ཁ་བཏགས་ཞེས་པའི་ཐ་སྙད་ཀྱི་བྱུང་འཕེལ་ལ་དཔྱད་པ།

རྩོམ་པ་པོ།:སྟོབས་ལྡན་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-06-13 08:54:39 ཀློག་གྲངས།:
ནང་དོན་གནད་བསྡུས། རང་རེ་བོད་ལ་མཚོན་ན་ཁ་བཏགས་ནི་བྱེད་སྒོ་ཆེ་ཆུང་གང་གི་སྐབས་སུའང་མེད་དུ་མི་རུང་བའི་ཡོ་བྱད་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་འདིའི་བྱུང་འཕེལ་སྐོར་ལ་ད་དུང་བྱ་བརྒྱ་རྡོ་གཅིག་དང་མི་བརྒྱ་མགྲིན་གཅིག་གི་ལྟ་ཚུལ་ཞིག་བྱུང་མེད་དེ། ཁ་ཅིག་གིས་གཅན་གཟན་གྱི་པགས་པ་ལས་བྱུང་བར་འདོད་པ་དང་། ཁ་ཅིག་གིས་རྩམ་པ་ལས་བྱུང་བར་འདོད་པ་དང་། ཁ་ཅིག་གིས་རྨུ་ཐག་ལས་བྱུང་བར་འདོད་པ་དང་། ཁ་ཅིག་གིས་བལ་ལས་བྱུང་བར་འདོད་པ་དང་། ཡང་ཁ་ཅིག་གིས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་དངོས་པོ་ཞིག་མ་ཡིན་པར་རྒྱ་ནག་དང་སོག་པོ་ནས་བོད་དུ་དར་བར་འདོད་པ་སོགས་བཞེད་ཚུལ་སྣ་ཚོགས་པ་རྟ་མག་མོག་གི་སྤུ་ལྟར་རྣམ་གྲངས་མང་ཞིང་དབྱེ་བ་འབྱེད་དཀའ་བའི་ཚོད་དུ་གྱུར་ཡོད་པས་རྩོམ་ཡིག་འདིའི་ནང་དུ་དེའི་སྐོར་ལ་དཔྱད་པ་ཅུང་ཟད་བཏང་ཡོད།
བརྡ་ཆད་གཙོ་བོ། ཁ་བཏགས། དཀར་རྟགས། རྨུ་ཐག

དང་པོ། ཁ་བཏགས་ཀྱི་བྱུང་བ།
       གོང་དུ་བཤད་པའི་འདོད་ཚུལ་དེ་དག་རིམ་པར་བཀོད་དེ་དཔྱད་པ་ཅུང་ཟད་བཏང་ན། ཁ་ཅིག་གིས་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་གསར་དུ་བཅོས་པའི་འཁོས་སོ་དྲུག་གི་ཁྲིམས་ཀྱི་ནང་ཚན། དཔའ་ཚན་དྲུག་ལས་དཔའ་ལ་སྟག་གིས་བསྟོད་ཅེས་འབྱུང་བས་སྐབས་དེར་དཔའ་བོ་ལ་སྟག་ལྤགས་ཀྱིས་བསྟོད་པའི་སྲོལ་ཡོད་པ་ཤིན་ཏུ་གསལ་ཞིང་། ཕྱིས་དེ་ལ་འགྱུར་བ་བྱུང་སྟེ་ཁ་བཏགས་འབུལ་བའི་སྲོལ་བྱུང་བར་བཤད་མོད། དེ་ནི་ཅུང་འཐད་དཀའ་སྟེ་གཅིག་ཁ་བཏགས་དང་སྟག་ལྤགས་ཞེས་པའི་ཐ་སྙད་འདི་གཉིས་ཀྱི་སྒྲ་གདངས་ལ་ཁྱད་པར་ཤིན་ཏུ་ཆེ་བས་ཁ་བཏགས་ཀྱི་འབྱུང་ཁུངས་པགས་རིགས་ལ་གཏུགས་དཀའ་བ་དང་། གཉིས་ནས་ངོ་བོའི་ཐད་ནས་ཀྱང་པགས་རིགས་ནས་བལ་རིགས་སུ་འགྱུར་བར་ཆོས་ཉིད་ཀྱི་བར་ཐག་གིས་ཀྱང་ཤིན་ཏུ་བསྐལ་ཡོད།
