དུར་ལམ་ནས་ཐོན་པའི་རིག་དངོས་འདི་ཉིད་ཉམས་གསོ་བྱས་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2022-07-04 13:12:44
ཀློག་གྲངས།:

ཡོན་རྒྱལ་རབས་སྐབས་ཀྱི་ཕྱུ་པ།
ཟླ༦པའི་ཚེས༣༠ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིན་ཤས་གོང་དུ་གནའ་དཔྱད་ཞིབ་འཇུག་ཁང་དེས་ལོ་གཅིག་ལྷག་ཙམ་རིང་བོད་ཀྱི་འཁལ་འཐག་ཐོན་རྫས་ཀྱི་རིག་དངོས་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ལག་བསྟར་བྱས་པ་དང་འབྲེལ་ཞིབ་བཤེར་རྩིས་ལེན་ཡང་བྱས། ཐེངས་འདིའི་རྣམ་གྲངས་འདི་ཉིད་ཀྱི་སྲུང་སྐྱོང་བྱ་ཡུལ་ནི་ཐང་རྒྱལ་རབས་དུས་ཀྱི་གོས་འཐག་གྱོན་ཆས༨དང་ཡོན་རྒྱལ་རབས་དུས་ཀྱི་སྐྱིང་ཁབ༡ཡིན་ཞིང་། དེ་དག་ཚང་མ་མཚོ་སྔོན་གྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཙོ་གནད་བང་སོ་ལས་ཐོན་པའི་རིག་དངོས་རྩ་ཆེན་ཡིན་པ་དང་། དེའི་ནང་རིམ་པ་དང་པོའི་དངོས་རྫས༡དང་། རིམ་པ་གཉིས་པའི་དངོས་རྫས༡དང་། རིམ་པ་གསུམ་པའི་དངོས་རྫས༧བཅས་འདུས།

ཉམས་གསོ་བྱས་པའི་ཡོན་རྒྱལ་རབས་དུས་ཀྱི་ཕྱུ་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལས་གཞིར་གྱུར་པའི་ཐང་རྒྱལ་རབས་ཀྱི་འཐག་དངོས་ཚང་མ་མཚོ་སྔོན་དུར་ལམ་ཆུ་ཚའི་བང་སོའི་ཚོགས་ནས་ཐོན་ཞིང་། རིག་དངོས་འདི་དག་གི་རི་མོའི་རྣམ་པར་གསོན་ཉམས་ལྡན་པ་དང་། རི་མོ་རྩ་བའི་ཆ་ནས་ཆ་ཚང་བ། ཚོན་མདངས་རྣམ་པར་གསལ་བ་བཅས་ཀྱི་ཁྱད་ཆོས་ཡོད་པས། བོད་བཙན་པོའི་དུས་སྐབས་ཀྱི་དཔེ་མཚོན་རི་མོ་འབའ་ཞིག་ཡིན་པར་མ་ཟད། འདི་དག་ནི་ཐང་རྒྱལ་རབས་དང་བོད་བཙན་པོའི་དུས་སྐབས་ཀྱི་གོས་འཐག་བཟོ་རྩལ་དང་གནའ་བོའི་དར་གོས་ཚོང་ལམ་གྱི་རིག་གནས་སྤེལ་རེས་དང་། ཉོ་འཚོང་། ཤར་ནུབ་སྒྱུ་རྩལ་ཉམས་འགྱུར་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་རྩ་ཆེན་གྱི་གྲས་ཤིག་ཡིན། ཡོན་རྒྱལ་རབས་སྐབས་ཀྱི་སྐྱིང་ཁབ་ནི་མཚོ་སྔོན་གྱི་མཚོ་ཆུང་ཕྱུག་མོའི་བང་སོའི་ཚོགས་ནས་ཐོན་པ་དང་། དེའི་རྒྱུ་ཆ་གཙོ་བོ་ནི་དངུལ་སྐུད་ཀྱིས་མེ་ཏོག་གཙགས་པ་དང་། གོང་བ་དང་ཕུ་ཐུང་གི་ཁ་ཚང་མ་གསེར་སྐུད་བསྲེས་ནས་བཏགས་པས་མེ་ཏོག་མངོན་པར་བྱས་ཡོད། རིག་དངོས་འདི་ནི་མཚོ་སྔོན་ས་ཁུལ་ནས་ཐོག་མར་ཐོན་པ་ཞིག་ཡིན་ཞིང་། ཡོན་རྒྱལ་རབས་སྐབས་ཀྱི་གསེར་སྐུད་སྤྱད་པའི་འཁེལ་འཐག་ལག་རྩལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ལ། གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་ལོ་རྒྱུས་དང་སྤྱི་ཚོགས་འཚོ་བའི་གནས་ཚུལ་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞི་གལ་ཆེན་ཞིག་ཡིན།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་ལག་བསྟར་བྱེད་པའི་རིང་ལ་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་གི་ལག་རྩལ་ཚོགས་པས་སྲུང་སྐྱོང་ཉམས་གསོ་དང་ཞིབ་འཇུག་བྱ་གཞི་མཉམ་དུ་འཕེལ་རྒྱས་བཏང་ནས། དེང་རབས་ཚན་རྩལ་གྱི་བྱེད་ཐབས་གང་ལེགས་སྤྱད་ནས་འཐག་དངོས་ཀྱི་རྒྱུ་ཆ་དང་། ཚོས་རྒྱུ། འཁེལ་འཐག་བཟོ་རྩལ་སོགས་ལ་ཚན་རིག་དང་མཐུན་པའི་ཞིབ་དཔྱད་ཚད་འཇལ་དང་ཞིབ་འཇུག་གཏིང་ཟབ་བྱས་པ་རེད། དུས་མཚུངས་སུ་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་བཟུང་ནས། ས་རྡུལ་སེལ་ཐབས་ཀྱིས་གཙང་འཁྲུད་བྱེད་ཐབས་ཀྱི་ཚབ་བྱས་ཏེ་རིག་དངོས་ཀྱི་ཐོག་མའི་ཚོས་གཞི་ལ་སྲུང་སྐྱོང་ལེགས་པོ་བྱས་འདུག

