རྣམ་རྒྱལ་གྱི་བཀོད་སྒྲིག་ལྟར། ནང་ཆེན་རྫོང་གེ་སར་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་འགྲུབ་ཀྱི་ལམ་ཁྲིད་འོག །རྟ་རྣ་དགོན་ནས་ལམ་ལ་ཆས་ཏེ་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ལྔ་བཅུའི་སྟེང་དུ་ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོའི་རྨེ་སྨད་སྡེ་བའི་མངའ་ཁོངས་སུ་ཡོད་པའི་གེར་མཛོ་རི་དང་གེར་མཚོ་ཡོད་སར་ཐོན་ཞིང་། ཚོགས་གཙོ་རྡོ་རྗེ་ཚེ་འགྲུབ་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད་ཡུལ་དངོས་བརྟག་དཔྱད་ལེགས་པོ་བྱེད་ཐུབ་སོང་།
       གེར་མཛོ་རི་དང་གེར་མཚོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཡུལ་ཚོ་དང་ཀ་གཞུང་ཡུལ་ཚོའི་ས་མཚམས་བྱང་རྟ་རྣ་དགོན་པའི་རྒྱབ་ཕྱོགས་སུ་ཡོད་ཅིང་། གནས་རི་མཐོན་པོ་དེར་གེར་མཛོ་རི་ཞེས་འབོད་པ་དང་། འགྲམ་གྱི་མཚོ་མོ་དེར་གེར་མཚོ་ཞེས་འབོད་པར་གྲགས། དེ་སའི་གོ་ལའི་བྱང་གི་འཕྲེད་ཚད32°02′32″དང་། ཤར་གྱི་གཞུང་ཚད95°34′35″ཡི་མཚམས་ན་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི4970ཡིན།
       ཡུལ་དེའི་མང་ཚོགས་ཀྱིས་གེར་མཛོ་རི་དང་གེར་མཚོ་ཡོད་པའི་ཉག་ཁར་སྤྱི་ལོ2018ལོའི་ཟླ3པའི་ཚེས30ཉིན་ལ་རྡོ་རིང་ཞིག་བཙུགས་ཡོད། དེའི་སྟེང་དུ“རི་བོ་དཔངས་མཐོ་ཞིང་མཚོ་མདངས་གསལ་ལ། གནས་བདག་མཐུ་བཙན་ཞིང་ཡུལ་གཞིས་བཀོད་པ་ལེགས་པའི་ཟོ་དོར་གེར་འཛོ་རི་དབང་དང་། དེའི་མགུལ་རྒྱབ་ཏུ་ཡོད་པའི་མ་དྲོས་སྨན་གྱི་མཚོ་མོའི་འབྲེལ་མཚམས་སུ་རླངས་ཨ་མྱེ་བྱང་ཆུབ་འདྲེ་བཀོལ་དང་འཛམ་གླིང་གེ་སར་རྒྱལ་པོ་གཉིས་ཐོག་མར་མཇལ་འཕྲད་བྱུང་བ་སོགས«རླངས་ཀྱི་པོ་རི་བསེ་རུ་རྒྱས་པ»དང་། «གེ་སར་སྒྲུང་ཡིག»འདྲ་མིན་དང་། དམངས་ཁྲོད་ངག་རྒྱུན་སོགས་སུ་ལོ་རྒྱུས་ཀྱི་བཤད་པ་ཟབ་རྒྱས་ཤིག་ཡོད་ལ། ཁྱད་པར་ཅན་གྱི་རི་མཚོ་དེ་གཉིས་ནི་མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་རྨེ་གཞུང་ཡུལ་གྱི་ཤར་དབུས་སའི་གོ་ལའི་ཤར་གྱི་གཞུང་ཐིག59.67དང་། བྱང་གི་འཕྲེད་ཐིག31.93གྱི་ཐོག་དང་། ནང་ཆེན་རྫོང་ནས་སྤྱི་ལེ175ཡི་མཚམས་སུ་ཡོད་ལ། གེར་མཛོ་ལྷ་རྩེ་སྤུན་གསུམ་གྱི་རི་མགོར་མཚོ་རྩིས་མཐོ་ཚད་ལ་སྨི5500དང་། མ་དྲོས་སྨན་གྱི་མཚོ་མོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གཅིག་མ་ཟིན་ཙམ་ཡོད། ཅེས་རྨེ་རུ་ཚང་ནས།2018-3-30ལ།”ཞེས་བོད་ཡིག་དང་འོག་ཏུ་རྒྱ་ཡིག་གི་མཚམས་སྦྱོར་བརྐོས་ཡོད།