       ཡང་ཁ་ཅིག་གིས་རྩམ་པ་ལས་བྱུང་བར་འདོད་དེ། གནའ་བོའི་ཡུལ་སྲོལ་དུ་ཁ་བ་ཅན་གྱི་མི་རྣམས་ཀྱིས་རྟེན་འབྲེལ་དང་ལྷག་བསམ་མཚོན་ཆེད་གྱོན་པའི་དཔུང་སྟེང་དུ་རྩམ་པའི་དཀར་རྟགས་ཤིག་རྒྱག་སྲོལ་ཡོད་ཅིང་། འབྲོག་ལས་དཔལ་འབྱོར་གོང་འཕེལ་དུ་སོང་བ་དང་ལྷན་དུ་ལུག་བལ་གྱིས་དཀར་རྟགས་ཀྱི་ཚབ་བྱས་ཏེ་རིམ་བཞིན་ཁ་བཏགས་སུ་འགྱུར་བར་བཤད། དེ་ནི་སྒྲ་གདངས་ཀྱི་ཆ་ནས་དཀར་རྟགས་དང་ཁ་བཏགས་གཉིས་ཅུང་ཉེ་མོད་སྔར་བཞིན་ངོ་བོའི་ཆ་ནས་དངོས་པོ་གཞན་ཞིག་ནས་གཞན་ཞིག་ཏུ་སྤོས་ཏེ་གཅིག་ཚབ་གཅིག་གིས་བྱས་ཡོད་པས་རྒྱུན་གཅིག་གི་སྟེང་ནས་ཁུངས་འདེད་བྱེད་མི་ཐུབ།
       ཡང་ཁ་ཅིག་གིས་རྨུ་ཐག་ལས་བྱུང་བར་བཤད་དེ། རྨུ་ཐག་ཅེས་པ་ནི་གནའ་བོའི་ཐ་སྙད་ཅིག་སྟེ་གནམ་སའི་བར་གྱི་ཐག་པ་སྟེ་ཐག་པ་དཀར་པོའི་སྐས་ཐེམ་ལྟ་བུ་ཞིག་ཡོད་པར་ངོས་འཛིན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི་རྨུ་ཐག་ཅེས་པ་དེ་བརྒྱུད་ནས་ལྷ་ཡུལ་ནས་མི་ཡུལ་ལ་བབས་པར་འདོད་ཅིང་། གནམ་གྱི་ཁྲི་བདུན་འདས་ཁར་ཡང་ལྷའི་རྨུ་ཐག་ལ་འཇུས་ནས་ལྷ་ཡུལ་ལ་གཤེགས་པར་བཤད། གཏམ་རྒྱུད་འདིས་བོད་སྤྱི་ཚོགས་སྟེང་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི་དུས་དེ་ནས་བཟུང་མི་རྣམས་ཀྱིས་སོ་སོའི་སེམས་ནང་དུ་རྨུ་ཐག་ཅེས་བྱ་བའི་ཡ་མཚན་པའི་ཐག་སྐས་དེ་ལ་འཇུས་ནས་ལྷ་ཡུལ་ལ་འགྲོ་ཐུབ་ན་སྙམ་པའི་རེ་བ་དང་ཕུགས་བསམ་བཅངས་མྱོང་ལ། དེ་རྗེས་རིམ་གྱིས་སྐུ་མགྲོན་གལ་ཆེན་དང་ནང་མི་གཉེན་ཉེ་སོགས་ཕར་སྐྱེལ་ཚུར་བསུའི་སྐབས་སུ་ལྷ་ཡུལ་ནས་མར་འོང་བ་དང་ཡང་ན་ཡར་ལྷ་ཡུལ་ལ་འགྲོ་བའི་རྟེན་འབྲེལ་མཚོན་བྱེད་དུ། ས་དཀར་དང་རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་རྒྱག་པའི་སྲོལ་དར་ཞིང་བར་སྐབས་ཤིག་ནས་བལ་དཀར་པོའི་སྐུད་པ་རེ་ཕྲག་སྟེང་དུ་འཐེན་པའམ་བཙེམ་པ་དང་། བལ་དཀར་པོ་རེ་སྟེར་བ་དང་བལ་འཐག་གྲུབ་བྱས་པ་མགུལ་དུ་འཐེན་པ་སོགས་བྱུང་བས་རིམ་གྱིས་ཁ་བཏགས་བྱུང་བར་བཤད་ཅིང་། ཉེ་རབས་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་དཔལ་མཁར་རྒྱལ་གྱིས་ཀྱང་ཁ་བཏགས་ཀྱི་འབྱུང་ཁུངས་རྨུ་ཐག་དང་འབྲེལ་བར་བཤད།