ཡོན་རྒྱལ་རབས་ཀྱི་ཕྱུ་པ་སྙོམས་པོ་བྱེད་པའི་བརྒྱུད་རིམ།
ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་དང་ཉམས་གསོ་བྱས་པ་བརྒྱུད་དེ་རིག་དངོས་འདི་དག་གི་མཉེན་གཤིས་དང་ཤུགས་ཚད་ཇེ་ཆེར་ཕྱིན་པ་དང་། སླར་གསོ་གང་ལེགས་ཐུབ་སྟེ། རིས་དབྱིབས་གསལ་པོར་མངོན་པ་བཅས་ཀྱིས་ཡུན་རིང་ཉར་ཚགས་དང་། འགྲེམ་སྟོན། ཞིབ་འཇུག་བྱེད་པ་བཅས་ཀྱི་དགོས་མཁོ་སྐོང་ཐུབ་པར་གྱུར་ཡོད། རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱེད་པའི་རིང་ལ་ཆེད་མཁས་ཚོ་ཆུང་གིས་དཀའ་ཁག་དང་གནོན་ཤུགས་གདོང་གིས་བསུ་བཞིན་ཚན་རིག་ལག་རྩལ་ལ་བརྟེན་ནས་སྲུང་སྐྱོང་དང་ཉམས་གསོ་བྱས་པས། ཀུན་གྱིས་དེ་ཉིད་ཉམས་གསོ་བྱེད་པའི་ཕན་འབྲས་དག་རྒྱལ་ནང་གི་སྔོན་ཐོན་དུ་སླེབས་པར་ངོས་འཛིན་བྱེད་ཀྱིན་ཡོད།

ཉམས་གསོ་བྱས་པའི་ཐང་རྒྱལ་རབས་སྐབས་ཀྱི་སྐྱིང་ཁབ།
ཉེ་བའི་ལོ་ཤས་ཀྱི་རིང་ལ་མཚོ་སྔོན་ཞིང་ཆེན་གནའ་དཔྱད་ཞིབ་འཇུག་ཁང་གིས་བོད་ཀྱི་རིག་དངོས་སྲུང་སྐྱོང་གི་ཆེད་དོན་ལས་དོན་རྒྱུན་མཐུད་དེ་སྤེལ་བ་དང་། རིག་དངོས་རྩ་ཆེན་སྲུང་སྐྱོང་གི་རྣམ་གྲངས་སྣ་ཚོགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བོད་ཀྱི་རིག་དངོས་རྩ་ཆེན་དག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་དང་ཉར་ཚགས་ཡག་པོ་ཐུབ་པར་འགན་ལེན་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།