       གླིང་གི་དུས་སུ་ཡུལ་དེར་མུ་སྟེགས་པའི་ཆོས་ལུགས་འདྲ་མིན་དར་བ་དང་། མི་སེམས་དཀྲུགས་ཤིང་རི་སྡེ་འཁྲུག་པ་སོགས་རྐྱེན་ངན་པ་མང་པོ་བྱུང་བ། གླིང་ཡུལ་གྱི་མི་ནོར་གཡང་གསུམ་ལ་གནོད་པ་ཐེབས་པས། གླིང་རྗེ་གེ་སར་རྒྱལ་པོས་གླིང་ཡུལ་ལ་ལྷ་ཆོས་སྒྲུབ་པའི་བླ་ཞིག་བཞུགས་ན་བསམས་ནས། རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་གདན་འདྲེན་བྱས་པ་ལགས། «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»ལས“དེའི་དུས་སུ་གུ་རུ་པདྨའི་ཐུགས་སྤྲུལ་ལྷ་གཟིགས་རླངས་ཀྱི་གྲུབ་ཐོབ་ཆེན་པོ་ཨ་མྱེ་བྱང་ཆུབ་འདྲེ་བཀོལ་མཆོག །རྟ་རྣའི་གནས་ཀྱི་ཉེ་ལོགས་ལྕི་ཡི་གཡོ་ཁུའམ་དབྱུག་གུའི་ས་ཡི་ཆར། གནས་གཞི་ཆགས་ནས་བཞུགས་པ་ཉིད་གླིང་རྗེ་གེ་སར་རྒྱལ་པོས་རླངས་སྟོན་ཨ་མེས་བྱང་ཆུབ་འདྲེ་བཀོལ་ཐུན་མོང་མ་ཡིན་པའི་བླ་མར་བཀུར་པ་དང་། གླིང་ཡུལ་དུ་གདན་དྲངས་ནས་གླིང་དཔའ་རྟུལ་སོགས་གླིང་པ་རྣམས་ལ་དམ་པའི་ཆོས་ཀྱི་གདམས་པ་བསྩལ་བས། མཆོད་ཡོན་གྱི་བར་ལ་འབྲེལ་བ་ཆེས་ཟབ་མོར་གྱུར།”ཞེས་པ་བཞིན། ཐེངས་འདིར་ཡུལ་དངོས་བརྟག་དཔྱད་བྱེད་སའི་གནས་ཏེ། གེར་མཛོ་རི་དང་གེར་མཚོ་ནི་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་དང་གླིང་རྗེ་གེ་སར་རྒྱལ་པོ་མཆོད་ཡོན་རྣམ་གཉིས་མཇལ་འཕྲད་གནང་སའི་ཡུལ་དེ་ཡིན་པར་བཤད། «རླངས་ཀྱི་པོ་རི་བསེ་རུ་རྒྱས་པ»ལས། “དེ་ནས་གེར་མཚོའི་མགུལ་དུ་གླིང་རྗེ་གེ་སར་དང་ཞལ་མཇལ། གླིང་གེ་སར་གྱིས་སྲིན་གྱི་བེར་ནག་པོ་ཐོག་རྡུགས། སྲིན་རལ་ཁྲ་བོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས། མི་འཆི་ཚེ་ཡི་དབང་ཞིག་ཞུ། ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེད་ཀྱིས་བདག་གི་ལུས་སྐྱོབས་མཛོད། ཟེར་ནས་ཞུས་པས། ཁོང་གིས་ཁྱེད་འཆི་བའི་ལ་བབ་པ་ལ། རང་རེས་འབད་ཀྱང་ག་ལ་བརྟན། བདུད་ཀྱི་བར་ཆད་མི་འབྱུང་བ། རྣལ་འབྱོར་བདག་གིས་སྲུང་མ་བྱེད། ལོ་ནི་བརྒྱད་བཅུ་རྩ་བརྒྱད་བར། སྐྱེས་བུ་ཁྱེད་ཀྱི་ཚེ་ཚད་ཡིན།”ཞེས་གེར་མཚོ་ནས་མཇལ་འཕྲད་མཛད་པ་གསལ་བོར་བསྟན་འདུག །
       «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས་གླིང་གི་རྗེས་ཤུལ་ཁག་གི་ཐོག་མའི་རྟོག་ཞིབ»ལས། “དེ་ནས་རླངས་ཀྱི་པོ་ཏུ་བསེ་རུའི་བར་ཆ་ལས་ཨ་མེས་བྱང་ཆུབ་འདྲེ་བཀོལ་ཉིད་ལྷོ་ཕྱོགས་ཀོང་པོའི་ཡུལ་དུ་ཆས་པར་དགོངས་པ་ལ། མཁའ་འགྲོ་མས་ལུང་བསྟན་པ་ལྟར། ‘གྲུབ་པ་ཐོབ་པའི་སྐྱེས་བུ་ཁྱོད། །ཁྱོད་ཀྱི་གདུལ་བྱ་ཤར་ན་ཡོད། །ཤར་དུ་བྱོན་ན་དངོས་གྲུབ་ཡོང་། །’ཟེར་བ་ལྟར་ཤར་དུ་བྱོན་ཞེས་པའི་ཤར་ནི་དེང་སང་གི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་གེར་མཚོའི་མགུལ་དུ་གོ་དགོས”ཞེས་གེར་མཚོའི་ཡུལ་དུ་བྱོན་པ་གསལ། ཡང«རླངས་ཀྱི་པོ་རི་བསེ་རུ་རྒྱས་པ»ལས“གླིང་གི་གླིང་ཡུལ་གེར་མདོར་བྱོན་པ་དང་། གླིང་གི་རྒྱལ་པོ་གེ་སར་དེས། ཡོལ་གྱི་ཡོལ་སྟོད་དུ་ཕྱག་ཕབ་དང་། གླིང་རིང་གི་མི་ཚེ་དེར་འབུལ་བ་བྱེད་དུ་བྱུང་། ཁོང་གིས་ཐང་ཡིག་རིན་པོ་ཆེ་སྒྲོན་མ། ཁྲིམས་ཀྱི་དངུལ་མདུང་ཀེ་རུ། ཁྲིམས་དར། སློབ་དཔོན་པདྨའི་ཆོས་སྐོར། དབུ་ཞྭ། ན་བཟའ་སོགས་ཟང་ཟང་གི་འབུལ་བ་གྱ་ནོམ་པ་ཕུལ། སྤྱིར་བོད་ཡུལ་དང་། བྱེ་བྲག་གླིང་ཡུལ་གྱི་མི་ནོར་འཕེལ་བ་དང་། མི་ཕྱུགས་ལ་ནད་ཡམས་དང་གོད་ཆག་མི་འབྱུང་བའི་ཐུགས་བསྐྱེད་དང་སྨོན་ལམ་ཞུས། དེ་བཞིན་དུ། གླིང་གི་གཙོ་བོ་སུམ་ཅུ། དཔའ་ཐུལ་སུམ་ཅུ། སྟག་ཤར་སུམ་ཅུ། བླ་མཆོད་སུམ་ཅུ། མོ་བཙུན་རྣམས་ཀྱིས་འབུལ་བ་རེ་དང་ཞུ་བ་རེ་བྱས། གྲུབ་ཐུབ་ཆེན་པོའི་ཞལ་ནས། ཁ་བ་ཅན་ལ་གནོད་པའི་འདུལ་དགོས་ཅི་འདྲ་ཡོད། དབང་གིས་ཀྱང་བཀའ་དང་དབང་བསྐུར་ན། ཡོན་བདག་ཁྱེད་ཀྱིས་ཐུལ་ནས་ཡོང་། མི་དགེ་སྤོངས་དང་དགེ་བ་ཡོང་། སྙིང་རྗེ་སྒོམ་ན་ངས་ཀྱི་ཡོན་བྱམས་སེམས་ཡོང་། བླ་མ་སྒོམ་ན་བྱིན་རླབས་ཡོང་།”ཞེས་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་གེར་མཛོ་རི་བོའི་འདེབས་ཀྱི་གེར་མདོ་ཞེས་པའི་ས་ཆར་བྱོན་ནས་གླིང་རྗེ་གེ་སར་རྒྱལ་པོ་དང་མཇལ་འཕྲད་གནང་སྟེ། གླིང་རྗེ་གཙོ་བྱས་པའི་གླིང་གི་དཔའ་རྟུལ་རྣམས་ཀྱིས་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ལ་འབུལ་བ་གྱ་ནོམ་པ་ཕུལ་བ་དང་། རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་གྱིས་དགེ་སྡིག་བླང་དོར་དང་ཟབ་རྒྱས་ཀྱི་ཆོས་མང་དུ་ཞུས་པ་བརྗོད་ཡོད་དོ། །

མཆན།
༡ བློ་བཟང་ལྷུན་གྲུབ་རྡོ་རྗེ་སོགས་ཀྱིས་བསྒྲིགས། «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས» [M] (ཡུལ་ཤུལ་གླེགས་བམ)སྟོད་ཆ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2020:387-390
༢ བོད་ཡིག་དཔེ་རྙིང་རྩོམ་སྒྲིག་ཁང་། རླངས་ཀྱི་པོ་རི་བསེ་རུ་རྒྱས་པ།» [C] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986:56
༣ ཀརྨ་ཆོས་གྲུབ། «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས་གླིང་གི་རྗེས་ཤུལ་ཁག་གི་ཐོག་མའི་རྟོག་ཞིབ» [J] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2012(2):59-60
༤ བོད་ཡིག་དཔེ་རྙིང་རྩོམ་སྒྲིག་ཁང་། «རླངས་ཀྱི་པོ་རི་བསེ་རུ་རྒྱས་པ།» [C] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986:56-57
 
       དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་དང2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།