       ཡང་ཁ་ཅིག་གིས་སྔར་རྒྱལ་པོ་སྤུ་དེ་གུང་རྒྱལ་གྱི་སྐབས་སུ་འཕྲུལ་གཅེན་བལ་ཐོད་ཅན་ཞེས་བོང་བུའི་རྣ་བ་ཅན་གྱི་གཤེན་གྱི་གདུང་རྒྱུད་བྱིས་པ་ཞིག་གིས་བོང་བུའི་རྣ་བ་སྒྲིབ་བྱེད་དུ་བལ་གྱི་ལ་ཐོད་བཅིངས་པར་གྲགས་ཤིང་ཕྱིས་སུ་ལོ་སར་སོགས་ཀྱི་སྐབས་སུ་བོན་གཅེན་ལ་ཐོད་ཅན་ལ་རྗེས་དྲན་བྱེད་ཆེད་ཆུ་སྣོད་སོགས་ལ་བལ་དཀར་གྱིས་དཀྲི་སྲོལ་ཡོད་པ་ལས་རིམ་གྱིས་ཁ་བཏགས་བྱུང་བར་བཤད། གོང་གི་ཁ་བཏགས་ཀྱི་འབྱུང་ཁུངས་བཤད་པའི་གཏམ་རྒྱུད་དེ་གཉིས་ནི་གཏམ་རྒྱུད་ཀྱི་སྒྲིག་གཞི་མ་འདྲ་བ་ཙམ་ལས་གཉིས་ཀའི་གང་ལ་མཚོན་ནའང་ཁ་བཏགས་ཀྱི་འབྱུང་ཁུངས་བལ་དཀར་ལ་གཏུགས་ཡོད་པའི་ཆ་ནས་ཧ་ཅང་འདྲ།
གཉིས་པ། ཁ་བཏགས་ཞེས་པའི་མིང་དང་ཁ་བཏགས་བྱུང་འཕེལ་བར་གྱི་འབྲེལ་བ།
       གནའ་སྔ་མོ་ནས་བཟུང་བོད་ཀྱི་འཚོ་བའི་ཁྲོད་དུ་དོན་བྱ་ཆེ་ཆུང་གང་ཞིག་བསྒྲུབ་ཏུ་འགྲོ་སྐབས་ཕ་མ་དང་ཤ་ཉེ་སྤུན་མཆེད་སོགས་འགྲོ་བ་པོའི་ལུས་སྟེང་དང་བཞོན་རྟ་སོགས་ཀྱི་སྟེང་དུ་བལ་འདོགས་སྲོལ་ཡོད་པར་མ་ཟད་ལོ་སར་སོགས་དགའ་སྟོན་གྱི་སྐབས་སུ་ལེགས་སྐྱེས་ཀྱི་སྟེང་ལ་བལ་བཏགས་ནས་སྟེར་སྲོལ་ཡོད། དེ་མིན་ད་དུང་ལབ་ཙེ་སྟོད་སྐབས་མདའ་དང་ཕོ་ཐོང་སོགས་ཀྱི་སྟེང་དུ་ཡང་བལ་དཀར་འདོགས་སྲོལ་ཡོད། དེ་ནི་སྒྲ་མཐུན་དོན་མཐུན་དུ་སྦྱར་ཏེ་སེམས་ཀྱི་རེ་སྨོན་མཚོན་པ་ཞིག་སྟེ། དཔེར་ན་ཤུག་པ་མིན་ཕྱུག་པོ་ཡིན། སྟག་པ་མིན་རྟག་པ་ཡིན་ཞེས་སྦྲ་འདབ་དང་སྦྲ་ལྟག་གི་ཤིང་སྟག་པ་དང་ཤུག་པའི་ཕུར་བ་གཉིས་སྒྲ་དོན་མཐུན་པར་སྦྱོར་བ་དང་། ཁམས་བདེ་འདྲི་བར་ཁམ་བུ་སྐུར་བ་དང་། སྔོན་གཡུལ་སོགས་སུ་ཞུགས་སྐབས་རྟ་རྒྱབ་ལ་རྩྭ་ཕུང་བཀལ་ཏེ་དགྲ་ཕྱོགས་སུ་གཏོང་སྲོལ་ཡོད་ཅིང་། དེ་ཡང་སྒྲ་མཐུན་དོན་མཐུན་དུ་སྦྱོར་བ་སྟེ། ཁྱོད་ཐལ་བར་བརླག་རྒྱུ་སྩ་མོ(སླ་མོ)ཡིན་ཞེས་འཇིགས་སྐུལ་བྱེད་པ་མཚོན་པ་དང་། དེ་དང་ཆ་མཚུངས་པར་གོང་དུ་བཤད་མ་ཐག་པའི་བལ་འདོགས་པའི་སྲོལ་དེ་ཡང་སྒྲ་མཐུན་དོན་མཐུན་དུ་སྦྱར་བའི་རྟེན་འབྲེལ་གྱི་ཆོ་ག་ཞིག་སྟེ། བལ་བཏགས་པ་དེས་ཁྱོད་ཀྱིས་དོན་བྱ་ཚང་མ“བ་ངེས”(འགྲུབ་ངེས)ཞེས་ཁ་གཡང་དང་སྨོན་འདུན་ཞུས་པ་མཚོན་པ་ཡིན། ད་ལྟའི་དུས་སུའང་ཡུལ་ལུང་མང་པོར་ཤ་ཆང་དང་གོ་རེ་སོགས་ཀྱི་སྟེང་དུ་བལ་དཀར་བཏགས་ནས་ལོ་སར་ལེགས་སྐྱེས་སུ་སྟེར་བའི་སྲོལ་ད་དུང་མ་ཉམས་པར་གནས་ཡོད་པ་འདིས་ཁ་བཏགས་ཀྱི་འབྱུང་ཁུངས་བལ་ཡིན་པ་བདེན་དཔང་བྱེད་ཐུབ་པར་མ་ཟད་ཁ་བཏགས་ཞེས་པའི་མིང་ཡང་ཇི་ལྟར་ཐོགས་པ་ར་སྤྲོད་ནུས་ཏེ་ལེགས་སྐྱེས་སོགས་ཀྱི་སྟེང་དུ་འཇོག་པའམ་ཁ་འདོགས་སུ་བྱེད་པས་ཁ་བཏགས་ཞེས་པའི་མིང་བྱུང་ཞིང་། ཐོག་མའི་དུས་ཀྱི་བལ་དཀར་འདོགས་ལུགས་དེ་དར་གོས་བྱུང་བ་དང་བལ་ཚབ་དར་གྱིས་བྱེད་པའི་དུས་རབས་སུ་འགྱུར་བ་དང་། རིམ་གྱིས་དར་ཞེས་པའི་ཐ་སྙད་དང་དར་ཞིང་རྒྱས་པའི་དར་གཉིས་སྒྲ་མཐུན་དོན་མཐུན་དུ་སྦྱར་ཏེ་ཁ་དར་ཞེས་པའི་ཐ་སྙད་ཀྱང་བྱུང་བར་སྙམ་མོ། །

དཔྱད་གཞིའི་ཡིག་ཆ།
༡ ཟམ་ཚ་ཚེ་རིང་དོན་གྲུབ། «དཔྱད་རྩོམ་ཡིག་བརྒྱ་མ» [M] མི་རིགས་དཔེ་སྐྲུན་ཁང་། 2021
༢ བསྟན་པའི་སྒྲོན་མེ། «བོད་ཀྱི་དམངས་སྲོལ་གཅེས་བསྡུས» [G] མི་རིགས་དཔེ་སྐྲུན་ཁང་། 1999
༣ ཤར་ཡུལ་ཕུན་ཚོགས་ཚེ་རིང་། «བོད་ཀྱི་གནའ་ཡི་ཡུལ་སྲོལ་བཟང་པོ་ཁ་བཏགས་སམ་མཇལ་དར་གྱི་སྐོར་རགས་ཙམ་གླེང་པ» 2022
༤ བིས་མདོ་རྡོ་རྗེ་རིན་ཆེན། «ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང» མི་རིགས་དཔེ་སྐྲུན་ཁང་། 1999
༥ མཁར་རྨེའུ་བསམ་གཏན། «བོད་ཀྱི་ཀླུང་རྟ་འཛུགས་པའི་སྲོལ་ལ་དཔྱད་པ» [J] བོད་ལྗོངས་ཞིབ་འཇུག 2003
༦ དུང་དཀར་བློ་བཟང་འཕྲིན་ལས། «དུང་དཀར་ཚིག་མཛོད་ཆེན་མོ» [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2002
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།